Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
དབང་གི་མཚམས་སྦྱོར་སྐལ་བཟང་རྣ་བའི་བདུད་རྩི་ནགས་རྟ་མདོ་སྡེས་མཛད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདབང་གི་མཚམས་སྦྱོར་སྐལ་བཟང་རྣ་བའི་བདུད་རྩི་ནགས་རྟ་མདོ་སྡེས་མཛད་པ།next

དབང་གི་མཚམས་སྦྱོར་སྐལ་བཟང་རྣ་བའི་བདུད་རྩི་ནགས་རྟ་མདོ་སྡེས་མཛད་པ།

༄༅།ཟབ་གཏེར་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཟླ་གཞོན་སྤྲིན་བྲལ་གྱི་དབང་གི་མཚམས་སྦྱོར་སྐལ་བཟང་རྣ་བའི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །

ན་མོ་ལོ་ཀི་ཤྭ་ར་ཡེཿ རྨད་བྱུང་བརྩེ་ཆེན་ཐུགས་རྗེ་མཆོག་གི་གྲུས། །ཡུན་རིང་སྲིད་མཚོར་དུབ་པའི་འགྲོ་བ་རྣམས། །ཐར་བ་རིན་ཆེན་གླིང་དུ་འདྲེན་མཛད་པའི། །དེད་དཔོན་མཚུངས་མེད་ཕྱག་ན་པདྨོས་སྐྱོངས། །ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །རྔ་ཡབ་རིག་འཛིན་པདྨ་འབྱུང་གནས་དང་། །རྣམ་གསུམ་དབྱེར་མེད་དྲིན་ཆེན་བླ་མ་རྗེ། །བྱང་ཆུབ་བར་དུ་འབྲལ་མེད་སྤྱི་བོས་མཆོད། །རིག་འཛིན་གྲུབ་མཆོག་ལུང་རིག་གླིང་པ་ཡི། །དག་སྣང་ཟབ་ཆོས་འཕགས་མཆོག་ཐུགས་ཆེན་གྱི། །བྱིན་རླབས་དབང་གི་མཚམས་སྦྱོར་ལྷའི་རོལ་མོ། །སྐལ་བཟང་རྣ་བའི་དཔྱིད་དུ་འདི་ན་སྒྲོགས། །དེ་ལ་འདིར་རིག་འཛིན་མཆོག་སྤྲུལ་ལུང་རིག་གླིང་བའི་དག་སྣང་དགོངས་པའི་གཏེར་མཛོད་ཟབ་མོའི་ཆོས་སྡེ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དབང་གི་མཚམས་སྦྱོར་གྱི་རིམ་པ་ནི། ཐོག་མར་བདག་མདུན་བུམ་པ་སོགས་དཀྱིལ་འཁོར་སྒྲུབ་མཆོད་བཟླས་པ་དང་བཅས་པས་ནུས་ལྡན་དུ་བསྒྲུབ་ཅིང་བདག་འཇུག་ལེན་པ་རྣམས་རང་གཞུང་བཞིན་བྱས་ལ། སྐབས་འདིར་ལས་བུམ་བསྒྲུབ་པ་ནི། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ལས་ཀྱི་བུམ་པ་ཐར་བ་ཆེན་པོའི་གཞལ་མེད་ཁང་གི་ནང་དུ་པད་ཉི་བམ་རོའི་གདན་ལ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྒྱལ་པོ་རྟ་མཆོག་ཧེ་རུ་ཀ་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་པདྨ་དཀར་པོ་དང་། གཡོན་ཞགས་པ་འཛིན་པ་ཞབས་གཉིས་དོར་སྟབས་ཀྱིས་འགྱིངས་བ་ཐོད་ཕྲེང་སྦྲུལ་ཆུན་སྟག་ཤམས་སོགས་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྗིད་པའི་སྐུར་གསལ་བའི་སྐུར་གྱུར་པའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བུམ་ལྷའི་རྣམ་པར་སྤྱན་དྲངས། བཛྲ་ས་མ་ཡཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཨ་ཏི་པུ་ཧོ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ནས་ཤཔྟ་སྭཱ་ཧཱ༔ས་མཆོད་ཅིང་། ཧཱུྃ༔ ཆགས་མེད་སྐྱོན་བྲལ་སོགས་ཀྱིས་བསྟོད་ནས། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་ལྷའི་ཐུགས་དམ་རྒྱུད་བསྐུལ་ནས། །སྔགས་ཕྲེང་སྐུ་ལས་དག་བྱེད་བདུད་རྩིའི་རྒྱུན། །བབས་ཏེ་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་ལས་མི་ཉུང་བར་བཟླས་མཐར། མཆོད་བསྟོད་སྔར་བཞིན་བྱས་ལ། བུམ་ལྷ་འོད་ཞུ་བརྟན་བཞུགས་གང་རུང་བྱ། དེ་ནས་བགེགས་གཏོར་གུལ་ཡུངས་འཐོར་ནས། མིག་རས་མེ་ཏོག་སོགས་འདུ་བྱས་ལ། སློབ་མ་རྣམས་མདུན་དུ་འཁོད་པ་ལ། ཐོག་མར་ཁྲུས་བྱ་བ་ནི། ལས་བུམ་ཐོག་ལ། འོ་ངེད་ཀྱི་ཕྱག་ན་ཐོག་པའི་བུམ་པ་ལས་དག་བྱེད་ཡེ་ཤེས་བདུད་རྩིའི་རྒྱུན་བབས་ཏེ་ཁྱེད་རང་རྣམས་ཀྱི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བཀྲུ་བཤལ་མཁས་པའི་བྱེད་ལས་བཞིན་སངས་ཀྱིས་དག་པའི་མོས་པ་མཛོད། །ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བགྱིའོ། །ཡིག་བརྒྱ་ཚར་གསུམ་དང་། སྡིག་པ་དང་སྒྲིབ་པ་ཐམས་ཅད་སརྦ་པ་པཾ་དཱ་ཧ་ན་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད། དེ་ནས་བགེགས་གཏོར་བྱིན་རླབས་ནི། ལས་ཆུས་འཐོར་དེ། ཨོཾ་བཛྲ་ཀྲོ་ཏ་སོགས་ལས་སྔགས་ཀྱིས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་སོགས་སྤྱི་ལྟར་བརླབས་ལ། ཨོཾ་ཨཱ༔ཧཱུྃ། སརྦ་བྷུ་ཏ་ཨ་ཀརྴ་ཡ་ཛཿ ཨོཾ་སརྦ་བིགྷྣཾ་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་གསུམ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་འགྱུར་བ་མེད་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་ཡི་དམ་འཕགས་མཆོག་ཐུགས་རྗེ་ཆེན་པོ། སྐྱེས་མཆོག་ཐུབ་པ་དྲུག སྒོ་བསྲུང་ལྷ་མོ་བཞི་སོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པའི་མཐུས། དེང་འདིར་རྡོ་རྗེ་སློབ་མ་འདི་དག་གིས་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུ་བ་ལ་བར་དུ་གཅོད་པའི་གདོན་བགེགས་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་ལ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་གཏོར་མ་འདི་སྦྱིན་པ་ཡིན་པས་མགུ་ཞིང་ཚིམ་པར་གྱིས་ལ་ས་ཡི་ཕྱོགས་འདིར་མ་འདུག་པར་གཞན་དུ་དེངས་ཤིག གལ་ཏེ་མི་འགྲོ་ན་ཁྲོ་མཚོན་མེ་དཔུང་གི་ཚོགས་དཔག་ཏུ་མེད་པས་རྡུལ་ཕྲན་བཞིན་བརླག་པར་གདོན་མི་ཟའོ། །ཧཱུྃ་བཞིའི་དྲག་སྔགས་དང་ཡུངས་ཐུན། རོལ་མོ་སོགས་ཀྱིས་བསྐྲད་པར་བྱའོ། །བགེགས་ཚོགས་ལོག་པར་འདྲེན་པ་ཐམས་ཅད་ཕྱིར་བསྐྲད། ཁྲོ་མཚོན་མེ་དཔུང་གི་ཚོགས་རྣམས་ཚུར་འདུས་པ་ལས་བསྲུང་བའི་འཁོར་ལོ་ར་བ་སུམ་རིམ་གྱིས་ཡོངས་སུ་བསྐོར་བས་ཅིས་ཀྱང་མི་ཤིག་པར་གྱུར་པའི་མོས་པ་མཛོད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊཿ ལན་གསུམ། ཨོཾ་བཛྲ་རཏྣ་སིདྡྷི་པུཥྤེ་ཏྲཾཿ འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་ཀུན་མཆོག་ལྡན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་མྱུར་ལམ་སྔགས་ཀྱི་དབང་བསྐུར་ཟབ་མོ་ཞུ་བསམ་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་སོགས་ཆོས་གསན་པའི་ཀུན་སློང་དང་། ཀུན་སྤྱོད་ཀྱི་རིམ་པ་རྣམས་མདོ་རྒྱུད་བསྟན་བཅོས་རྣམས་ནས་ཇི་སྐད་གསུངས་པ་བཞིན་གསལ་བཏབ་སྟེ། སྤང་བླང་མ་འཛོལ་བའི་ངང་ནས་ལེགས་པར་གསན་འཚལ། དེ་ཡང་རང་ཅག་རྣམས་ཀྱིས་ཆོས་བསྒྲུབ་པ་ལ་རྟེན་ཕུན་སུམ་ཚོགས་པ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ལྟ་བུ་ཐོབ། མཚན་ལྡན་བླ་མ་དམ་པས་རྗེས་སུ་བཟུང་། གདམས་ངག་ཟབ་མོ་ལ་ལོངས་སུ་སྤྱོད་པའི་སྐལ་བ་དང་ལྡན་པ་ནི་སྔོན་བསགས་རྣམ་དཀར་གྱི་བསོད་ནམས་དཔག་ཏུ་མེད་པའི་མཐུས་གྲུབ་པ་ཡིན་པས། ད་རེས་དོན་ཆེན་དམ་པའི་ལྷ་ཆོས་འགྲུབ་རུང་དུ་ཡོད་པའི་དུས་འདིར། མནོག་ཆུང་ཚེ་འདིའི་བྱ་བས་མི་གཡེང་བར། གཏན་གྱི་འདུན་མ་ཐར་བའི་གོ་འཕང་བསྒྲུབ་པ་ལ་མྱུར་དུ་འབད་དགོས་པའི་ཚུལ་ནི། རྒྱལ་སྲས་ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཞེས་གསུངས་པ་ལྟར་མྱུར་དུ་ཆོས་ཕྱིར་མ་འབད་ན་ཚེ་འདི་གློ་བུར་བ་ཡིན་པས་དེ་རིང་ཙམ་ནས་མི་འཆི་བའི་གདེངས་ནི་མེད། འཆི་དུས་དམ་པའི་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན། ལས་འབྲས་བསླུ་བ་མེད་པ་ཡིན་པས་དགེ་བསྒྲུབ་སྡིག་སྤང་ལ་བརྩོན་ནས་ཕྱི་མར་སྐྲག་མི་དགོས་པ་རེ་ཅི་ནས་ཀྱང་བྱེད་དགོས། འཁོར་བའི་གནས་འདི་ཐམས་ཅད་ནི་སྡུག་བསྔལ་གྱི་རང་བཞིན། མེ་མ་མུར་གྱི་འོབས། སྲིན་མོའི་གླིང་། དུག་སྦྲུལ་གྱི་གསེབ་ལྟ་བུ་ཡིན་པས་དེ་ལས་ཐར་བའི་ཐབས་ནི་དམ་པའི་ཆོས་ཁོ་ན་ལས་གཞན་གང་ཡང་མ་མཆིས། དེ་ལའང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེས་གདུལ་བྱའི་ཁམས་དབང་དང་བསམ་པའི་ཁྱད་པར་དུ་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པས། དེ་ཐམས་ཅད་བསྡུ་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་ལ། དེ་ལ་ཡང་རྒྱུའི་ཐེག་པ་ལས་ཁྱད་པར་དུ་མའི་སྒོ་ནས་འཕགས་པ་གསང་སྔགས་ཀྱི་ཐེག་པ་ཉིད་ཡིན་ལ། དེ་ལའང་བཀའ་གཏེར་དག་སྣང་གི་སྲོལ་ཁ་གསུམ་ལས་འདི་ནི་ཕྱི་མ་ཉིད་ཡིན་ཏེ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པ་གཅིག་ཏུ་འདུས་པའི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད་ཀྱིས་སྔོན་གྱི་དུས་སུ་རྗེ་འབངས་གྲོགས་ཀྱི་ཚོམ་བུ་སོགས་སྐལ་ལྡན་དག་པའི་འཁོར་རྣམས་ལ་སྨིན་གྲོལ་གྱི་རིམ་པ། གདམས་ངག་སྣ་རེས་གང་ཟག་རེ་གྲོལ་བར་ནུས་པའི་ཟབ་ཁྱད་བླ་ན་མེད་པའི་ཆོས་སྡེ་དཔག་ཏུ་མེད་པ་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར་གཏད་རྒྱ་དང་བཅས་གནང་སྟེ་རང་སྐལ་དང་འཚམས་པའི་གྲུབ་འབྲས་མངོན་དུ་གྱུར་བར་མཛད། ཁྱད་པར་དུ་ཡང་ཟབ་ཆོས་པདྨའི་ཐུགས་བཅུད་རྣམས་ཌཱཀྐིའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་སོགས་རིག་པ་འཛིན་པ་དེ་དག་གི་དགོངས་པའི་ཀློང་དུ་མི་ཤིག་པའི་རྒྱས་བཏབ་ཏེ། སླར་ཡང་གདུལ་བྱའི་དོན་དུ་སྤྲུལ་པའི་རྣམ་རོལ་མཐའ་ཡས་པར་བསྟན་པ་ལས་འདིར་ནི་ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་ལུང་བྱང་ལས། རྡོ་རྗེ་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ བྱའམ་ཁྱི་ཡི་ལོ་པ་གསང་སྨེ་ཅན༔ རྒྱལ་གྱི་མིང་ཅན་མདོ་ཁམས་སྨད་ནས་འབྱུང༔ ཞེས་དང་། ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ལུང་བསྟན་དུས་གསུམ་གསལ་བྱེད་ལས། མཚོ་རྒྱལ་སྤྲུལ་པ་རྒྱལ་གྱི་མིང་འཛིན་པ༔ གཡུ་རོང་ཕྱོགས་སུ་ངེས་འབྱུང་ལྡན་པ་འབྱུང༔ ཅེས་དང་། གྲུབ་དབང་རྫོགས་ཆེན་པའི་ལུང་བསྟན་ལས། སློབ་དཔོན་པད་འབྱུང་སློབ་མ་རྗེ་འབངས་གྲལ། །ཉེར་ལྔའི་ནང་ཚན་དཔལ་གྱི་དབང་ཕྱུག་མཚན། །རྡོ་རྗེ་ཕུར་པའི་གྲུབ་ཐོབ་སྟོབས་ནུས་ཅན། །འཁོན་ཆེན་ཀླུ་ཡི་དབང་པོ་ཉི་མ་གྲགས། །སྤྲུལ་པའི་ཆ་ཤས་ལུས་སྨིན་ཚུལ་ཁྲིམས་བསྲུང་། །སེམས་སྨིན་རིག་པའི་ཡེ་ཤེས་སྒྲོན་མེ་སྦར། །མ་རིག་མུན་པའི་སྨག་རུམ་བསལ་བར་བྱས། །ཞེས་དང་། རང་གཞུང་ལས། མི་བརྗེད་གཟུངས་ཐོབ་མཚོ་རྒྱལ་མས༔ ཟབ་དོན་སྙིང་གི་སྒྲོམ་དུ་སྦས༔ མ་འོངས་ཁྱོད་ཀྱི་སྤྲུལ་པ་འགས༔ སྙིགས་དུས་འགྲོ་བའི་དོན་མཛད་ཚེ༔ ཕྲིན་ལས་སྤྲུལ་པ་རྒྱལ་གྱི་མིང༔ མ་ངེས་སྤྱོད་འཆང་བྱང་ཆུབ་སེམས༔ ལས་ལྡན་དེ་དང་འཕྲད་པ་རུ༔ སྨོན་ལམ་རྒྱས་ཐོབ་སྐལ་ལྡན་དེས༔ བསྟན་འཛིན་སྐུ་ཚེ་བསྲིང་བ་དང༔ འབྲེལ་ཚད་དོན་དང་ལྡན་པའི་ཕྱིར༔ འགྲོ་དོན་ཕྱི་བཤོལ་མེད་པར་ཤོག༔ ཞེས་རྡོ་རྗེའི་ལུང་གིས་གཏེར་ཁ་དུ་མ་ནས་ཡང་ཡང་བསྔགས་པ་ལྟར་རིག་འཛིན་དམ་པ་དེ་ཉིད་དགུང་ལོ་ཉེར་ལྔའི་ལོར་བསྙེན་བསྒྲུབ་ཀྱི་དམ་བཅའ་ལ་རྩེ་གཅིག་ཏུ་གཞོལ་བའི་སྐབས་སུ་ཉིན་གཅིག་ནམ་ཐོ་རེངས་ཀྱི་ཆར་མཉམ་བཞག་གཉུག་མའི་ཡེ་ཤེས་དང་། རྗེས་ཐོབ་ཉམས་ཀྱི་གསལ་སྣང་གཅིག་ཏུ་འདྲེས་པ་དག་པའི་སྣང་ངོར་ཟངས་མདོག་དཔལ་རིར་ཨོ་རྒྱན་དང་དངོས་སུ་མཇལ་ནས་རྡོ་རྗེ་ཕུར་པའི་ཚོམ་བུ་ཚོགས་སྒྲུབ་དང་འབྲེལ་བར་ཞག་བདུན་ཕྲག་གསུམ་དུ་བཞུགས་ཏེ་དངོས་གྲུབ་ལེན་པའི་སྐབས་སུ། གུ་རུ་རིན་པོ་ཆེས་ཕྱག་གི་བྷནྡྷ་ནས་བདུད་རྩི་དང་། ཤོག་དྲིལ་གསུམ་གནང་ནས་ཟབ་གཏེར་གྱི་བདག་པོར་དབུགས་དབྱུང་། སླར་ཡང་རྡོ་གྲུབ་པའི་དབང་ཕྱུག་སོགས་སྐྱེས་ཆེན་དུ་མའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ནས་ཟབ་ཆོས་ཀྱི་ཁ་བྱང་གནང་བ་སོགས་སྔ་ཕྱིར་ངོ་མཚར་རྨད་བྱུང་གི་རྟེན་འབྲེལ་དུ་མས་མཚམས་སྦྱར་ཏེ་རང་གཏེར་འགྱུར་བ་མེད་པའི་བཀའ་བབས་ཤིང་གཉིས་སྣང་མཚན་མའི་ཆོས་ཀུན་དག་པ་རབ་འབྱམས་ཆེན་པོར་འབྱམས་ཀླས་པ་གཉུག་མ་དོན་གྱི་ཡེ་ཤེས་འོད་གསལ་ཆོས་སྐུའི་སྒྲོམ་ནས་བཏོན་ཏེ། རྗེས་ཐོབ་སྒྱུ་མའི་སྣང་ཆར་ཡི་གེའི་ལམ་དུ་འདུ་བགྱིས་པ་ཡང་རྗོད་བྱེད་དག་གསལ། བརྗོད་བྱ་ཟབ་རྒྱས་སོགས་ཆོས་དང་བདག་པོ་གཉིས་ཀ་ཁྱད་ཆོས་དུ་མ་དང་ལྡན་ཞིང་། ཁྱད་པར་དུ་མཁས་གྲུབ་སྐྱེས་བུ་ཡོངས་ཀྱིས་གཙུག་ཏུ་བཀུར་ནས་བསྔགས་པའི་མེ་ཏོག་འཐོར་བ་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་འཁྲུལ་བ་མེད་པ་རིག་འཛིན་ལུང་རིག་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་འཕགས་པ་ཐུགས་རྗེ་ཆེན་པོ་ཟླ་གཞོན་སྤྲིན་བྲལ་གྱི་དབང་བསྐུར་བའི་སྐབས་སུ་བབས་པ་ལ་སློབ་དཔོན་དང་སློབ་མའི་བྱ་བ་གཉིས་ལས་སློབ་དཔོན་གྱིས་བྱ་བར་འོས་པའི་ལས་རིམ་རྣམས་སྔོན་དུ་གྲུབ་པར་བྱས་ཟིན། ད་ཁྱེད་རང་སློབ་མའི་ངོ་སྐལ་དུ་གྱུར་པའི་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྚལ་འབུལ་བར་ཞུ། མིག་རས་མེ་ཏོག་སྤྱི་ལྟར་ལ། དེ་ནས་མོས་གུས་དང་གདུང་བ་དྲག་པོས་ཐལ་མོ་སྦྱར་ཏེ་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཀྱེ་ཧོ་འཕགས་མཆོག་སོགས། སླར་ཡང་དད་གུས་འགྱུར་བ་མེད་པའི་དམ་བཅའ་བརྟན་པོ་དང་བཅས་ཏེ་འདི་བཞིན་དུ་རྗེས་ཟློས་གྱིས། ཀྱེ་ཧོ་འགྲོ་མགོན་སོགས། དེ་ནས་འདའ་དཀའ་རྡོ་རྗེའི་དམ་ཆུ་འདི་ཁྱེད་རང་གི་ལྕེ་ལ་བཞག་ཅིང་སྙིང་ཁྲག་དང་དབྱེར་མེད་དུ་འདྲེས་ཏེ་དམ་ཚིག་བསྲུང་ན་ཡེ་ཤེས་སེམས་དཔའི་རྟེན་དུ་གྱུར་ནས་ཚེ་འདིར་དངོས་གྲུབ་སྟེར་ཞིང་ཉམས་ན་སྡིག་པ་མགོ་དགུར་གྱུར་ཏེ་སྙིང་ཚལ་བར་བཀས་ནས་རྡོ་རྗེའི་དམྱལ་བར་འཕེན་པར་འགྱུར་བས་དེང་ཕྱིན་ཆད་དམ་ཙིག་རྣམས་སྲོག་དང་བསྡོས་དེ་བསྲུང་དགོས་པ་ཡིན་ནོ། །ཧོ་འདི་ནི་སོགས། དེ་ནས་སྐྱབས་སུ་འགྲོ་བ་ནི་སྡོམ་པ་དང་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཡིན་པས་མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་བྱམས་བརྩེའི་མངའ་བདག་འཕགས་མཆོག་ཕྱག་ན་པདྨ་གངས་ཀྱི་ལྷུན་པོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་བཞིན་ལྷམ་མེར་བཞུགས་པའི་སྟེང་འོག་བར་གསུམ་དུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་སོགས་ཕྱོགས་དུས་ཀྱི་སྐྱབས་གྱུར་མ་ལུས་པས་བསྐོར་བའི་མདུན་དུ་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་གནས་རེ་ལྟོས་རྩེ་གཅིག་ཏུ་བྱ་སྙམས་པའི་དམིགས་པ་དུང་དུང་བ་དང་བཅས་ཏེ་འདི་བཞིན་རྗེས་ཟློས་ཀྱིས། ན་མོ་འགྲོ་དྲུག་དེང་ནས་སོགས། དེ་ནས་སེམས་བསྐྱེད་པ་ཡང་ཐེག་ཆེན་ལམ་གྱི་རྩ་བ་ཡིན་པས་མར་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་སྲིད་པའི་སྡུག་བསྔལ་ལས་བསྒྲལ་ཏེ་རྣམ་གྲོལ་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་དགོད་པར་བགྱིའོ་སྙམ་པར་གྱིས་ལ་འདིའི་རྗེས་ཟློས་མཛོད། ཧོ་འཁོར་བའི་སྡུག་བསྔལ་སོགས། དེ་ནས་འགལ་རྐྱེན་སྡིག་སྒྲིབ་དག་ཅིང་མཐུན་རྐྱེན་ཚོགས་གཉིས་རྫོགས་པའི་ཐབས་ཀྱི་ཁྱད་པར་ཡན་ལག་བདུན་པ་ནི། རང་གི་ལུས་གྲངས་མེད་པར་སྤྲུལ་ཏེ་ཕྱག་འཚལ་བ། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་འབུལ་བ། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བཤགས་པ། སྐྱེ་འཕགས་ཀྱི་དགེ་བ་ལ་རྗེས་སུ་ཡི་རངས་བ། ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། གཞན་དོན་དུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དགེ་བའི་རྩ་བ་རྣམས་བྱང་ཆུབ་ཆེན་པོར་བསྔོ་བ་སོགས་ཚིག་གི་རྗེས་སུ་དོན་དྲན་པའི་ངང་ནས་རྗེས་ཟློས་ཀྱིས། ཨེ་མ་ཧོ༔ སྤྱན་རས་གཟིགས་དབང་སོགས། བྱིན་འབེབས་རང་གཞུང་ལྟར་བྱ། དེ་ནས་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་པར་མོས་ཏེ་སྒོ་དབྱེ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ཀྱིས། ཀྱེ་ཧོ་རྡོ་རྗེ་སློབ་དཔོན་སོགས། དེ་ནས་ལས་ཀྱི་སློབ་བུས་ཤར་སྒོ་ནས་རིམ་བཞིན་གཡས་སྐོར་དུ་ཁྲིད་ཅིང་ཡི་དམ་ལྷ་ཞལ་མངོན་སུམ་ཉིད་དུ་མཐོང་བའི་སྐལ་ལྡན་དུ་གྱུར་བར་སྒོམས་ཤིག ཨེ་མ་སྐལ་ལྡན་སོགས། དེ་ནས་རིགས་ཀྱི་མཚན་མ་བརྟགས་པའི་ཕྱིར་མེ་ཏོག་དོར་བ་འདི་བཞིན་རྗེས་ཟློས་མཛོད། ཧོ༔ ཚེ་རབས་སོགས། ཞེས་དཀྱིལ་འཁོར་ལ་དོར་བས་དབུས་སུ་བབས་ན་ཐུགས་རྗེའི་དབང་ཕྱུག ཤར་དུ་ཞི་བའི་བློ་གྲོས། ལྷོ་རུ་འཇིགས་མེད་མི་བསྐྱོད། ནུབ་ཏུ་པདྨ་མཐའ་ཡས། བྱང་དུ་ཕྲིན་ལས་ལྷུན་གྲུབ། མཚམས་བཞིར་རིག་པའི་མྱུ་གུ་སོགས་སུ་བཏགས་པ་ཡིན་པས་མ་བརྗེད་པར་འཛིན་འཚལ། དེ་བཞིན་དུ་དབུས་སུ་མཆོག་དང་ཕྱོགས་མཚམས་རྣམས་སུ་ཐུན་མོང་སོགས་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བ་ཡིན་ནོ། ཨེ་མ་བུ་ཁྱོད་སོགས། མ་རིག་སྒྲིབ་པའི་ལིང་ཏོག་མིག་རས་དང་ལྷན་ཅིག་པར་བསལ་ནས་དག་པ་རང་བྱུང་ཡེ་ཤེས་ཀྱི་ལྷ་ཞལ་མངོན་སུམ་མཇལ་བའི་མོས་པ་མཛོད། སླར་ཡང་རིགས་ལྔའི་དབང་དོན་དུ་མཎྚལ་ཕུལ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་ཀྱིས། སྐྱབས་མཆོག་སོགས། ཧཱུྃ་ཧྲཱིཿ བཀྲ་ཤིས་བུམ་པ་སོགས། དེ་ལྟར་སངས་རྒྱས་མི་བསྐྱོད་པའི་ངོ་བོ་བུམ་པའི་ཆུས་དབང་བསྐུར་བས་སྐུ་གང་དྲི་མ་དག ལྷག་མ་སྤྱི་བོར་འཁྱིལ་བས་རིགས་བདག་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་ཅིང་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་གཟུགས་ཕུང་འཕགས་པའི་སྐུ་རུ་གནས་གྱུར། ཞེ་སྡང་མེ་ལོང་ཡེ་ཤེས་སུ་དག སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ་པ་ཡིན་ནོ། ཧཱུྃ་ཧྲཱིཿ རྒྱལ་ཀུན་སོགས། དེ་ལྟར་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་དབུ་རྒྱན་གྱི་དབང་བསྐུར་བས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དུ་གནས་གྱུར། ང་རྒྱལ་མཉམ་ཉིད་ཡེ་ཤེས་སུ་དག སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེའི་དབང་ཐོབ་པ་ཡིན་ནོ། །ཧཱུྃ་ཧྲཱིཿ མི་ཤིགས་སོགས། དེ་ལྟར་སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེའི་དབང་བསྐུར་བས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་སུ་གནས་གྱུར། འདོད་ཆགས་སོར་རྟོག་ཡེ་ཤེས་སུ་དག སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ་པ་ཡིན་ནོ། ། ཧཱུྃ་ཧྲཱིཿ སྟོང་ཉིད་སོགས། དེ་ལྟར་དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུའི་དབང་བསྐུར་བས། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར་གནས་གྱུར། ཕྲག་དོག་བྱ་གྲུབ་ཡེ་ཤེས་སུ་དག སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ་པ་ཡིན་ནོ། ། ཧཱུྃ་ཧྲཱིཿ དབྱངས་ཀྱི་སོགས། དེ་ལྟར་རྣམ་སྣང་གི་ངོ་བོ་རྡོ་རྗེ་དྲིལ་བུ་ཟུང་གི་དབང་བསྐུར་བས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་རྣམ་ཤེས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གནས་གྱུར། གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ་དག་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབ་པ་ཡིན་ནོ། །རིགས་ལྔའི་དབང་གི་མཚམས་སྦྱོར་འདི་ལྟར་བྱེད་ཚེ་རང་གཞུང་གི་དེ་ལྟར་རིགས་ལྔའི་དབང་བསྐུར་བ་ཞེས་པ་མི་དགོས། བསྡུ་ན་དེ་དག་གིས་ཆོག་གོ །དངོས་གཞི་བུམ་པའི་དབང་ཞུ་བའི་ཡོན་དུ་མཎྚལ་ཕུལ། དེ་ནས་བུམ་པ་འདི་ཉིད་ཕྱི་མཚན་བཅས་བུམ་པའི་དབྱིབས་ལ་ནང་མཚན་མེད་ཏིང་ངེ་འཛིན་ལས་གྲུབ་པ་འཕགས་མཆོག་ཐུགས་རྗེ་ཆེན་པོ་རྟེན་དང་བརྟེན་པར་བཅས་པའི་སྐུ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས་ལྷ་ཚོགས་དེ་དག་གི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་ཐོབ་བྱུང་སྙམས་པའི་མོས་པ་མཛོད་ཅིག ཧཱུྃ་ཧྲཱིཿ འཁོར་འདས་སོགས། དེ་ནས་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཀྱིལ་འཁོར་འཁོར་ལོའི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿ ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དགོངས་པ་མཛད་པ་དང་། གཙོ་བོའི་ཐུགས་ཀ་ནས་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པའི་ཐ་མལ་གྱི་འཛིན་རྟོག་ཐམས་ཅད་དག་སྟེ་སྣོད་བཅུད་དག་པ་རབ་འབྱམས་ལྷ་ཡི་འཁོར་ལོར་རྫོགས་པའི་མོས་པ་བརྟན་པོ་མཛད་འཚལ། ། ཧཱུྃ་ཧྲཱིཿ འགྲོ་དྲུག་སོགས། ལྷ་དབང་ཡོངས་རྫོགས་བསྐུར་བའི་རྗེས། དཀྱིལ་འཁོར་གྱི་གཙོ་བོའི་མགྲིན་པ་ནས་གཟུངས་སྔགས་ཀྱི་ཡིག་འབྲུ་རྣམས་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་བར་མེད་དུ་བྱུང་བ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ངག་གཡོ་བ་རླུང་གི་བྱེད་ལས་ཐ་མལ་གྱི་སྒྲ་སྐད་ཐམས་ཅད་དག་སྟེ་གྲགས་སྟོང་སྔགས་ཀྱི་རང་བཞིན་གསུང་རྡོ་རྗེའི་དབང་ཐོབ་པ་ཡིན་ནོ། ། ཧཱུྃ་ཧྲཱིཿ ཆོས་ཀུན་སྙིང་པོ་སོགས། དེ་ནས་བླ་མ་ཡབ་ཡུམ་སྦྱོར་བ་མཛད་པས་ཐབས་བདེ་བ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་ཀྱི་ངོ་བོ་བྱང་སེམས་དཀར་དམར་བདུད་རྩིའི་རང་བཞིན་མཚན་ལྡན་བྷནྡྷའི་ནང་དུ་བསྐྱིལ་བ་ཁྱེད་རང་གི་རོ་འཛིན་གྱི་ལམ་དུ་བཞག་པས་མ་དག་རྩ་ཡི་འཁྲུལ་འཁོར་རང་གྲོལ་བདེ་བ་ཆེན་པོར་དག་སྟེ་རྩ་ཁམས་དོན་གྱི་ཡི་གེའི་འཕྲོ་འདུ་ལྷུན་གྱིས་གྲུབ་པའི་མོས་པ་མཛོད། ༈ དེ་ནས་གསང་ཆེན་བླ་ན་མེད་པའི་ཐབས་ཀྱི་ལམ་རྨད་དུ་བྱུང་བ་མཚན་ལྡན་གྱི་རིག་མ་ལ་བརྟེན་ནས་སྟངས་དཔྱལ་ལྷ་ཡི་རྣམ་པར་བསྒོམ་པས་ཡེ་བབས་ཀྱི་ཐིག་ལེ་འཕོ་མེད་དུ་འཆང་སྟེ་ཐ་མལ་འདོད་སྲེད་ཀྱི་ཞེན་པ་དག དགའ་བཞི་ལུགས་འབྱུང་ལྡོག་གི་རྣམ་པས་ཆགས་བྲལ་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བ་ཡིན་ནོ། །ཧོ༔ གསང་ལས་ཆེས་གསང་སོགས། དེ་ནས་སློབ་བུ་རྣམས་ཀྱིས་ལུས་རྣམ་སྣང་ཆོས་བདུན་བཅས། སེམས་འཁྲུལ་རྟོག་གི་འགྱུ་འཕྲོ་ཆོད་ལ་རང་བབས་སུ་ལྷན་ནེ། རང་ཡན་དུ་ཀློད་དེ་བཞག་པས་སེམས་ཉིད་གཤིས་ཀྱི་གནས་ལུགས་སྐྱེ་འགགས་གནས་གསུམ་དང་བྲལ་བའི་རང་ངོ་ལ་བལྟས་པས་ངོ་བོ་སྟོང་པ། རང་བཞིན་གསལ་བ། རོལ་རྩལ་འགགས་མེད་དུ་འཆར་བ་དེ་ཀ་རིག་སྟོང་ཟུང་འཇུག་ཀུན་ཁྱབ་འཕོ་འགྱུར་དང་བྲལ་བ་སྐུ་གསུམ་གྱི་དགོངས་པ་ཡིན་ནོ། །ཨེ་མ་ཧོ༔ ཆོས་ཀུན་ངོ་བོ་སོགས། དེ་ནས་ཡོངས་རྫོགས་གཏོར་མའི་དབང་ནི། གཏོར་མ་འདི་ཉིད་འཕགས་མཆོག་ཐུགས་རྗེ་ཆེན་པོ་རྩ་གསུམ་རྒྱལ་བ་རབ་འབྱམས་དམ་ཅན་བསྲུང་མའི་ཚོགས་དང་བཅས་པར་གསལ་བ་ཁྱེད་རང་གི་གནས་གསུམ་དུ་གཏུག་པས་རང་གི་སྒོ་གསུམ་ཡི་དམ་གྱི་ལྷ་དང་དབྱེར་མེད་དུ་གྱུར་བའི་མོས་པ་མཛོད། །ཧྲཱིཿ འཁོར་འདས་སོགས། ཥིཉྩ་ཧཱུྃ༔ ཨོཾ་ཨཱ༔ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། དགེ་སློང་ནམ་མཁའི་སྙིང་པོ། འཁོན་ཆེན་ཀླུ་ཡི་དབང་པོ། རིག་འཛིན་ཉི་མ་གྲགས་པ། འཇིགས་མེད་ཕྲིན་ལས་འོད་ཟེར། མི་འགྱུར་ནམ་མཁའི་རྡོ་རྗེ། རིག་འཛིན་ལུང་རིག་གླིང་པ་སོགས་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག སྐུ་གསུང་ཐུགས་ཀྱི་དབང་བསྐུར་དུ་གསོལ། ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་དག་པར་བྱིན་གྱིས་རློབས་ཤིག མཆོག་ཐུན་མོང་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། དེ་ནས་སྒྲུབ་ཡིག་མཐའ་རྟེན་དང་བཅས་པས་དབང་བསྐུར་རྗེས། དེ་ལྟར་དབང་བསྐུར་བའི་གནས་སྐབས་དེ་དག་ཏུ་སྤྱི་དང་བྱེ་བྲག་གི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་མཎྚལ་དང་དགེ་བ་བསྔོ་བ་སོགས་སྤྱི་ལྟར་བྱའོ། །དེ་ལྟར་མཆོག་སྤྲུལ་ལུང་རིག་གླིང་པ་ཡི། །དག་སྣང་ཟབ་ཆོས་ཆུ་གཏེར་རླིངས་པོའི་འགྲམ། །གྱི་ནའི་རླབས་ཕྲེང་ཅ་ཅོ་མི་འཚལ་ཡང་། །དམ་པ་གང་དང་ངེས་ལེགས་མཆོག་སྤྲུལ་བཀའ། །གཙུག་ཏུ་བསྩལ་བ་བཟློག་པར་མ་ནུས་པས། །བློ་རྨོངས་སྡེ་སྣོད་མིང་པས་འཕྲལ་དུ་བྲིས། །བྱིས་བློས་ནོངས་པ་གྱུར་གང་མཁས་ལ་བཤགས། །དགེ་བས་ཟབ་གཏེར་བསྟན་པ་མཐའ་རྒྱས་ཤོག །


previousདབང་གི་མཚམས་སྦྱོར་སྐལ་བཟང་རྣ་བའི་བདུད་རྩི་ནགས་རྟ་མདོ་སྡེས་མཛད་པ།next