Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྙེན་པར་གནས་པའི་ཆོ་ག་ཐར་བའི་ཐེམ་སྐས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྙེན་པར་གནས་པའི་ཆོ་ག་ཐར་བའི་ཐེམ་སྐས།next

བསྙེན་པར་གནས་པའི་ཆོ་ག་ཐར་བའི་ཐེམ་སྐས།

ཡང་ཟབ་འཕགས་པའི་ཐུགས་སྒྲུབ་ལས༔ བསྙེན་པར་གནས་པའི་ཆོ་ག་ཐར་བའི་ཐེམ་སྐས་བཞུགས༔

མཐའ་ཡས་རྒྱལ་ཀུན་ཐུགས་རྗེའི་གཏེར༔ འཕགས་པ་སྤྱན་རས་གཟིགས་ལ་འདུད༔ འགྲོ་བའི་ལས་ཉོན་སྦྱོང་བའི་ཐབས༔ བསྙེན་གནས་ཐར་བའི་ཐེམ་སྐས་སྟོན༔ ས་མ་ཡཱ༔ དྲི་མེད་པདྨའི་སྡོང་པོ་ལ༔ ལས་ཉོན་རྒྱུ་རྐྱེན་མ་ཡིན་པར༔ རང་བྱུང་ཐུགས་རྗེའི་རང་གཟུགས་ལས༔ བདག་འདྲ་རྡོ་རྗེ་ཐོད་ཕྲེང་རྩལ༔ སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུར་བལྟམས༔ རི་བོ་ཏ་ལའི་དབང་ཕུག་ཏུ༔ ཐུགས་རྗེ་ཆེན་པོ་བླ་མར་བསྙེན༔ དགོངས་པ་གཅིག་དང་དབྱངས་གཅིག་གྱུར༔ འཕགས་པའི་ཆོས་སྐོར་གྲངས་མེད་བརྩམས༔ ཕལ་ཆེར་རིན་ཆེན་ས་འོག་སྦས༔ ལ་ལ་ཐུགས་སྲས་མཆོག་རྣམས་ལ༔ དགོངས་གཏད་སྨོན་ལམ་མཐར་ཕྱིན་བྱས༔ ཁྱད་པར་པདྨའི་ཐུགས་ཐིག་དང༔ མཚོ་རྒྱལ་དགོངས་པའི་གསང་མཛོད་སོགས༔ ཟབ་པའི་སྙིང་བཅུད་མན་ངག་རྣམས༔ ད་ལྟ་ཐུགས་ཀྱི་གཟུངས་མ་མཆོག༔ ཡེ་ཤེས་ཌཱཀྐི་མཁར་ཆེན་བཟའ༔ མིང་སྲིང་ལས་ཅན་ཉེར་ལྔ་ལ༔ རང་བྱུང་དགོངས་པའི་གཏེར་དུ་སྦས༔ ཁྱད་པར་མཚོ་རྒྱལ་ཕྲིན་ལས་སྤྲུལ༔ ལས་ཀྱི་རིགས་རྟགས་འཆང་བ་ནི༔ དམན་པ་བྱིས་པའི་ཟོལ་འཛིན་པ༔ དཔག་དཀའ་དེ་འདྲའི་ཆོས་སྐལ་དུ༔ ཐུགས་སྒྲུབ་སྤྲིན་བྲལ་ཟླ་བ་ཡི༔ ཆ་ལག་བསྙེན་པར་གནས་པའི་ཐབས༔ མི་དགེའི་ལས་ཉོན་སྦྱངས་བའི་ཆོས༔ བྱ་སླ་ཚེགས་ཆུང་བྱིན་རླབས་ཆེ༔ འདི་ཡང་སྨོན་ལམ་གཏད་རྒྱ་བྱས༔ དུས་བབས་ལས་སྐལ་ལྡན་པ་དེས༔ མཆོག་དམན་ཡོངས་ལ་ལེགས་པར་སྤེལ༔ མཐོང་ཐོས་ཐར་བའི་ལམ་ལ་འགྲོ༔ ཀུན་གྱིས་ཉམས་ལེན་བརྩོན་པར་གྱིས༔ དེ་ཡང་སྦྱོར་དངོས་རྗེས་གསུམ་སྟེ༔ སྦྱོར་བ་གཙང་མའི་ཆོས་ལྔ་བཤད༔ གནས་ཁང་གཙང་མར་བྱ་བ་ལ༔ རྡུལ་ཕྱགས་སྤོས་ཆུས་ལེགས་པར་བྱུགས༔ འཕགས་པའི་སྐུ་གསུང་ཐུགས་རྟེན་བཀྲམ༔ དྲི་ཞིམ་དུད་པས་ཡིད་འོང་བྱ༔ རང་ལུས་གཙང་མར་བྱ་བ་ནི༔ ཐོ་རངས་ཤ་ཆང་སྒོག་ཙོང་སོགས༔ ཁ་ཟས་བཟའ་བཏུང་ཐམས་ཅད་སྤངས༔ ཁྲུས་བྱ་གོས་གཙང་བགོས་བྱས་ཏེ༔ རྟེན་ལ་ཕྱག་འཚལ་དགུ་སྤྲུགས་བྱ༔ རང་རྒྱུད་གཙང་མར་བྱ་བའི་ཕྱིར༔ བླ་མ་ལ་ནི་རྗེས་ཟློས་དང༔ རྟེན་ལ་རང་གིས་སྒྲ་དག་བརྗོད༔ ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང༔ བྱང་སེམས་ཉན་ཐོས་རང་རྒྱལ་དང༔ འཕགས་པ་སྤྱན་རས་གཟིགས་དབང་ལ༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ དེང་ནས་སང་ཉིན་ཉི་ཤར་བར༔ བདག་གིས་གཞན་གྱི་སྲོག་མི་གཅོད༔ དེ་བཞིན་མ་བྱིན་ལེན་པ་སྤང༔ འདོད་ལོག་ཉེས་པའི་ཆ་རྣམས་དོར༔ བླ་མའི་རྫུན་སོགས་རྫུན་རིགས་སྤང༔ དེ་ཡི་ཡན་ལག་བག་མེད་པའི༔ མྱོས་བྱེད་ཆང་དང་ཐ་མ་ཁ༔ སྡིག་ཟས་ཤ་དང་སྒོག་ཙོང་སྤང༔ ལུས་ལ་དྲི་དང་བསྐུ་མཉེ་སྤང༔ རིན་པོ་ཆེ་ཡི་རྒྱན་མི་གདག༔ དུས་མིན་ཁ་ཟས་བཟའ་མི་བྱ༔ ཁྲི་དང་སྟན་མཐོར་མི་སྡོད་ཅིང༔ གླུ་གར་རོལ་མོའི་བྱེ་བྲག་སྤང༔ ཡན་ལག་བརྒྱད་ཀྱི་སྡོམ་པ་ལ༔ དྲན་ཤེས་ལྡན་པས་གནས་པར་བྱ༔ བདག་གིས་དགེ་རྩ་རྣམས་གསོ་ཞིང༔ སྡིག་པ་ཆ་བཅས་སྦྱོང་བར་བྱ༔ ཚུལ་ཁྲིམས་མཆོག་ལ་བདག་གནས་ཤིང༔ ཐར་བའི་གྲོང་དུ་མྱུར་འཇུག་ཤོག༔ ཚུལ་ཁྲིམས་རྣམ་པར་དག་པའི་གཟུངས༔ བདུན་ནམ་ཉི་ཤུ་རྩ་གཅིག་བཟླ༔ དེ་ནས་མེ་ཏོག་ལག་ཏུ་ཐོགས༔ རྟེན་ལ་གཏོར་ཞིང་འདི་སྐད་དོ༔ ཨེ་མ་ཧོ༔ སྐྱབས་ཀྱི་མཆོག་གྱུར་འཕགས་པ་སྤྱན་རས་གཟིགས༔ དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ བདག་གི་བླ་མ་དགེ་བའི་བཤེས་མཛད་ནས༔ མ་ནོར་ཐར་བའི་ལམ་ལ་བཞག་ཏུ་གསོལ༔ གསོ་སྦྱོང་ཡན་ལག་བརྒྱད་པའི་སྡོམ་ཁྲིམས་འདིས༔ ཁྲིམས་འཆལ་ཀུན་གྱི་ཉེས་པ་སོར་ཆུད་ནས༔ ཚུལ་ཁྲིམས་གཙང་མ་ཐར་པའི་མྱུ་གུ་མཆོག༔ མྱུར་དུ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ༔ དྲན་པ་དང་ནི་ཤེས་བཞིན་ཉམས་པའི་ཚེ༔ ཁྱེད་ཀྱི་ཐུགས་རྗེས་བདག་རྒྱུད་ལེགས་བསྡམས་ནས༔ བསླབ་པ་གསུམ་གྱི་ཡོན་ཏན་མྱུར་རྫོགས་ཏེ༔ རིང་མིན་འཕགས་པའི་གོ་འཕང་ཐོབ་པར་མཛོད༔ ལན་གསུམ་བརྗོད་རྗེས་སྔགས་འདི་བརྗོད༔ ཨོཾ་པདྨ་ཨུཏ་བྷ་ཝ་སྭཱ་ཧཱ༔ ཐེག་ཆེན་ལམ་ཞུགས་ཉེས་ལྟུང་དག༔ སྦྱངས་ནས་བྱང་ཆུབ་སེམས་མཆོག་གིས༔ གཙང་མར་བྱ་ཕྱིར་སྡོམ་བཟུང་ནི༔ ཧོ༔ བདག་གིས་འགྲོ་རྣམས་འཁོར་མཚོ་ལས་བསྒྲལ་ནས༔ ཐམས་ཅད་རྣམ་མཁྱེན་གོ་འཕང་ལ་འགོད་བྱ༔ དེ་ཕྱིར་ཚུལ་ཁྲིམས་གསུམ་སོགས་དགེ་བའི་ཆོས༔ རྒྱུད་དང་འཚམས་པར་རྟག་ཏུ་ཉམས་ལེན་བྱ༔ དེ་ཕྱིར་ངག་སྒྲིབ་ལྷག་ཆད་སོགས༔ སོར་ཆུད་བཟླས་པ་གཙང་བྱའི་ཕྱིར༔ ཁྲུས་བདུན་སྔགས་འདི་ཉེར་གཅིག་བརྗོད༔ ཨོཾ་ཨཱ༔ཧཱུྃ༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨ་ཨ་ཨ་སྭཱ་ཧཱ༔ དེ་བཞིན་རྡོ་རྗེ་རྣམ་འཇོམས་ཀྱི༔ གཟུངས་རིང་ལྔ་གསུམ་བདུན་སོགས་བརྗོད༔ དེ་ཡིས་སྦྱོར་བའི་ཆོས་ལྔ་རྫོགས༔ ས་མ་ཡཱ༔ དངོས་གཞིའི་རིམ་པ་ལྔ་ཡིན་ཏེ༔ དང་པོ་མདུན་བསྐྱེད་གསལ་གདབ་ནི༔ ཧྲཱིཿ འཁོར་འདས་ཆོས་ཀུན་མི་དམིགས་སྟོང་པའི་ངང༔ མདུན་གྱི་མཁའ་ལ་ཡི་གེ་ཧྲཱིཿདཀར་པོ༔ འོད་ཟེར་འཕྲོས་པས་རྒྱལ་ཀུན་མཆོད་ཅིང་བསྟོད༔ ཐུགས་རྗེ་ནུས་མཐུ་མ་ལུས་ཚུར་འདུས་ཐིམ༔ འགྲོ་བ་དྲུག་གི་ལས་ཉོན་བག་ཆགས་སྦྱངས༔ ཕྱི་སྣོད་དངོས་འཛིན་འཁྲུལ་བའི་བག་ཆགས་དག༔ ཕོ་བྲང་རི་བོ་ཏ་ལའི་དཔལ་ཡོན་རྫོགས༔ དཀྱིལ་འཁོར་དབུས་སུ་པདྨ་འདབ་སྟོང་དཀྱིལ༔ ཟླ་བའི་གདན་ལ་ཡིག་འབྲུ་སྒྲ་གདངས་བཅས༔ དལ་དབུས་བབས་ཏེ་འཕགས་པའི་སྐུ་རུ་གྱུར༔ སྐུ་མདོག་དཀར་པོ་ཞལ་འཛུམ་དགྱེས་པའི་ཉམས༔ ཕྱག་གཉིས་གཡས་པས་མཆོད་སྦྱིན་ཕྱག་རྒྱ་ལས༔ དཀར་དྭངས་བསུང་ཞིམ་བདུད་རྩིའི་རྒྱུན་བཟང་འབེབས༔ གཡོན་པས་མཐེབ་སྲིན་ཐུགས་ཀར་གདེངས་བའི་ཚུལ༔ པདྨ་དཀར་པོ་འདབ་རྒྱས་ཡུ་བ་བསྣམས༔ དར་ལྗང་སྟོད་གཡོག་རི་དྭགས་པགས་པ་ཡིས༔ ནུ་གཡོན་དགབ་ཅིང་དར་དམར་ཤམ་ཐབས་མཛེས༔ དབུ་སྐྲ་མཐོན་མཐིང་གཙུག་ཏོར་ནོར་བུས་སྤྲས༔ རིན་ཆེན་སྣ་ཚོགས་དབུ་རྒྱན་སྙན་རྒྱན་སོགས༔ འཁོར་ལོས་བསྒྱུར་བའི་རྒྱན་ཆས་ཡོངས་སུ་རྫོགས༔ མཉམ་པའི་སྟབས་ཀྱིས་བཞེངས་པའི་ཚུལ་དུ་བཞུགས༔ མཐའ་སྐོར་སྐལ་བཟང་སྟོན་པ་ཤཱཀྱ་ཐུབ༔ འདྲེན་མཆོག་སྟོང་རྩ་ཐེག་ཆེན་ཉན་རང་དང༔ སེམས་དཔའ་ཆེན་པོ་བརྒྱད་སོགས་སྐྱབས་ཀྱི་ཡུལ༔ མ་ཚངས་མེད་པ་ཉི་ཟེར་རྡུལ་ལྟར་འཁྲིགས༔ དེ་མདུན་བདག་དང་ཕ་མ་དགྲ་བགེགས་གཙོས༔ དུས་གསུམ་མར་གྱུར་འགྲོ་ཀུན་གདུང་བའི་བློས༔ རྩེ་གཅིག་གུས་པའི་བློ་ཡིས་གནས་པར་བསམ༔ གཉིས་པ་ཚོགས་ཞིང་སྤྱན་སྔ་རུ༔ ཡན་ལག་བདུན་གྱིས་རྒྱུད་སྦྱངས་ཕྱིར༔ ཕྱག་འཚལ་རིམ་པ་ཅི་རིགས་དང༔ ལྟུང་བཤགས་ཚར་གསུམ་རྫོགས་སངས་རྒྱས༔ རབ་བདུན་བདེ་གཤེགས་མཆེད་བརྒྱད་དང༔ ཕྱོགས་བཅུའི་སངས་རྒྱས་སྐལ་བཟང་གི༔ སེམས་དཔའ་བཅུ་དྲུག་མཚན་རྣམས་ལ༔ ཕྱག་འཚལ་གདག་ནས་ལྷ་ཕྱག་འཚལ༔ དེ་རྗེས་ཚིག་འདིས་ཕྱག་འཚལ་ཞིང༔ ཧྲཱིཿ སྔོན་ཚེ་བསྐལ་པ་མང་པོར་ཚོགས་གཉིས་བསགས༔ ཐུགས་བསྐྱེད་སྟོབས་ཀྱིས་རྒྱལ་ཀུན་དགྱེས་པ་བསྐྱེད༔ སྨོན་ལམ་སྟོབས་ཀྱིས་འགྲོ་ཀུན་སྲིད་ལས་སྒྲོལ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ ཅེས་པ་བདུན་ནམ་ཉེར་གཅིག་བསོགས༔ ཡན་ལག་བདུན་པ་ཀུན་ཏུ་བཟང༔ སྨོན་ལམ་བཏབ་པ་བཞིན་དུ་བྱ༔ མཎྚལ་རྒྱས་བསྡུས་གསུམ་བདུན་དང༔ སྤྱི་བཤགས་སྔགས་ཀྱི་བཤགས་ཚིག་བརྗོད༔ གསུམ་པ་འཕགས་མ་དཔལ་མོ་ཡི༔ པོ་བསྟོད་བདུན་ནམ་ཉེར་གཅིག་འདོན༔ བཞི་པ་ཁྲུས་བུམ་བྱིན་རླབས་ནི༔ མདུན་བསྐྱེད་འཕགས་པའི་ཕྱག་སོར་ལས༔ ཡེ་ཤེས་བདུད་རྩིའི་རྒྱུན་བབས་པས༔ ཁྲུས་བུམ་གང་ཞིང་འོད་ཟེར་གྱིས༔ འགྲོ་དྲུག་ལས་ཉོན་བྱང་བར་མོས༔ ཡི་གེ་དྲུག་པའི་སྔགས་ཤམ་དུ༔ ཁྲུས་སྔགས་བཏགས་པ་བརྒྱ་རྩ་བཟླ༔ ལྔ་པ་གཟུངས་སྔགས་བཟླ་བ་ནི༔ མདུན་གྱི་འཕགས་པའི་ཐུགས་ཀར་པད་དཀར་སྟེང༔ ཟླ་བའི་གདན་ལ་ཧྲཱིཿདཀར་གཟུངས་ཀྱིས་བསྐོར༔ འོད་ཟེར་ཁ་ཏོག་རྣམ་ལྔ་ཕྱོགས་བཅུར་འཕྲོས༔ བདག་སོགས་འགྲོ་བའི་ལས་ཉོན་བག་ཆགས་སྦྱངས༔ ཐམས་ཅད་འཕགས་པའི་གསང་བ་གསུམ་དུ་བསྒྱུར༔ ལྷ་སྔགས་ཏིང་འཛིན་ཡེངས་མེད་ངང་ཉིད་ནས༔ ཕྱག་སྟོང་གཟུངས་རིང་བརྒྱ་དང་ཉེར་བརྒྱད་བཟླ༔ གཟུངས་ཐུང་ཡི་གེ་དྲུག་པ་ཅི་ནུས་འབད༔ ས་མ་ཡཱ༔ རྗེས་ཀྱི་རིམ་པ་ཆོས་སྤྱོད་ལྔ༔ དང་པོ་རང་གི་སྒྲིབ་སྦྱང་ཕྱིར༔ ལྷ་ལ་སྐུ་ཁྲུས་གསོལ་བ་ནི༔ ཁྲུས་དལ་པདྨ་འདབ་བརྒྱད་སྟེང༔ སྟེགས་ཁར་འཕགས་པའི་སྐུ་རྟེན་བཀོད༔ ཁ་ཏོག་བཀྲ་བའི་ན་བཟའ་གསོལ༔ སྤོས་དང་རོལ་མོ་དང་བཅས་ཏེ༔ ཁྲུས་ཁང་བསྐྱེད་ཅིང་སྙན་གསན་དབབ༔ ཁྲུས་བུམ་བདུད་རྩི་ལག་ཏུ་ཐོགས༔ མེ་ལོང་གཟུགས་བརྙན་ཤར་ལ་འཁྲུ༔ ཧྲཱིཿ མ་རིག་འཁྲུལ་བའི་མཁའ་ཁྱབ་སེམས་ཅན་ལ༔ བརྩེ་ཆེན་ཐུགས་རྗེའི་གཟིགས་པ་ལྷུར་བླངས་ཏེ༔ དམྱལ་མེ་པདྨའི་མཚོ་ལྟར་དགྱེས་སྤྱོད་པའི༔ སྡུག་བསྔལ་ཀུན་སེལ་སྤྱན་རས་གཟིགས་དབང་ལ༔ དྲི་མེད་བདུད་རྩིའི་རྒྱུན་བཟང་འདི་ཕུལ་བས༔ རྒྱལ་བའི་སྐུ་ལ་སྒྲིབ་སྐྱོན་མི་མངའ་ཡང༔ བདག་ཅག་ལས་ཉོན་དྲི་མ་ཡོངས་དག་ནས༔ སྐྱོན་བྲལ་འཕགས་པའི་གསང་གསུམ་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ག་ཏེ་ས་མ་ཡཱ་ཤྲཱི་ཡེ་ཧཱུྃ༔ གཞན་ཡང་སངས་རྒྱས་བྱང་སེམས་ལ༔ རྒྱས་བསྡུས་འཚམས་པའི་ཁྲུས་གསོལ་བྱ༔ གཉིས་པ་གོས་རྒྱན་འབུལ་བ་ནི༔ ཧྲཱིཿ ཉོན་མོངས་ཀུན་སྤངས་མཚན་དཔེའི་གཟི་འོད་འབར༔ འཕགས་པའི་སྐུ་ལ་ཚ་གྲང་མི་ལྡན་ཀྱང༔ བདག་ཅག་ཕར་ཕྱིན་དྲུག་གི་གོས་རྒྱན་ལ༔ བྱང་ཆུབ་བར་དུ་ཉེ་བར་ལོངས་སྤྱོད་ཕྱིར༔ དར་གྱི་ན་བཟའ་རིན་ཆེན་རྒྱན་ཕྲེང་འབུལ༔ ཚེ་རབས་ཀུན་ཏུ་ལོངས་སྤྱོད་ཕུན་ཚོགས་ནས༔ རྟག་ཏུ་སེམས་ཅན་དབུལ་བ་སེལ་བར་ཤོག༔ ཨོཾ་བཛྲ་ཝསྟྲ་རཏྣ་མ་ལེ་པཱུ་ཛི་ཏེ་ཨ་ཧཱུྃ༔ གསུམ་པ་གཏོར་མ་འབུལ་བ་ནི༔ དཀར་གསུམ་མངར་གྱི་གཏོར་མ་ནི༔ འབྲུ་གསུམ་སྔགས་ཀྱིས་བདུད་རྩིར་བསྒྱུར༔ ཧྲཱིཿ ཡན་ལག་དྲུག་ཅུའི་དབྱངས་ལྡན་འཕགས་པའི་གསུང༔ ཡོན་ཏན་ཀུན་རྫོགས་ལྗགས་ཀྱི་དབང་པོ་ལ༔ བཀྲེས་སྐོམ་ཉོན་མོངས་ཚོར་བ་མི་མངའ་ཡང༔ བདག་ཅག་ཏིང་འཛིན་ཟས་ལ་ལོངས་སྤྱོད་ཕྱིར༔ དཀར་གསུམ་མངར་དང་སྦྱར་བའི་བཤོས་གཙང་འབུལ༔ ཚེ་རབས་ཀུན་ཏུ་ཡི་དྭགས་སྡུག་བསྔལ་ལས༔ རྣམ་གྲོལ་འཆི་མེད་བདུད་རྩི་ཐོབ་པར་ཤོག༔ ཨོཾ་གུ་རུ་ནྱཻ་ཝེ་ཏྱ་པཱུ་ཛ་ཨ་ཧཱུྃ་སྭཱ་ཧཱ༔ བཞི་པ་གཤེགས་སུ་གསོལ་བ་ནི༔ ཧྲཱིཿ ཆོས་དབྱིངས་མཁའ་ལྟར་དག་པའི་ཐུགས་མངའ་བས༔ འགྲོ་བའི་དོན་དུ་གཤེགས་བཞུད་མི་དམིགས་ཀྱང༔ བདག་ཅག་བསོད་ནམས་ཞིང་གི་མགྲོན་གྱི་མཆོག༔ དག་པའི་ཞིང་དུ་རྫུ་འཕྲུལ་ཤུགས་ཀྱིས་གཤེགས༔ སླར་ཡང་བརྩེ་བའི་ཐུགས་ཀྱིས་འབྱོན་པར་མཛོད༔ བཛྲ་མཱུ༔ ལྔ་པ་དགེ་རྩ་བསྔོ་བ་ནི༔ ཧྲཱིཿ དུས་གསུམ་བསགས་པའི་ཚོགས་གཉིས་མ་ལུས་པ༔ མཁའ་མཉམ་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ དེ་མཐུས་རྒྱལ་བསྟན་དར་ཞིང་རྒྱས་པ་དང༔ ཕྱི་སྣོད་ནང་བཅུད་ཉེས་པའི་སྐྱོན་ཀུན་ཞི༔ མཐར་ཐུག་བདག་གཞན་འགྲོ་བ་ཐམས་ཅད་ཀུན༔ འཕགས་པ་མཆོག་དང་དབྱེར་མེད་གཅིག་ཏུ་འགྲུབ༔ དོན་གཉིས་དཔལ་ལ་སྤྱོད་པའི་མཐུ་ལྡན་ཤོག༔ གཞན་ཡང་ཤིས་བརྗོད་མཐའ་རྒྱས་བྱ༔ ཐུན་སྐབས་ཡི་དྭགས་ཆུ་སྦྱིན་དང༔ ས་ཚ་གདབ་ཅིང་ཕྱོགས་སྐྱོང་ལ༔ གཏོར་མ་བསྔོ་བ་དེ་བཞིན་དུ༔ ཕྱག་མཆོད་མཎྚལ་བསྐོར་བར་འབད༔ དེས་ནི་ཚེ་རབས་བརྒྱ་ཕྲག་ཏུ༔ བསགས་པའི་སྡིག་པ་འདག་ངེས་ན༔ ཚེ་འདིའི་ལས་སྒྲིབ་སྨོས་ཅི་དགོས༔ ཟབ་པའི་མཐར་ཐུག་སྙིང་པོའི་ཆོས༔ ཉམས་སུ་ལོངས་ཤིག་གུ་ཧྱ་རྒྱ༔ བཀའ་ཡི་སྲུང་མ་ཕྱག་དྲུག་པས༔ ཆོས་འདིར་གཡེལ་མེད་མེལ་ཚེ་གྱིས༔ ས་མ་ཡཱ༔ བརྡ་ཐིམ༔ ཅེས་པའང་སྐྱབས་རྗེ་འཁོར་ལོ་མགོན་པོ་རིག་འཛིན་མཚན་ཅན་དང༔ མཁས་བཙུན་བཟང་པོའི་དཔལ་གྱིས་མངོན་པར་མཐོ་བ་པདྨ་བློ་གསལ། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་སྙིང་ལ་ཞུགས་པའི་དགེ་སྦྱོང་ཨ་བྷ་ཡ་ཤི་ལ་སོགས་ཀྱིས་བསྐུལ་ངོར་དག་སྣང་དགོངས་མཛོད་ཟབ་མོའི་བདག་པོ་སྤྲུལ་མིང་ལུང་རིག་གླིང་པས་དབྱིངས་རིག་གསང་བའི་སྒྲོམ་ནས་བཏོན་པ་འདིས་ཀྱང་འགྲོ་ཀུན་འཕགས་པའི་གོ་སར་འགོད་པའི་རྒྱུར་གྱུར་ཅིག མངྒ་ལཾ།


previousབསྙེན་པར་གནས་པའི་ཆོ་ག་ཐར་བའི་ཐེམ་སྐས།next