Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཤིན་པོ་ཐར་བའི་ལམ་བགྲོད་པའི་ལམ་གྱི་རྒྱགས་ཕྱེ་ཟག་མེད་གཏེར་གྱི་བུམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་པོ་ཐར་བའི་ལམ་བགྲོད་པའི་ལམ་གྱི་རྒྱགས་ཕྱེ་ཟག་མེད་གཏེར་གྱི་བུམ་པ།next

གཤིན་པོ་ཐར་བའི་ལམ་བགྲོད་པའི་ལམ་གྱི་རྒྱགས་ཕྱེ་ཟག་མེད་གཏེར་གྱི་བུམ་པ།

ཡང་ཟབ་འཕགས་པའི་ཐུགས་སྒྲུབ་ལས༔ གཤིན་པོ་ཐར་བའི་ལམ་བགྲོད་པའི༔ ལམ་གྱི་རྒྱགས་ཕྱེ་ནམ་མཁའ་མཛོད༔ ཟག་མེད་གཏེར་གྱི་བུམ་པ་བཞུགས༔ འཇིག་རྟེན་འདི་ཡི་བཟའ་བཏུང་རིགས༔ གང་ཡང་མ་ཚང་མེད་པ་བཤམས༔ འབྱོར་བ་དབུལ་ན་གང་ཡོད་ཀྱི༔ དམིགས་རྟེན་དངོས་རྫས་ཉི་ཚེས་རུང་༔ རང་ཉིད་ལྷ་ཡི་ཏིང་འཛིན་གྱིས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ སྙན་པའི་དབྱངས་ཀྱིས་འདི་བཞིན་བརྗོད༔ ཀྱཻ་གསོན་ཅིག་དགོངས་ཤིག་ཚེ་འདས་རིགས་ཀྱི་བུ༔ ཤུལ་དུ་མཆིས་པའི་ཉེ་དུ་བརྩེ་བ་ཡི༔ གདུང་སེམས་ཆེ་ཡང་འབྲལ་མི་ཕོད་པའི་ངང༔ ཟས་དང་གོས་དང་ནོར་རྫས་ལ་སོགས་ཀུན༔ བྱིན་ཡང་ཁྱོད་ལ་ཕན་པའི་སྐལ་བ་བྲལ༔ ལོངས་སྤྱོད་འདོད་པའི་ཡོན་ཏན་རྣམ་པ་ལྔ༔ གང་ལ་ཆགས་ཀྱང་སྤྱོད་པའི་རང་དབང་མེད༔ དེ་ཕྱིར་ལྷ་སྔགས་ཏིང་འཛིན་ནུས་པའི་མཐུས༔ དམིགས་ཡུལ་ཁྱོད་ལ་རྩེ་གཅིག་སེམས་ཀྱིས་བསྔོ༔ དཀོན་མཆོག་གསུམ་གྱི་བྱིན་རླབས་མཐུ་ཆེ་བས༔ བར་དོའི་ཡིད་ལུས་གཏད་མེད་འཁྱམས་པ་ལ༔ སྡོད་པའི་གནས་ཁང་གཞལ་ཡས་ཁང་དུ་བསྔོ༔ བཟའ་བའི་ཟས་ཀུན་ལྷ་ཡི་ཞལ་ཟས་དང༔ བཀྲེས་སྐོམ་ཚ་གྲང་སེལ་བའི་བདུད་རྩིར་བསྔོ༔ ཡོ་བྱད་རྐང་འགྲོས་ལོངས་སྤྱོད་ཐམས་ཅད་ཀུན༔ ཟད་མེད་ནམ་མཁའ་མཛོད་ཀྱི་དཔལ་དུ་བསྔོ༔ དེ་ལྟར་བསྔོས་པས་ཚེ་འདས་ཁྱོད་ཉིད་ཀྱི༔ སྲིད་པ་བར་དོར་བཀྲེས་སྐོམ་ཚ་གྲང་དང༔ སྡུག་བསྔལ་མ་ལུས་གང་དང་ཅི་བྱུང་ཡང༔ ཐམས་ཅད་བདེ་སྐྱིད་སྣང་བར་འཆར་བར་ཤོག༔ སེམས་ཀྱི་འཁྲུལ་སྣང་འཇིག་སྐྲག་ཅི་ཤར་ཡང༔ ཐམས་ཅད་ལྷ་དང་བླ་མའི་སྣང་བར་གྱུར༔ འཁོར་བའི་གནས་འདིར་ཞེན་པ་དང་བྲལ་ཏེ༔ བདེ་ཆེན་ཞིང་དུ་གཏན་སྲིད་ཟིན་པར་ཤོག༔ དེ་ནས་ཟས་སྐོམ་གསུར་དུད་གཏོང༔ གང་ཟག་དབང་པོའི་རིམ་པ་བཞིན༔ ཕན་པར་འགྱུར་བ་གདོན་མི་ཟ༔ གསང་སྔགས་ཐབས་ཀྱི་ཆེ་བ་ལ༔ ལོག་པར་རྟོག་པ་ངན་འགྲོའི་རྒྱུ༔ དེ་ཕྱིར་ཡིད་གཉིས་ཐེ་ཚོམ་སྤོངས༔ ཕུང་པོ་ཡོན་དུ་འབུལ་བ་ནི༔ ཨེ་མ་ཧོ༔ ཚེ་ལས་འདས་པའི་མ་དག་ཕུང་པོ་ལྔ༔ རིགས་ལྔ་རྒྱལ་བའི་ཚོགས་ལ་ཡོན་དུ་འབུལ༔ ཡོན་དུ་བཞེས་ལ་རིགས་ལྔའི་ཞིང་ཁམས་སུ༔ ལམ་སྟོན་གནས་སྤོར་དབུགས་དབྱུང་མཛད་དུ་གསོལ༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ༔ ཚེ་འདས་མ་དག་སྒོ་གསུམ་ཡོན་དུ་འབུལ༔ ཡོན་དུ་བཞེས་ལ་སྐུ་གསུམ་ཞིང་ཁམས་སུ༔ འདྲེན་པའི་དེད་དཔོན་བཤེས་གཉེན་མཛད་དུ་གསོལ༔ བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་ལ༔ ཚེ་འདས་རྣམ་ཤེས་ཚོགས་བརྒྱད་ཡོན་དུ་འབུལ༔ ཡོན་དུ་བཞེས་ལ་བདེ་ཆེན་ཞིང་ཁམས་སུ༔ ལམ་སྟོན་གནས་སྤོར་དབུགས་དབྱུང་མཛད་དུ་གསོལ༔ འདྲེན་པའི་བླ་མ་འོད་དཔག་མེད་པ་ལ༔ ཚེ་འདས་ལུས་དང་ལོངས་སྤྱོད་ཡོན་དུ་འབུལ༔ ཡོན་དུ་བཞེས་ལ་པདྨ་བཀོད་ཞིང་དུ༔ གདམས་ངག་ཆོས་བསྟན་ས་བཅུའི་རྒྱུན་མཐའ་དེར༔ འོད་ཟེར་ཆེན་པོའི་དབང་བསྐུར་མཆོག་བསྩལ་ནས༔ ཉིད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་པར༔ དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ དེ་ནས་ལམ་སྟོན་གནས་སྤར་ནི༔ སྙན་པའི་དབྱངས་ཀྱིས་འདི་བཞིན་བརྗོད༔ ཨེ་མ་ཧོ༔ ལེགས་པར་གསོན་ཅིག་ཚེ་འདས་རིགས་ཀྱི་བུ༔ སྲིད་པའི་རྩེ་ནས་ན་རཀ་དམྱལ་བ་ཡན༔ འཁོར་བའི་གནས་རིས་མཆོག་དམན་གར་སྐྱེས་ཀྱང༔ སྡུག་བསྔལ་གསུམ་གྱི་རང་བཞིན་མ་གཏོགས་པ༔ གཏན་གྱི་བདེ་བ་ཅུང་ཟད་ཙམ་ཡང་མེད༔ དེ་ཕྱིར་འཁོར་བའི་གནས་འདིར་ཞེན་པ་སྤོངས༔ ཞིང་ཁམས་འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ འཆི་མེད་རྔ་སྒྲའི་ཞིང་ཁམས་ཞེས་བྱ་ཡོད༔ ཞིང་ཁམས་དེ་རུ་ལྷ་མིའི་སྟོན་པ་ནི༔ འདྲེན་པའི་གཙོ་བོ་འོད་དཔག་མེད་མགོན་བཞུགས༔ རྒྱལ་སྲས་ཐུ་བོ་སྤྱན་རས་གཟིགས་དབང་དང༔ མཐུ་ཆེན་ཐོབ་དང་རྗེ་བཙུན་འཇམ་པའི་དབྱངས༔ གཞན་ཡང་བདེ་གཤེགས་མཆེད་བརྒྱད་ཉན་རང་དང༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ ཞིང་ཁམས་དེ་ཉིད་ཡིད་ཀྱི་འདུན་པས་ཟུངས༔ མ་ཡེངས་མི་བརྗེད་རྩེ་གཅིག་དྲན་པའི་ངང༔ ཁྱོད་ཀྱི་སེམས་ཉིད་ཡི་གེ་ཧྲཱིཿདཀར་པོ༔ མིང་བྱང་རྟེན་ལས་དཔག་ཆེན་མདའ་བཞིན་དུ༔ ཤར་གྱིས་ཐོན་ཏེ་རྒྱངས་གྱིས་མཁའ་ལ་སོང༔ འོད་དཔག་མེད་ཀྱི་ཐུགས་དང་དབྱེར་མེད་འདྲེས༔ སླར་ལ་ལྡོག་མེད་སྐུ་ལྔས་རྒྱས་གདབ་བོ༔ དམིགས་པ་སྲང་ལ་རབ་གཞུར་ནས༔ ཡི་གེ་ཧྲཱིཿཡིག་ལྔ་ཚར་བརྗོད༔ མཐར་ནི་ཕཊ་སྒྲ་ལན་གསུམ་གྱིས༔ དབྱིངས་སུ་བསྐྱལ་བ་མན་ངག་གོ༔ མིང་བྱང་བག་ཆགས་ཀུན་གཞིའི་རྟེན༔ མེ་ལ་བསྲེགས་ཤིང་འདི་སྐད་དོ༔ ཧོ༔ དམིགས་ཡུལ་ཚེ་ལས་འདས་པ་དེ་ཉིད་ཀྱི༔ གློ་བུར་བག་ཆགས་སྣ་ཚོགས་བསགས་པའི་རྟེན༔ ཀུན་གཞིའི་རྣམ་ཤེས་ལས་ཉོན་སྒོ་ལྔར་བཅས༔ སྐྱེ་འགགས་བྲལ་བའི་ཡེ་ཤེས་མེ་ལ་བསྲེག༔ ཡེ་ཐོག་གདོད་མའི་གྲོལ་གཞི་མངོན་གྱུར་ཏེ༔ མཐའ་ཡས་འགྲོ་བའི་དཔལ་དུ་གཟུགས་ཀྱི་སྐུ༔ འགགས་མེད་ཆུ་ཟླའི་རོལ་གར་ཇི་བཞིན་དུ༔ འཁོར་བ་མ་སྟོང་བར་དུ་འབྱུང་བར་ཤོག༔ ཅེས་བརྗོད་མིང་བྱང་མེ་ལ་བསྲེགས༔ དམིགས་མེད་ངང་དུ་མཉམ་པར་བཞག༔ སྤྱོད་ལམ་ལྷ་སྔགས་ཏིང་འཛིན་ངང་༔ དུས་རྣམས་ཀུན་ཏུ་དོན་ཡོད་བྱ༔ ཨེ་མ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི༔ སྒྲུབ་ཐབས་ཟླ་གཞོན་སྤྲིན་བྲལ་ལས༔ མ་ཚང་ཁ་སྐོང་གདམས་པའི་གནད༔ གཤིན་ཆོག་ཐར་ལམ་ཐེམ་སྐས་འདི༔ ལྷ་དང་བླ་མའི་བྱིན་རླབས་མཐུས༔ དུས་བབ་ངན་འགྲོར་འཁྱམས་པ་ཡི༔ གཟུགས་ཅན་གཟུགས་མེད་འགྲོ་བ་ལ༔ སེམས་བསྐྱེད་ལྡན་པས་སྤེལ་ནུས་ན༔ འཕྲང་རིང་བར་དོའི་སྡུག་བསྔལ་དང༔ རིགས་དྲུག་བཟོད་དཀའི་གཡང་ས་ལས༔ ཐར་བར་འགྱུར་བ་གདོན་མི་ཟ༔ སྔོན་དུས་སྨོན་ལམ་དག་པའི་མཐུས༔ པདྨའི་བྱིན་རླབས་དབང་བསྐུར་ཐོབ༔ དག་སྣང་ཟབ་མོའི་གཏེར་ཁ་ཕྱེ༔ སྐལ་བ་ལྡན་པའི་སྤྱོད་ཡུལ་ལས༔ སྐལ་མེད་ལོག་ལྟ་ཅན་ལ་གསང༔ བཀའ་ཡི་སྲུང་མ་དུད་སོལ་མས༔ རྟག་ཏུ་མེལ་ཚེ་བྱ་ར་གྱིས༔ རྟོག་གེ་ཅན་གྱིས་བཅོས་བསླད་དང༔ ཟུར་ཟའི་གཤེ་སྐུར་འདེབས་པ་རྣམས༔ སོས་དལ་ངང་དུ་ཅི་བདེར་སྡོད༔ རང་སེམས་དག་པའི་དཔང་པོ་ཡོད༔ བསླུས་ན་ལྷ་དང་བླ་མ་ཞན༔ དེ་ཕྱིར་གུས་པས་དང་དུ་ལོངས༔ གུ་ཧྱ༔


previousགཤིན་པོ་ཐར་བའི་ལམ་བགྲོད་པའི་ལམ་གྱི་རྒྱགས་ཕྱེ་ཟག་མེད་གཏེར་གྱི་བུམ་པ།next