Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡིག་དྲུག་སྐུལ་འདེབས་དད་པའི་ཤིང་རྟ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡིག་དྲུག་སྐུལ་འདེབས་དད་པའི་ཤིང་རྟ།next

ཡིག་དྲུག་སྐུལ་འདེབས་དད་པའི་ཤིང་རྟ།

༄༅། ཡིག་དྲུག་སྐུལ་འདེབས་དད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།། ཁམས་གསུམ་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །འགྲོ་རྣམས་བསྒྲལ་ནས་རྣམ་མཁྱེན་སར་འགོད་ཕྱིར། །དཀོན་མཆོག་གསུམ་གྱི་རང་བཞིན་སྤྱན་རས་གཟིགས། །མི་འབྲལ་གུས་པའི་ཡིད་ཀྱིས་སྐྱབས་སུ་མཆི། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་རབས་དྲིན་གྱིས་བསྐྱངས་བའི་མར་གྱུར་འགྲོ། །འཁྲུལ་སྣང་རྨི་ལམ་ལྟ་བུའི་རིགས་དྲུག་པོའི། །ལས་སྣང་སོ་སོར་སྣང་བ་འཕགས་མཆོག་གི། །གསང་གསུམ་ངོ་བོར་དག་ཕྱིར་སེམས་བསྐྱེད་དོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གདོད་ནས་དག་པ་སེམས་ཉིད་དབང་ཆེན་གཞི། །བྱང་ཆུབ་སྨོན་འཇུག་ཚད་མེད་རྣམ་པ་བཞིའི། །རི་རབ་གླིང་བཞི་ཉི་ཟླའི་ཚོམ་བུར་བཅས། །སྐྱབས་ཀུན་འདུས་པ་ཐུགས་རྗེའི་ལྷ་ལ་འབུལ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྐུ་ནི་འཕགས་ཚོགས་ཀུན་འདུས་དགེ་འདུན་སྡེ། །གསུང་མཆོག་ཟབ་དང་རྒྱ་ཆེ་དམ་པའི་ཆོས། །གང་ཐུགས་རྣམ་མཁྱེན་ཡང་དག་རྫོགས་སངས་རྒྱས། །འཕགས་མཆོག་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྟོང་ཉིད་སྙིང་རྗེ་བྱང་ཆུབ་སེམས་མཆོག་གིས། །རང་གཞན་རྒྱུད་གྲོལ་རྩ་རྒྱུད་བླ་མ་དང་། །ཡི་དམ་ལྷ་མཆོག་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཀུན་འདུས་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེ་ལྟར་གསོལ་བཏབ་ནུས་པས་བདག་སོགས་འགྲོའི། །ཐ་མལ་འཁྲུལ་སྣང་སྒོ་གསུམ་ཉེས་པའི་སྤྲིན། །ཡོངས་གྲུབ་འཕགས་པའི་གསང་གསུམ་མཁའ་དབྱིངས་སུ། །རྣམ་པར་གྲོལ་ཕྱིར་གསུང་མཆོག་འཛབ་དབྱངས་སྒྲོགས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ༈ ལེགས་པར་གསོན་དང་སྐལ་བཟང་སྐྱེ་བོའི་ཚོགས། །འཁོར་བའི་སྡུག་བསྔལ་རྟག་པར་འཛིན་ལས་བྱུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཐར་བའི་ཡོན་ཏན་མི་རྟག་བསྒོམ་ལས་བྱུང་། །རྟག་པའི་བློ་སྣ་སྟུངས་ལ་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྐྱེས་པའི་སྒྱུ་ལུས་ལྷ་ཡི་བུ་འདྲ་ཡང་། །མི་གཙང་རང་བཞིན་ཤུལ་དུ་བསྐྱུར་ནས་འགྲོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཆི་མེད་གདོད་མའི་བཙན་ས་འཛིན་འདོད་ན། །རྟག་འཛིན་བློ་སྣ་སྟུངས་ལ་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བསགས་པའི་ནོར་རྫས་རྨི་ལམ་ལོངས་སྤྱོད་བཞིན། །ཅི་ཙམ་འབྱོར་ཡང་འཆི་ཚེ་ཤུལ་དུ་ལུས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཕན་ངེས་འཕགས་པའི་ནོར་གྱིས་ཕྱུག་འདོད་ན། །བསགས་བསྲུང་སྡུག་བསྔལ་སྤོངས་ལ་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ མཛའ་བཤེས་གཉེན་འདུན་མང་པོས་མཐའ་བསྐོར་ཡང་། །གྲོགས་མེད་གཅིག་པུར་རང་ཉིད་འཆི་བར་ངེས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གཏན་གྲོགས་འཕགས་པའི་གྲོགས་དང་འགྲོགས་འདོད་ན། །བསླབ་གསུམ་དང་དུ་ལོངས་ལ་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འདོད་པའི་ལོངས་སྤྱོད་ཆུ་ཡི་ལྦུ་བ་ལྟར། །ཅི་ཙམ་སྤྱད་ཀྱང་སྙིང་པོ་འགའ་མེད་པས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡུལ་ལྔའི་བདེ་བ་དུག་ཅན་ཟས་བཞིན་དུ། །སྤྲོ་དགའི་ཞེན་པ་སྤོངས་ལ་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཁོར་བ་མཐོ་དམན་གང་དུ་སྐྱེས་གྱུར་ཀྱང་། །མེ་ཡི་འོབས་ལྟར་བདེ་བའི་གོ་སྐབས་མེད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞི་བདེ་བསིལ་བ་ཐར་བའི་གྲོང་མཆོག་ཏུ། །འཇུག་ཐབས་མཆོག་གྱུར་སྙིང་པོ་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཟབ་རྒྱས་ཆོས་ཀུན་གཅིག་བསྡུས་ཡི་གེ་དྲུག །དུས་གསུམ་རྒྱལ་བའི་གཤེགས་ཤུལ་རྨད་དུ་བྱུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འདི་ཉིད་ཁོ་ནར་ཡིད་ཆེས་གདེངས་རྙེད་པས། །ལྟ་སྒོམ་སྤྱོད་གསུམ་ལྡན་པས་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྐྱབས་ཀུན་འདུས་ཞལ་འཕགས་མཆོག་དགོངས་སུ་གསོལ། །བདག་ཅག་རྣམས་ཀྱི་དུས་གསུམ་དགེ་བའི་ཚོགས། །དུས་གསུམ་ཀུན་ཏུ་བགྱིས་དང་བགྱིད་འགྱུར་ཀུན། །འགྲོ་ཀུན་རྣམ་མཁྱེན་སངས་རྒྱས་ཐོབ་ཕྱིར་བསྔོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དམིགས་པ་དང་བཅས་དགེ་རྩ་ཅི་བསགས་ཀྱང་། །ཟག་བཅས་འཁོར་བའི་རྒྱུ་ལས་མ་འདས་པས། །སྟོང་ཉིད་སྙིང་རྗེ་ཟབ་མོས་རྣམ་དཀར་ཀུན། །མི་གནས་མྱ་ངན་འདས་པའི་རྒྱུ་རུ་བསྔོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཕན་བདེའི་འབྱུང་གནས་རྒྱལ་བསྟན་དར་ཞིང་རྒྱས། །བསྟན་འཛིན་དམ་པའི་མཛད་ཕྲིན་ཆོས་བཞིན་འགྲུབ། །སྦྱིན་བདག་འཁོར་བཅས་ཚེ་རིང་ནད་མེད་ཅིང་། །མཐར་ཐུག་སངས་རྒྱས་འགྲུབ་པའི་བཀྲ་ཤིས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དམིགས་ཡུལ་འདིས་མཚོན་དུས་གསུམ་འབྲེལ་ཐོག་ཀུན། །མགོན་པོ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་ནས། །སྲིད་པའི་འཇིགས་བྲལ་ཞི་བའི་ཕ་མཐར་སོན། །ས་བཅུ་ལམ་ལྔའི་དཔལ་ཡོན་མཐར་ཕྱིན་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཐེག་གསུམ་དམ་པའི་ཆོས་ལ་ཞུགས་པའི་མཐུས། །སྒོ་གསུམ་ཐ་མལ་སྐྱོན་ལས་རབ་གྲོལ་ནས། །སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་འགྲུབ་ཕྱིར། །གསུང་མཆོག་ཡིག་དྲུག་ལན་གསུམ་གསུང་བར་ཞུ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རྨད་བྱུང་ཐོས་བསམ་འབྲས་བུས་རྒྱུད་གྲོལ་ནས། །དམ་པའི་ཡོན་ཏན་མ་ལུས་མཐར་ཕྱིན་པའི། །ལྷ་གྲོགས་དམ་པ་ཟུང་གིས་བསྐུལ་བའི་ངོར། །ཆོས་གཟུགས་སྤྲུལ་མིང་འཛིན་པས་སྨྲས་པ་དགེ།། བཀྲ་ཤིས། དགེའོ།།


previousཡིག་དྲུག་སྐུལ་འདེབས་དད་པའི་ཤིང་རྟ།next