Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་ལོ་རྒྱུས་སམ་ཆོས་བཤད་བསྡུས་པ་ཧོར་བླས་མཛད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་ལོ་རྒྱུས་སམ་ཆོས་བཤད་བསྡུས་པ་ཧོར་བླས་མཛད་པ།next

ཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་ལོ་རྒྱུས་སམ་ཆོས་བཤད་བསྡུས་པ་ཧོར་བླས་མཛད་པ།

༄༅། ཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་ལོ་རྒྱུས་སམ་ཆོས་བཤད་བསྡུས་པ་བཞུགས། འོ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་མི་སློབ་པའི་ཟུང་འཇུག་འཕགས་མཆོག་ཚེ་ལྷ་ཡབ་ཡུམ་དེ་ཉིད་ཀྱི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་ཉན་པའི་ཀུན་སློང་དང་ཀུན་སྤྱོད་རྣམས་ཀྱང་རྡོ་རྗེ་ཐེག་པའི་གཞུང་ལུགས་རིན་པོ་ཆེ་རྣམས་ལས་ཇི་སྐད་གསུངས་པ་བཞིན་དུ་སྤང་བླང་མ་ནོར་པའི་ཚུལ་གྱིས་གསལ་བཏབ་ཏེ་ཉན་པར་མཛོད། དེ་ལ་སྤྱིར་མཐོ་རིས་ཀྱི་རྟེན་བཟང་ཐོབ་ནས་དེའི་ཡོན་ཏན་གྱི་ཁྱད་པར་བདུན་ལས་གཙོ་བོར་གྱུར་པ་ཚེ་རིང་བ་ཁོ་ན་ཡིན་ཀྱང་། ཁྱད་པར་མི་ལུས་ཆོས་ལྡན་གྱི་ཚེ་རིང་དུ་གནས་པ་ནི་འཕྲལ་ཡུན་བདེ་ལེགས་ཐམས་ཅད་ཀྱི་རྩ་བར་གྱུར་པས་འཇིག་རྟེན་གྱི་ཁམས་འདིར་དོན་དུ་གཉེར་བྱའི་མཆོག་ཡིན་ཅིང་། སྙིགས་མའི་དུས་འདིར་རྒྱུ་ལས་ངན་ལ་སྤྱོད་པའི་དབང་གིས་ཚེ་ཐུང་ཞིང་དུས་མ་ཡིན་པར་འཆི་བའི་བར་ཆད་མང་བས་ཚེ་སྲོག་རིང་པོར་མི་འཚོ་ཞིང་ཚེ་ལ་གནོད་པའི་གློ་བུར་གྱི་ཉེར་འཚེ་མང་སྟེ། སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བ་མང་། །ཞེས་དང་། དགོས་སུ་ཆོས་སྒྲུབ་པ་ལ་བར་ཆད་དང་དུས་མ་ཡིན་པར་འཆི་རྐྱེན་མང་བ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པོའི་རྐྱེན་ནི་ཉུང་ཟད་ཅིག །ཅེས་གསུངས་པས། དུས་མིན་པར་འཆི་བའི་རྐྱེན་མཐའ་དག་ཞི་བ་དང་། ཚེ་འཕེལ་བའི་ཐབས་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་ཡས་པ་ཞིག་མཆིས་པ་ལས། མཆོག་གམ་ཕུལ་དུ་གྱུར་པ་ནི་རྡོ་རྗེ་ཐེག་པའི་སྨིན་གྲོལ་བསྐྱེད་རྫོགས་ལ་བརྟེན་པ་རྣམས་ཡིན། ཇི་སྐད་དུ། ཚེ་རིང་འདོད་ན་བླ་མ་ལོངས་སྐུ་སྒྲུབ། །ཅེས་ཆེད་དུ་གདམས་པ་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་ལོངས་སྐུ་ཐུགས་རྗེ་ཆེན་པོ་ཚེ་ལྷ་ཡབ་ཡུམ་གྱི་ཚུལ་དུ་སྣང་བའི་འཁོར་དུ་བཅོམ་ལྡན་རྒྱལ་བ་རིགས་ལྔ་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་ཚེ་ཡི་ལྷ་ཚོགས་ཀྱི་རྣམ་པར་བཞེངས་ནས། སྒྲུབ་བྱའི་བླ་སྲོག་རྣམ་ཤེས་འབྱུང་ལྔའི་དབྱིངས་སུ་འཁྱམས་པ་ཡུམ་ལྔའི་ཀློང་དུ་བསྟིམ་ནས་ཡེ་ཤེས་ལྔས་རྒྱས་གདབ་པར་མཛད་པའི་ཚེ་ཡི་སྒྲུབ་པ་ཟབ་ཅིང་བྱིན་རླབས་ཀྱི་སྒོ་ཁྱད་པར་ཅན་དང་ལྡན་པ་འདི་ཉིད་བསྒྲུབ་པའི་བཀའ་སྲོལ་ནི། དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཨོ་རྒྱན་གྱི་མཁན་པོ་པདྨ་ཀ་རས་ལས་ཅན་གྱི་རྗེ་འབངས་རྣམས་དང་། མ་འོངས་སྙིགས་མའི་འགྲོ་བ་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ། བླ་མ་ལོངས་སྐུའི་ཚེ་ཆོག་ཟབ་ལམ་གྱི་གདམས་པ་བྱིན་ཅན་འདི་ཐུགས་ཀྱི་གཟུངས་མ་འཕུར་འགྲོའི་གཙོ་མོ་མཁར་ཆེན་མཚོ་རྒྱལ་ལ་མི་བརྗེད་པའི་རྒྱས་བཏབ་ཏེ་མཆོང་མཛོད་སྨུག་པོའི་སྒྲོམ་དུ་སྦ་བར་མཛད་པ་འབྱུང་འགྱུར་གྱི་ཆ་ལུང་བསྟན་པ་ནི༔ རང་གཞུང་ལས། ཨེ་མ་ཡང་ཟབ་འཕགས་པའི་ཆ་ལག་ཏུ༔ ཚེ་སྒྲུབ་རྡོ་རྗེ་སྙིང་པོ་འདི༔ ད་ལྟར་པདྨ་བདག་ཉིད་ཀྱིས༔ མངའ་བདག་ཆོས་ཀྱི་རྒྱལ་པོ་དང༔ འབངས་རིགས་སྐལ་ལྡན་ཉི་ཤུ་གཅིག༔ མཚོ་རྒྱལ་སྐུ་ཚེ་མཐར་ཕྱིན་ཕྱིར༔ མོས་གུས་བསྐུལ་མ་བྱུང་བར་བརྟེན༔ སྨིན་གྲོལ་གཏད་རྒྱ་སྨོན་ལམ་བྱས༔ མ་འོངས་ཨོ་རྒྱན་བདག་ཉིད་དང༔ མཚོ་རྒྱལ་ཀླུ་ཡི་དབང་པོ་ཡི༔ བྱིན་རླབས་སྙིང་ལ་ཞུགས་པའི་བུ༔ ལས་སྐལ་ལྡན་པའི་གང་ཟག་དེར༔ དག་སྣང་གཏེར་ཁ་རྡོལ་བའི་ཚེ༔ རིག་འཛིན་མཁའ་འགྲོའི་བརྡས་བསྐུལ་བཞིན༔ སྐལ་ལྡན་ཆོས་ཀྱི་བདག་པོ་ལ༔ འཕྱུག་མེད་རྟེན་འབྲེལ་ལེགས་འགྲིག་ན༔ གེགས་ཞི་འགྲོ་དོན་མཐར་ཕྱིན་འགྱུར༔ ཞེས་གསུངས་པ་དང་། གཏེར་འདོན་པ་པོ་ཡང་དག་སྣང་གི་ཆོས་སྡེ་ལ་ཡིད་ཆེས་པའི་རྡོ་རྗེའི་ལུང་གིས་དཔང་པོར་བསྔགས་ཚུལ་ནི། འཕགས་པའི་སྒྲུབ་ཐབས་ཟླ་གཞོན་སྤྲིན་བྲལ་ལས། ལང་གྲོ་དཀོན་མཆོག་འབྱུང་གནས་དང་༔ བདག་ཉིད་མཚོ་རྒྱལ་ཕྲིན་ལས་སྤྲུལ༔ གཅིག་བསྡུས་འགྲོ་ཕན་སེམས་དཔའི་རིགས༔ དཔལ་གྱི་མིང་ཅན་རྣལ་འབྱོར་དེར༔ དག་སྣང་ཆོས་ཀྱི་གཏེར་ཁ་རྡོལ༔ ཅེས་དང་། ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་སྐལ་ལྡན་ལུང་བྱང་ལས། རྡོ་རྗེ་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ བྱ་འམ་ཁྱི་ཡི་ལོ་པ་གསང་སྨེ་ཅན༔ རྒྱལ་གྱི་མིང་ཅན་མདོ་ཁམས་སྨད་ནས་འབྱུང་༔ ཞེས་དང་། ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་ལམ་བདེ་གཤེགས་འདུས་པའི་ལུང་བསྟན་དུས་གསུམ་གསལ་བྱེད་ལས། མཚོ་རྒྱལ་སྤྲུལ་པ་རྒྱལ་གྱི་མིང་འཛིན་པ༔ གཡུ་རོང་ཕྱོགས་སུ་ངེས་འབྱུང་ལྡན་པ་འབྱུང༔ ཅེས་དང་། གྲུབ་དབང་རྫོགས་ཆེན་བཞི་པའི་ལུང་བསྟན་ལས། འཁོན་ཆེན་ཀླུ་ཡི་དབང་པོ་ཉི་མ་གྲགས༔ སྤྲུལ་པའི་ཆ་ཤས་ལུས་སྨིན་ཚུལ་ཁྲིམས་བསྲུང༔ སེམས་སྨིན་རིག་པའི་ཡེ་ཤེས་སྒྲོན་མེ་སྦར༔ མ་རིག་མུན་པའི་སྨག་རུམ་བསལ་བར་བྱས༔ བྱི་བའི་ཚངས་ཁང་ཀུ་ཤ་སྔོ་ལྗང་སྟེང༔ ཆུ་ཤེལ་ནོར་བུ་དེ་ལ་མཇལ་བས་ལྟོས༔ དགེ་ལེགས་འདོད་འཇོ་ཙན་ཏན་ལྗོན་པའི་ཁྲོད༔ དྲི་བསུང་མེ་ཏོག་དམར་ལ་བུང་བ་འདུ༔ ཞེས་དང་། དམ་ཆོས་བདེ་ཆེན་ལམ་མཆོག་གི་སྐལ་ལྡན་ལུང་བསྟན་ལས། ང་ཡི་ཆོས་ལ་དབང་བ་ནི༔ སྐལ་ལྡན་སྐྱེས་བུ་མཐའ་མིའི་རིགས༔ བརྒྱུད་འཛིན་དམ་པ་སྨད་ནས་འབྱུང་༔ སྙིང་ཐིག་སྲུང་མས་སྡོང་གྲོགས་བྱེད༔ ཅེས་དང་། རིག་འཛིན་གསང་སྔགས་གླིང་པའི་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡེ་ཤེས་སྙིང་པོའི་ལུང་བྱང་ལས། མདོ་ཁམས་སྨད་ནས་ཀླུ་དབང་གི༔ སྐྱེ་མཐའ་མ་ཧཱ་ཙི་ནའི་རིགས༔ ཤེས་རབ་ཆེ་ཞིང་བྱང་སེམས་ལྡན༔ ལས་ཀྱི་རིགས་རྟགས་འཆང་བ་འབྱུང་༔ ཞེས་རང་གཞན་གྱི་གཏེར་ལུང་དུ་མ་ནས་གསལ་བའི་དུས་བབས་ཀྱི་གཏེར་སྟོན་མཆོག་གྱུར་ལུང་རིག་གླིང་པ་རྩལ་གྱི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ཚེ་སྒྲུབ་འཆི་མེད་བདེ་སྟེར་ཞེས་བྱིན་རླབས་ཀྱི་དྲོད་མ་ཡལ། དངོས་གྲུབ་ཀྱི་ཆར་རྒྱུན་མ་ཉམས། བརྒྱུད་པ་ལ་སེལ་མ་ཞུགས་པའི་གདམས་པ་ཟབ་མོ་འདིའི་སྒོ་ནས་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་ལས་ཇི་ལྟར་བྱུང་བ་བཞིན་སྔོན་དུ་གྲུབ་ཟིན། ད་སློབ་མ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་བ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་དྲུང་དུ་སྨིན་བྱེད་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྚལ་འབུལ་བར་མཛོད། ༧ དེ་ལྟར་མཎྚལ་ཕུལ༴སོགས། ཅེས་ཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་ལོ་རྒྱུས་སམ་ཆོས་བཤད་བསྡུས་པ་བདག་འདྲའི་ཐོས་དམན་རྣམས་ཀྱི་བློ་རྟེན་འབོལ་རྩོམ་འདི་རིག་འཛིན་ལུང་རིག་གླིང་པ་དང་། ཨོ་རྒྱན་ཆེན་པོ་དབྱེར་མེད་ཀྱིས་རྗེས་སུ་བསྐྱངས་པའི་ཧོར་བན་གཞན་ཕན་བཟང་པོ་ཞེས་ལུགས་གཉིས་བྱ་བས་དབེན་པའི་དཱ་རུ་ཏྲ་དེས་སྨྲས་པ་དུས་གསུམ་དུ་དགེའོ༎


previousཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་ལོ་རྒྱུས་སམ་ཆོས་བཤད་བསྡུས་པ་ཧོར་བླས་མཛད་པ།next