Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
གསང་བདག་བསྐང་བ་མགོ་སྤྲུལ་གྱིས་མཛད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསང་བདག་བསྐང་བ་མགོ་སྤྲུལ་གྱིས་མཛད་པ།next

གསང་བདག་བསྐང་བ་མགོ་སྤྲུལ་གྱིས་མཛད་པ།

༄༅། གསང་བདག་གཏུམ་པོའི་ཐུགས་སྒྲུབ་སྙིང་པོའི་བསྐང་བ་བཞུགས། བསྐང་རྫས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ། །གདུང་དབྱངས་རོལ་མོ་བཅས་པས་འདི་བཞིན་བྱའོ། །ཧཱུྃ་ཧཱུྃ། ཆོས་དབྱིངས་སྐྱེ་མེད་སྤྲོས་བྲལ་ངང་ཉིད་ལས། །འགགས་མེད་སྒྱུ་འཕྲུལ་གར་གྱིས་རྣམ་རོལ་བའི། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །རང་བཞིན་དབྱིངས་ནས་བསྐང་བའི་གནས་འདིར་གཤེགས། །ཚོགས་ཁང་གཞལ་ཡས་འདི་ལ་བརྟན་པར་བཞུགས། །ཕྱི་ནང་གསང་གསུམ་བསྐང་རྟེན་རྫས་ཀྱིས་མཆོད། །ལུས་ངག་ཡིད་གསུམ་དད་གུས་ལྡན་པས་བསྟོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ་ཧཱུྃ། སྐུ་གསུམ་ཞིང་ནས་འགྲོ་དོན་སྐུར་སྣང་བ། །ཀུན་བཟང་རིགས་ལྔ་གསང་བདག་པདྨ་འབྱུང་། །མཚོ་རྒྱལ་མངའ་བདག་རླངས་ཆེན་དཔལ་སེང་དང་། །དཔལ་གྱི་དབང་ཕྱུག་ཀླུ་དབང་ལུང་རིག་གླིང་། །རིག་འཛིན་བཟང་པོ་མ་ཏིའི་མཚན་ཅན་སོགས། །དྲིན་ཆེན་རྩ་རྒྱུད་བླ་མའི་ཐུགས་དམ་བསྐང་། །ཁྱེད་རྣམས་ཐུགས་དམ་བསྐང་བའི་དམ་རྫས་ནི། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་མཆོད་ཚོགས། །བསྐང་རྫས་སྒྲུབ་རྫས་རྟེན་རྫས་སྣ་ཚོགས་དང་། །བདུད་རྩི་སྨན་དང་རཀྟ་བྷ་ལིང་ཏ། །འདོད་ཡོན་ལོངས་སྤྱོད་བཟའ་བཏུང་ཚོགས་འཁོར་སོགས། །རབ་འབྱམས་ནམ་མཁའི་ཁྱོན་ཀུན་ཡོངས་བཀང་བའི། །རྨད་བྱུང་མཆོད་སྤྲིན་རྒྱ་མཚོས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། གནས་མཆོག་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །རྒྱལ་བ་ཀུན་གྱི་ཕྲིན་ལས་གཅིག་བསྡུས་པའི། །གསང་སྔགས་རིགས་སྔགས་ཀུན་གྱི་མངའ་བདག་རྗེ། །བདུད་སྡེ་དཔུང་འཇོམས་ལོག་འདྲེན་ཚར་གཅོད་པའི། །བཅོམ་ལྡན་དཔལ་ཆེན་ཁྲོ་བོ་ཡོངས་ཀྱི་རྒྱལ། །གསང་བདག་རྡོ་རྗེ་འཛིན་པའི་ཐུགས་དམ་བསྐང་། །ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། ཁྲོ་རྒྱལ་ཆེན་པོའི་སྐུ་ཡི་གནས་ལྔ་ནས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་པའི་ཁྱུང་། །དཀར་སེར་དམར་ལྗང་མཐིང་མདོག་ཀླུ་རིགས་གསོལ། །ས་བདག་ཀླུ་གཉན་དྲེགས་པའི་སྲོག་སྙིང་འདྲེན། །དུག་ལྔའི་གདོན་ཚོགས་ཡེ་ཤེས་ལྔར་སྒྲོལ་བའི། །བྱ་ཁྱུང་རིགས་ལྔའི་ཚོགས་ཀྱི་ཐུགས་དམ་བསྐང་། །ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། དཔལ་ཆེན་ཁྲོ་རྒྱལ་ཐུགས་ཀྱི་སྤྲུལ་པ་ལས། །ཕྱོགས་བཞིའི་འཁོར་ལོ་འབར་བའི་རྩིབས་སྟེང་དུ། །པད་ཉི་དྲེགས་པ་ཕོ་མོ་བསྣོལ་བའི་ཁར། །ཉོན་མོངས་བདུད་བཞི་འཇོམས་མཛད་ཡེ་ཤེས་སྐུ། །ཁྲོ་བོའི་ཆས་རྫོགས་རང་རྟགས་ཕྱག་རྒྱ་བསྣམས། །གསང་བདག་གཏུམ་པོ་རིགས་བཞིའི་ཐུགས་དམ་བསྐང་། ། ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། ཕྱོགས་བཅུའི་དྲེགས་པ་ཕོ་མོའི་གདན་སྟེང་ནས། །བདུད་དཔུང་འཇོམས་མཛད་ཡེ་ཤེས་ཁྲོ་བོའི་སྐུ། །ཧཱུྃ་དཀར་རྣམ་རྒྱལ་དབྱུག་སྔོན་གཤིན་རྗེ་གཤེད། །མི་གཡོ་རྟ་མགྲིན་འདོད་རྒྱལ་བདུད་རྩི་འཁྱིལ། །ཁམས་གསུམ་རྣམ་རྒྱལ་སྟོབས་ཆེན་ཁྲོ་བོ་བཅུ། །མ་ལུས་འཁོར་དང་བཅས་པའི་ཐུགས་དམ་བསྐང་། ། ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། གཞལ་ཡས་ཆེན་པོའི་ཕྱོགས་བཞིའི་སྒོ་བཞི་ནས། །བདུད་བཞི་འདུལ་མཛད་ཏ་ཀྲྀཏ་སྒོ་བ་བཞི༔ ཁྲོ་བོའི་ཆ་ལུགས་དཀར་སེར་དམར་ལྗང་མདོག །རིགས་རྒྱ་གཡས་དང་རང་རྟགས་གཡོན་ན་བསྣམས། །ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབ་པའི་ལྷ། །རང་རང་སྤྲུལ་འཁོར་བཅས་པའི་ཐུགས་དམ་བསྐང་། ། ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། དཀྱིལ་འཁོར་ཕྱི་རིམ་འཁོར་ཡུག་ལ་གནས་པའི། །དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་དང་། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་ཕྱོགས་སྐྱོང་བཅུ། །ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་ནོར་སྲུང་བརྒྱད། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པའི། །གཙང་རིས་དཔལ་མགོན་འཁོར་བཅས་ཐུགས་དམ་བསྐང་། ། ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། རྒྱལ་བསྟན་དྲི་མེད་སྐྱོང་བར་ཞལ་བཞེས་པའི། །དཔལ་མགོན་ཕྱག་དྲུག་སྔགས་སྲུང་རལ་གཅིག་མ། །དུད་སོལ་ལྷ་མོ་གཟའ་བདུད་རཱ་ཧུ་ལ། །དམ་ཅན་རྡོར་ལེགས་བཙན་རྒོད་དྲག་པོ་རྩལ། །ཚེ་རིང་མཆེད་ལྔ་གནོད་སྦྱིན་མི་ཐུང་སོགས། །གཙོ་འཁོར་སྤྲུལ་པར་བཅས་པའི་ཐུགས་དམ་བསྐང་། །ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། བདེ་སྟོང་ཡེ་ཤེས་ཆེན་པོའི་རོལ་པ་ལས། །རང་བྱུང་རང་ཤར་མཆོད་པའི་སྤྲིན་ཆེན་པོ། །བླ་མེད་ལྷ་ཚོགས་དགྱེས་པ་སྐོང་བའི་རྫས། །ཕྱོགས་ཀྱི་འཁོར་ལོའི་ཁྱོན་ཀུན་འགེང་བ་འདིས། །རྩ་རྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཡི་དམ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །མ་ཚོགས་མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང་། །དམ་ཅན་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་། །བསྐང་དུ་མེད་དེ་སྐྱེ་མེད་དབྱིངས་སུ་བསྐང་། །སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར། །སྒྲོལ་དུ་མེད་དེ་མཉམ་ཉིད་ཀློང་དུ་སྒྲོལ། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བདག་གི་ཉམས་ཆགས་སྡིག་སྒྲིབ་ཀུན་དག་ནས། །ནད་གདོན་བར་ཆད་རྐྱེན་རྣམས་ཞི་བ་དང་། །ཚེ་དབང་ལོངས་སྤྱོད་བསོད་ནམས་རྒྱས་པར་མཛོད། །ཁམས་གསུམ་སྲིད་གསུམ་མ་ལུས་དབང་དུ་སྡུས། །གནོད་བྱེད་དགྲ་བགེགས་འབྱུང་པོ་རྡུལ་དུ་རློགས། །མདོར་ན་ཡིད་ལ་གང་ལྟར་འདོད་པའི་དོན། །རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ་དང་། །རྡོ་རྗེ་འཛིན་གྱི་གོ་འཕང་མྱུར་ཐོབ་ནས། །མཁའ་མཉམ་འགྲོ་བའི་མགོན་དུ་འགྱུར་བར་ཤོག །ཞེས་བརྗོད་ཅིང་སྡོམ་གསུམ་ཉམས་ཆགས་བཤགས་པ་ཟག་མེད་བདུད་རྩིའི་ཁྲུས་བུམ་དང་ཡིག་བརྒྱ་བཟླའོ། །ཡིག་རྙིང་གཞིར་བཞག་ལ་མགོ་སྤྲུལ་པས་ཁ་བསྐང་བྱས་པ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།


previousགསང་བདག་བསྐང་བ་མགོ་སྤྲུལ་གྱིས་མཛད་པ།next