Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབང་གི་མཚམས་སྦྱོར།
   
   
   
   
   


 
previousདབང་གི་མཚམས་སྦྱོར།next

དབང་གི་མཚམས་སྦྱོར།

༄༅། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཁྱབ་བདག་གདོད་མའི་མགོན་པོའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱའོ་སྙམ་པའི་སེམས་བསྐྱེད་ཡང་དག་པ་དང་ལྡན་པའི་སྒོ་ནས། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག །མི་འཛིན་པ་ལྔ་དང་བཅས་པ་སྤངས་ནས་འདུ་ཤེས་བཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་ཞིང་། འདུ་འཛི་དང་རྣམ་གཡེང་ཐམས་ཅད་སྤངས་ཏེ་རྟོག་ཚོགས་གཅིག་དྲིལ་གྱི་སྒོ་ནས་ལེགས་པར་གསན་དགོས་ཏེ། ཇི་སྐད་དུ། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །ཅེས་གསུངས་པའི་དོན་མ་འཛོལ་བར་བའི་ངང་ནས་གསན་པར་ཞུ། གང་ཞིག་གསན་པར་བྱ་བ་ནི། ད་ལམ་ཆོས་བཀའ་འདི་ཉིད་ཀྱི་དབང་དུ་བྱས་ན་གནས་ཕུན་སུམ་ཚོགས་པ་འོག་མིན་གསང་བ་མཆོག་གི་ཕོ་བྲང་དུ། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་བསམ་གྱི་མི་ཁྱབ་པའི་དུས། སྟོན་པ་ཕུན་སུམ་ཚོགས་པ་དཔལ་ཀུན་ཏུ་བཟང་པོ་ཉིད་ལོག་རྟོག་ལྟ་སྣང་ཙམ་དུ་གདུག་པ་ཅན་རྣམས་ཚར་བཅད་པའི་ཕྱིར་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་སྐུར་བཞེངས་ཏེ། འཁོར་ཕུན་སུམ་ཚོགས་པ་རང་བྱུང་རིགས་ལྔའི་ཡེ་ཤེས་རྒྱ་མཚོའི་ཚོགས་དང་བཅས་པ་ལ། ཆོས་ཕུན་སུམ་ཚོགས་པ་རང་བྱུང་བི་ཏོཏྟ་མ་འབུམ་སྡེའི་རྒྱུད་སྡེ་དཔག་མེད་གསུངས། དེ་ནས་རིམ་པར་བརྒྱུད་དེ་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ་བཀའ་བབ་པའོ། །དེ་ལ་ཡང་དབང་གི་ཆུ་བོ་བཞིའི་བབ་ཚུལ་སྤྱི་དང་བྱེ་བྲག་གཉིས་སུ་ཡོད་པ་ལས། པུསྟི་གླེགས་བམ་གྱི་དབང་རྒྱལ་པོ་ཛཿ ཡི་དམ་ལྷའི་དབང་དགའ་རབ་རྡོ་རྗེ། པཎྚི་ཏའི་དབང་བི་མ་མི་ཏྲ། རིག་པ་རྩལ་གྱི་དབང་སློབ་དཔོན་པདྨ་ལ་བབ་པ་ནི་སྤྱིའི་དབང་གི་ཆུ་བོ་བཞི་བབ་ཚུལ་ལོ། བྱེ་བྲག་འདི་ཉིད་ཀྱི་བབ་ཚུལ་ནི། བི་ཏོཏྟ་མ་འབུམ་སྡེའི་རྒྱུད་རྣམས་རིག་འཛིན་རྡོ་རྗེ་ཆོས་ཀྱིས་བསྡུས་ཏེ་གསེར་གྱི་གླེགས་བམ་ལ་བཻཌཱུརྱའི་ཞུན་མས་བྲིས་ཏེ་གཡུ་ཡི་སྒྲོམ་བུར་བསྩལ་ཏེ་རྒྱ་རིམ་པ་བདུན་གྱི་བཏབ་ཏེ་མཁའ་འགྲོ་མ་རྣམས་ལ་གཉེར་དུ་གཏད་ནས་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ་ལས། ཕྱིའི་རིག་འཛིན་ཆེན་པོ་རྣམས་ཀྱིས་གསོལ་བ་བཏབ་པས་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ཀྱིས་སྒྲོམ་བུ་རྣམས་སོ་སོར་གཏད་དུས། གཡུ་ཡི་སྒྲོམ་བུ་པདྨ་འབྱུང་གནས་ལ་བབ་པ་ཞལ་ཕྱེ་བ་ལས་བི་ཏོཏྟ་མ་འབུམ་སྡེའི་རྒྱུད་རྣམས་བྱུང་། གཟིགས་པ་ཙམ་གྱིས་ཐུགས་ལ་མངའ་བར་གྱུར་པས་ན་གླེགས་བམ་གྱི་དབང་ངོ་། །ཡི་དམ་ལྷའི་དབང་ནི་ཕུ་ལ་ཧ་རིའི་ཕུག་ཏུ་བཞུགས་པའི་དུས་ནུབ་གཅིག་སྲོད་ཐུན་ལ་ཕྱག་ན་རྡོ་རྗེས་ལུང་བསྟན་པ་ལྟར་རྒྱལ་པོའི་ཁབ་ཀྱི་ནུབ་ཕྱོགས་དུར་ཁྲོད་ཆེན་པོའི་ལྷོ་ནུབ་དུག་ཤིང་ནག་པོའི་ཚལ་ནས་དངོས་གྲུབ་བླངས་ཏེ་སེམས་ཅན་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་དོ། །པཎྚི་ཏའི་དབང་ནི་པཎྚི་ཏ་ལྔ་བརྒྱའི་ནང་ནས་མཆོག་ཏུ་གྱུར་ཅིང་བསྟོད་ཅིང་བཀུར་བ་རྣམས་སོ། །རིག་པ་རྩལ་གྱི་དབང་ནི་སྤྱིའི་བབ་ཚུལ་གོང་དུ་སོང་བ་ལྟར་རོ། །ཁྱད་པར་གྱི་དབང་བཞི་ཐོབ་པ་ནི། སློབ་དཔོན་པྲ་བྷ་ཧསྟི་ལ་རྡོ་རྗེ་ཕུར་པའི་དབང་ཞུས་པས། ངས་ཁྱེད་ལ་ཕུར་པའི་དབང་བསྐུར་བའི་སྐལ་བ་དང་མི་ལྡན་པས་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་སོང་ཞིག ཅེས་ལུང་བསྟན་པ་ལྟར་དེར་བྱོན་ནས་མཁའ་འགྲོ་མ་བདེ་བའི་འཁོར་ལོ་ལ་དབང་ཞུས་པས་མཁའ་འགྲོ་མས་སློབ་དཔོན་ཡི་གེ་ཧཱུྃ་གཅིག་ཏུ་བསྒྱུར་ཏེ་ཞལ་དུ་མྱིད་ནས་དབུའི་ཀླད་པ་དུང་ཁང་གི་ནང་དུ་ཞག་གཅིག་ལ་བཞག བུམ་དབང་རྫོགས་པར་བསྐུར། མགྲིན་པ་ལོངས་སྤྱོད་ཀྱི་གནས་སུ་གསང་དབང་། སྙིང་ཀ་ཆོས་ཀྱི་འཁོར་ལོར་ཤེར་དབང་། གསང་བ་པདྨའི་གནས་སུ་དབང་བཞི་པ་དང་བཅས་རྫོགས་པར་བསྐུར། གསང་བའི་མཁའ་ནས་བཏོན་ཏེ་ཕུར་པའི་ཆོས་རྣམས་བཤད་པས་ཚེ་ལ་དབང་བའི་རིག་འཛིན། རྣམ་པར་སྨིན་པའི་རིག་འཛིན། ཕྱག་རྒྱ་ཆེན་པོའི་རིག་འཛིན་སོགས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་མངའ་བརྙེས་པར་གྱུར་ཏོ། །དེ་ནས་སློབ་དཔོན་ཆེན་པོ་དེ་ཉིད་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་ཡང་དག་མར་མེ་དགུ་པའི་སྒྲུབ་པ་མཛད་པའི་ཚེ། ལྷ་འདྲེ་གདུག་པ་ཅན་རྣམས་ཀྱིས་བར་ཆད་བྱས་ཏེ་ཆར་བཀག་པས་ཐན་པ་ཆེན་པོ་བྱུང་ནས་ཆུ་མིག་དང་རྩི་ཤིང་ལོ་ཏོག་སྐམ། མི་ཕྱུགས་ཐམས་ཅད་མུ་གེས་ཉེན་པའི་དུས་སུ། སློབ་དཔོན་ཆེན་པོས་བལ་ཡུལ་གྱི་ལྷ་འདྲེ་གདུག་པ་ཅན་རྣམས་ཀྱིས་སྒྲུབ་པ་ལ་བར་ཆད་བྱས་པ་ཡིན་པར་དགོངས་ནས། དེ་འདུལ་བའི་དོན་དུ་རྡོ་རྗེ་ཕུར་པའི་ཆོས་བླངས་ལ་བསྒྲུབ་གསུངས་ཏེ། བལ་པོ་ཇི་ལ་ཇི་ས་དང་། བལ་མོ་ཀུན་ལ་ཀུན་ཞི་གཉིས་ལ་གསེར་ཕྱེ་བྲེ་གང་། གསེར་སྲང་བརྒྱ་ལས་བྱས་པའི་གསེར་གྱི་པ་ཏྲ་གཅིག་བསྐུར་ནས་རྒྱ་གར་ཆོས་ཀྱི་རྒྱལ་པོ་ལ་རྡོ་རྗེ་ཕུར་པའི་རྒྱུད་སྡེ་བཞུགས་ཚད་སྐུར་ཞེས་པའི་འཕྲིན་གྱི་ཞུ་བ་ཕུལ་བས། རྒྱལ་པོས་བཱེ་ཀྲ་མ་ཤི་ལའི་གཙུག་ལག་ཏུ་པཎྚི་ཏ་རྣམས་ལ་དེ་སྐད་བསྒོས་པས་པཎྚི་ཏ་གྲལ་སྟོད་པ་རྣམས་ཀྱིས་མར་ལ་གཟིགས། གྲལ་སྨད་པ་རྣམས་ཀྱིས་ཡར་ལ་གཟིགས་པའི་བར་ཏྲི་ལ་ཇི་དར། ནཱ་ག་ཛུ་ན་གཉིས་ལ་བབས། དེ་གཉིས་ཀྱིས་ཕུར་པའི་ཆོས་མི་ཁུར་གཉིས་བསྐུར་བ་ཡང་ལེ་ཤོད་དུ་ཕེབས་ཙ་ན། ནམ་མཁའ་ལ་སྤྲིན་འདུས། ཞལ་ཕྱེས་པ་ཙམ་གྱིས་ཆར་བབས། ཆུ་མིག་སྐམ་པ་སོས། རྩི་ཤིང་ནགས་ཚལ་སྐྱེས་ཏེ་བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་ལོ། །དེ་ནས་སློབ་དཔོན་གྱིས་ཕུར་པའི་ཆོས་དེ་རྣམས་དཔག་བསམ་ཤིང་ལ་དཔེ་བླངས་ཏེ། རྩ་བ་ལྟ་བུའི་རྒྱུད་སྡེ་བཞི། །རྒྱུད་ཕྱི་མ་བཞི། ཕྱི་མའི་ཕྱི་མ་བཞི། ཡལ་ག་ལྟ་བུའི་རྒྱུད་ཆུང་བཅུ། ལོ་མ་ལྟ་བུའི་རྒྱུད་གསུམ། མཛེས་པ་མེ་ཏོག་ལྟ་བུའི་རྒྱུད་སྡེ་བཞི། སྨིན་པ་འབྲས་བུ་ལྟ་བུའི་རྒྱུད་བཞི། སྤྱི་རྒྱུད་སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་སྟེ་རྒྱུད་སྡེ་སུམ་ཅུ་རྩ་དྲུག་ཏུ་ཕྱེས་སོ། །རྒྱུད་དེ་རྣམས་ལ་འགྲེལ་བ་དང་། སྒྲུབ་ཐབས། པྲ་ཁྲིད། དཀྱིལ་འཁོར་གྱི་ཆོ་ག ཕྲིན་ལས་རྡོ་རྗེའི་ལས་རིམ། སྟོད་ལས་བྱང་ཆུབ་སྒྲུབ་པ། སྨད་ལས་དགྲ་བགེགས་ཚར་གཅོད་པའི་མན་ངག་ལ་སོགས་དུ་མ་མཛད་ནས། ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བྱོན་ནས་པཎྚི་ཏ་རྣམས་ལ་ཕྱག་དཔེ་སྔ་མ་རྣམས་གཏད། ཕྱི་མ་རྣམས་གཟིགས་སུ་ཕུལ་བས་པཎྚི་ཏ་རྣམས་ཀྱིས་ལྷ་ཕྱག་མཛད་ཅིང་མངོན་པར་བསྟོད་དེ་གཙུག་གི་རྒྱན་དུ་གྱུར་པའོ། །སླར་ཡང་བལ་ཡུལ་ཡང་ལེ་ཤོད་དུ་བྱོན་ནས་བཞུགས་པ་ལ། སྐབས་དེར་བོད་ཆོས་བཞིན་དུ་སྐྱོང་བའི་རྒྱལ་པོ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གཙུག་ལག་བཞེངས་པ་ལ་ལྷ་འདྲེས་བརྩིག་ཏུ་མ་སྟེར་བས་བྷོ་དྷི་ས་ཏྭས་ལུང་བསྟན་པ་ལྟར། སློབ་དཔོན་སངས་རྒྱས་གཉིས་པ་སྤྱན་དྲངས་བྲག་དམར་མགྲིན་བཟང་དུ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས། རྗེ་འབངས་ཐམས་ཅད་སྨིན་པར་མཛད། ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། དཔལ་གྱི་བསམ་ཡས་སོགས་གཙུག་ལག་ཁང་མང་དུ་བཞེངས། མདོ་སྔགས་དམ་ཆོས་མ་ལུས་བོད་དུ་བསྒྱུར། རི་བྲག་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས། ས་འོག་ས་སྟེང་ཐམས་ཅད་གཏེར་གྱིས་བཀང་ཏེ་ལས་ལྡན་གྱི་སྐྱེས་བུ་སོ་སོར་བཀའ་གཏད་པ་ལས། རྡོ་རྗེ་ཕུར་པའི་ཆོས་སྐོར་ཐམས་ཅད་མཁར་ཆེན་བཟའ་མཚོ་རྒྱལ་ལ་བཀའ་བབས་ཏེ། ཁྱད་པར་དུ་སློབ་དཔོན་སྲིན་ཡུལ་དུ་བྱོན་པའི་ལམ་ཁ་སོགས་ལའང་ཡང་ཡང་ཞུས་པས་ཕུར་པའི་ཆོས་བཀའ་ཡོངས་རྫོགས་གནང་ཞིང་ཕྱི་རབས་ཀྱི་དོན་དུ་ཨོ་རྒྱན་ཆེན་པོས་སྨོན་ལམ་གྱི་གཏད་རྒྱ་དང་བཅས་ཏེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མི་བརྗེད་པའི་གཟུངས་ཀྱིས་བཟུང་ནས་མཆོང་མཛོད་སྨུག་པོའི་སྒྲོམ་དུ་སྦས་པ། ཕྱིས་འགྲོ་དོན་དུས་བབས་ཀྱི་གཏེར་སྟོན་མཆོག་གྱུར་འགྲོ་འདུལ་ལུང་རིག་གླིང་པ་ཞེས་མཚན་སྙན་འབྲུག་ལྟར་ལྡིར་བ། མཁས་དང་གྲུབ་པའི་རྣམ་ཐར་འགྲན་ཟླ་དང་བྲལ་ཞིང་རྩོད་པའི་དུས་ཀྱི་བསྟན་འཛིན་ཆེན་པོ་ཕྱོགས་ཐམས་ཅད་ལས་རྒྱལ་བའི་མཆོག་གི་སློབ་དཔོན་དམ་པ་དེ་ཉིད། དུས་ནམ་ཞིག་གི་ཚེ་ཀུན་གཞི་ཆོས་སྐུར་སངས་ཏེ། གསལ་ལ་རྟོག་པ་མེད་པ་སྟོང་པའི་འོད་གསལ་གྱི་ངང་དུ་འབྱམས་ཀླས་པ་ལས་མཆེད་པ་ཕྱིར་གསལ་དུ་གཡོས་ཏེ་སྣང་བའི་འོད་གསལ་གྱི་རིག་གདངས་སུ་ཟངས་མདོག་དཔལ་གྱི་རི་བོ་སྐུ་གསུམ་གྱི་བཀོད་པ་དང་བཅས་པ་མངོན་སུམ་མཐོང་བའི་དུས་ན། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་འཁོར་རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ལྟ་བུས་བསྐོར་ནས་བཞུགས་པ། དེ་ཐམས་ཅད་ཀྱིས་ཚོམ་བུ་ཚོགས་སྒྲུབ་ཀྱི་དཀྱིལ་འཁོར་ལ་ཞུགས་ནས་གཉགས་ཛྙཱ་ན་ཀུ་མ་རས་མཆོད་གཡོག་དང་། པཎ་ཆེན་བཱི་མ་མི་ཏྲས་བྱིང་འདྲེན་མཛད་ནས་བདག་ལ་རྟ་མགྲིན་ཡང་གསང་ཁྲོས་པ་དང་། ཕུར་པ་བདུད་དཔུང་ཚར་གཅོད་ཡིན་ཟེར་དབང་བསྐུར་བའི་སྐབས་སུ་ཨོ་རྒྱན་ཆེན་པོས་ཕྱག་གི་བྷནྡྷ་ནས་བདུད་རྩི་དཀར་དམར་མཐིང་གསུམ་བླུད་པ་དང་མཉམ་དུ་ཁྱོད་རིག་འཛིན་ལུང་རིག་གླིང་པ་ཞེས་པུསྟི་བརྒྱ་ཕྲག་ཙམ་གྱི་གཏེར་ཆོས་ལ་དབང་བའི་གང་ཟག་ཡིན་གསུངས་ནས་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་ཡེ་ཤེས་ཀྱི་བརྡ་རིས་མངོན་སུམ་སྤྲད་པ་ལས། ཕྱིས་དེ་དང་མཚུངས་པར་ལྡན་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་རྩ་བའི་ཆོས་སྡེ། ཕྱི་ཆོས་པདྨའི་ཐུགས་ཐིག ནང་སྒྲུབ་མཚོ་རྒྱལ་གསང་མཛོད་གཉིས་ལས། འདིར་དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ཀྱི་རྩ་བའི་ཆོས་སྡེ་ཕུར་པ་བདུད་དཔུང་ཚར་གཅོད་དམ་དམ་སྲི་ཚར་གཅོད་དེ་ཉིད་ཀྱི་དབང་བསྐུར་བའི་སྐབས་སུ་བབས་པ་ཡིན་ཏེ། གཏེར་སྟོན་ཆེན་པོ་ནས་བཟུང་། ཀུན་འདུས་རྩ་བའི་བླ་མའི་བར་དུ་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཕྱག་བཞེས་མ་ཉམས། སྨིན་བྱེད་དབང་གི་ཆུ་རྒྱུན་མ་ཆད། བྱིན་རླབས་ཀྱི་སྤྲིན་ཕུང་མ་ཡལ། དམ་སེལ་དམ་ཉམས་ཀྱི་སླད་མ་ཞུགས། མ་མཁའ་འགྲོའི་ཁ་རླངས་ཀྱི་ངད་མ་ཡལ་བའི་བྱིན་རླབས་ཀྱི་བབས་ཚུལ་དེ་ལྟར་ལྡན་པ་ལ་ཡིད་ཆེས་ངེས་ཤེས་དང་ལྡན་པས་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་མོས་འདུན་ཡང་དག་པར་མཛད་འཚལ།


previousདབང་གི་མཚམས་སྦྱོར།next