Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
སྒྲོལ་མའི་ཐུགས་བསྐྱེད་བཀོད་པ་ཡིད་ཆེས་དད་པའི་ཤིང་རྟ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་མའི་ཐུགས་བསྐྱེད་བཀོད་པ་ཡིད་ཆེས་དད་པའི་ཤིང་རྟ།next

སྒྲོལ་མའི་ཐུགས་བསྐྱེད་བཀོད་པ་ཡིད་ཆེས་དད་པའི་ཤིང་རྟ།

༄༅།། དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ སྒྲོལ་མའི་ཐུགས་བསྐྱེད་བཀོད་པ་ཡིིད་ཆེས་དད་པའི་ཤིང་རྟ་བཞུགས༔

ན་མོ་གུ་རུ་པདྨ་ཀཱ་ར་ཡ༔ ཨེ་མ་ཧོ༔ ངོ་མཚར་རྨད་བྱུང་རྗེ་བཙུན་འཕགས་མ་ཡི༔ ཐུགས་བསྐྱེད་མཛད་པའི་བཀོད་པ་ལས་བསྡུས་པ༔ རང་བྱུང་སྤྲུལ་སྐུ་པདྨ་རྒྱལ་པོ་ལ༔ ཐུགས་ཀྱི་གཟུངས་མ་མཚོ་རྒྱལ་བདག་ཉིད་དང་༔ མངའ་བདག་སློབ་འབངས་མཁས་པ་མི་བཞི་སོགས༔ སྐལ་ལྡན་མང་པོས་བསམ་ཡས་བར་ཁང་དུ༔ རིན་ཆེན་གཡུ་ཡི་མཎྜལ་ལེགས་ཕུལ་ནས༔ ཀྱེ་མ་འགྲོ་ཀུན་སྐྱབས་གཅིག་སྤྲུལ་པའི་སྐུ༔ ད་ལྟ་དུས་བཟང་རྫོགས་ལྡན་དཔལ་ལ་འགྲན༔ སྐྱབས་མཆོག་ཉིད་དང་པཎ་གྲུབ་ལྷན་རྒྱས་འཛོམས༔ མངའ་བདག་ཡབ་སྲས་བདག་ཅག་འབངས་འཁོར་བཅས༔ བདེ་སྐྱིད་ཕུན་ཚོགས་ཟབ་ཆོས་དཔག་མེད་ཐོབ༔ འདི་རྣམས་འདུས་བྱས་མི་རྟག་རྨི་ལམ་འདྲ༔ དེ་ཕྱིར་འཕགས་མའི་ཐུགས་བསྐྱེད་མཛད་ཚུལ་དང་༔ ལས་ཚོགས་དབང་དང་མན་ངག་ཟབ་གནད་ལ༔ ཤར་ལྷོ་ནུབ་བྱང་དབུས་ཕྱོགས་གནས་ལྔ་རུ༔ གཏེར་དུ་སྦས་ནས་མ་འོངས་འགྲོ་དོན་དུ༔ སྨོན་ལམ་འདེབས་སམ་ཇི་ལྟར་བགྱི་ཞུས་པས༔ རྒྱལ་ཀུན་ངོ་བོ་ཨོ་རྒྱན་བླ་མ་ཡིས༔ དར་ཅིག་ཅི་ཡང་མི་གསུང་མཁའ་ལ་གཟིགས༔ རྗེས་ཐོབ་ཆ་ལ་འདི་བཞིན་བཀའ་བསྩལ་པ༔ ཀྱེ་ཧོ་འདིར་འདུས་མངའ་བདག་ཡབ་སྲས་དང་༔ དབྱངས་ཅན་སྤྲུལ་པ་ཇོ་མོ་མཁར་ཆེན་བཟའ༔ མདོ་རྒྱུད་མཁས་པ་ལོ་ཙཱ་རྣམ་སྣང་མཛད༔ ཡིག་རིགས་མཁས་པ་ལྡན་མ་རྩེ་མང་བ༔ ལག་ལེན་མཁས་པ་གཉགས་ཀྱི་གཞོན་ནུ་ཆེ༔ འདུལ་བར་མཁས་པ་ཀླུ་ཡི་དབང་པོ་དང་༔ གཞན་ཡང་ལྷ་རིགས་ཆོས་བློན་རྡོ་རྗེ་དཔལ༔ རྡོ་རྗེ་སྤྲེལ་ཆུང་ཤུད་བུ་དཔལ་སེང་དང་༔ རྒྱ་ཚ་ལྷས་གནང་བཙུན་མོ་ཕོ་གྱོང་བཟའ༔ ཚེ་སྤོང་བཟའ་འཚོ་ནུས་སྦྱིན་ས་ལེ་དང་༔ དགེ་རྒྱས་བྱང་ཆུབ་འབྲོམ་བཟའ་ལ་སོགས་པའི༔ སྐལ་ལྡན་འདིར་འདུས་ཁྱེད་ཅག་ཐམས་ཅད་ལ༔ བསམ་ཡས་འབྱུང་བའི་ཆོས་ཀྱི་དགའ་སྟོན་དུ༔ རྗེ་བཙུན་འཕགས་མ་སྒྲུབ་ཐབས་ལ་སོགས་པ༔ ཡང་ཟབ་ཐུགས་ཀྱི་ཏི་ཀ་མང་དུ་གནང་༔ ཁྱད་པར་འཕགས་མའི་གདམས་པ་ཕུལ་བྱུང་འདི༔ ཡིད་ཆེས་བསྐྱེད་ཕྱིར་འཕགས་མས་ཐུགས་བསྐྱེད་ཚུལ༔ སྔོན་ནས་འཕེལ་བའི་གཏམ་དུ་མང་སྨྲས་ཀྱང་༔ མ་འོངས་སྐལ་ལྡན་ཡིད་ལ་འཇགས་བདེའི་ཕྱིར༔ ཚིགས་སུ་བཅད་དེ་ཁྱེད་རྣམས་ལ་བཤད་ན༔ མི་བརྗེད་གཟུངས་ཐོབ་མཚོ་རྒྱལ་སྙིང་ལ་ཆོངས༔ མ་འོངས་ལས་འཕྲོ་སད་པའི་སྐལ་ལྡན་ལ༔ སྨོན་ལམ་བཟང་པོས་མཚམས་སྦྱོར་དང་བཅས་ཏེ༔ ཐོགས་མེད་དགོངས་པའི་གཏེར་དུ་བརྡོལ་ནས་ཀྱང་༔ འབྲེལ་ཚད་ཡང་དག་ལམ་དུ་འགོད་པར་ཤོག༔ ས་མ་ཡཱ༔ ཞེས་གསུངས་དེ་ཚེ་བདག་ཉིད་མཚོ་རྒྱལ་གྱིས༔ དུས་གསུམ་རྒྱལ་བའི་གདུང་འཚོབ་གུ་རུ་རྗེ༔ སྔོན་ཚེ་འཕགས་མ་རྒྱལ་ཡུམ་དཔའ་མོ་ཉིད༔ ཐོག་མར་ཇི་ལྟར་བྱང་ཆུབ་ཐུགས་བསྐྱེད་ཚུལ༔ རྒྱས་བསྡུས་འཚམས་ལ་ཤིན་ཏུ་ཞལ་གསལ་བ༔ ཐོགས་མེད་མཁྱེན་པའི་དབང་པོས་གསུང་དུ་གསོལ༔ ཅེས་པའི་ཞུ་བས་དར་ཟབ་སྣ་ལྔ་དང་༔ གསེར་གཡུའི་མཎྜལ་སྐྱེམས་དང་བཅས་ཕུལ་ཏེ༔ གུས་པའི་ཡིད་ཀྱིས་བཏུད་དེ་བླ་མ་རྗེ༔ ཚངས་དབྱངས་དོན་དང་ལྡན་པའི་གསུང་བྱུང་བ༔ བརྗེད་མེད་སྙིང་གི་སྒྲོམ་དུ་ལེགས་བསྩལ་བ༔ དུས་བབས་རྒྱ་གྲོལ་དུས་བབས་ཚེ༔ རྩ་གསུམ་སྲུང་མས་བཀའ་ཡི་གནང་བ་སྩོལ༔ ཀྱེ་མ་ལྔ་བརྒྱ་ཐ་མའི་སེམས་ཅན་ལ༔ ཤིན་ཏུ་བརྩེ་བ་ཆེན་པོའི་ཐུགས་མངའ་བ༔ རྗེ་བཙུན་སྒྲོལ་མ་མཆོག་དེས་ཐུགས་བསྐྱེད་ཚུལ༔ བསྐལ་པར་བརྗོད་ཀྱང་ཟད་པའི་མཐའ་མེད་ཀྱང་༔ ཤིན་ཏུ་བསྡུས་ཏེ་སྐལ་ལྡན་དོན་དུ་བཤད༔ རྫོགས་པའི་སངས་རྒྱས་དོན་ཡོད་གྲུབ་པ་ཉིད༔ འཆི་མེད་རྔ་སྒྲའི་རྒྱལ་པོར་སྐུར་སྤྲུལ་ཚེ༔ འཁོར་ལོས་སྒྱུར་རྒྱལ་དཔའ་བོ་སྡེ་ཞེས་པ༔ གླིང་བཞིར་དབང་ཞིང་དགེ་བཅུའི་ཁྲིམས་ལྡན་པ༔ སྲས་དང་བུ་མོ་སྟོང་ཕྲག་ཚང་བ་བྱུང་༔ དེ་ཚེ་དེ་བཞིན་གཤེགས་པ་འཁོར་བཅས་ལ༔ རྒྱལ་པོས་བསྙེན་བཀུར་བླ་མར་མངའ་གསོལ་ཚེ༔ བུ་མོ་ཆེ་ཤོས་ཡེ་ཤེས་ཟླ་བ་དང་༔ སྲས་པོ་ཆེ་ཤོས་མིག་མི་འཛུམ་པ་ཡིས༔ རྒྱལ་བའི་དབང་པོ་དེ་ཡི་ཞབས་དྲུང་དུ༔ བདག་ཅག་མིང་སྲིང་གཉིས་ཀྱི་མཚན་ཐོས་པས༔ སྐྱེ་བོ་དེ་དག་གནས་སྐབས་འཇིགས་ཚོགས་དང་༔ མཐར་ཐུག་ངན་སོང་གནས་ལས་ཐར་གྱུར་ཅིག༔ ཅེས་དང་གཞན་ཡང་བློ་ལྡན་ལྕམ་དེ་ཡིས༔ བདག་གིས་སྐྱེ་བོ་འཇིགས་པ་བརྒྱ་ཕྲག་གིས༔ གདུང་བའི་ཉམ་ཐག་དེ་དག་འཇིགས་པ་ལས༔ དབུགས་དབྱུང་བདེ་བ་མཆོག་ལ་མ་བཀོད་བར༔ ནམ་ཡང་བྱང་ཆུབ་སྙིང་པོར་བདག་མ་གྱུར༔ བདག་གིས་བདུད་སྡེ་གཞན་ལ་གནོད་པ་དག༔ དཔའ་བར་འགྲོ་བའི་ཏིང་འཛིན་སྐད་ཅིག་གིས༔ བྱེ་བ་ཁྲག་ཁྲིག་བཅོམ་པར་མ་གྱུར་བར༔ དེ་སྲིད་བྱང་ཆུབ་སྙིང་པོར་བདག་མ་གྱུར༔ བདག་གིས་དབུལ་བས་ཉེན་པའི་འགྲོ་བ་རྣམས༔ ནོར་གྱི་ལོངས་སྤྱོད་ཆེན་པོས་ཚིམ་བྱས་ནས༔ མཐར་ཐུག་བསོད་ནམས་བྱེ་བའི་འབྱུང་གནས་སུ༔ མངོན་པར་རྫོགས་སངས་རྒྱས་སུ་མ་བྱས་བར༔ དེ་སྲིད་ནམ་ཡང་རང་ཉིད་བདེར་མ་གྱུར༔ གཉེན་དང་བྲལ་བའི་སྐྱེ་བོ་ཕལ་པའི་ཚོགས༔ བྱམས་པའི་བུ་དང་གྲོགས་པོ་ལ་སོགས་པ༔ བདག་གིས་དེ་དག་དགའ་བར་མ་བྱས་བར༔ དེ་སྲིད་རང་ཉིད་བདེ་གཤེགས་མཆོག་མ་གྱུར༔ མ་རུངས་གདོན་གྱིས་རྟག་ཏུ་གཙེས་པ་ཡི༔ ལུས་སེམས་ནད་དང་སྡུག་བསྔལ་གྱིས་གདུང་བའི༔ སྐྱེ་བོ་དེ་དག་ནད་དང་སྡུག་བསྔལ་ལས༔ དབུགས་དབྱུང་བདེ་བའི་གནས་ལ་མ་བཀོད་བར༔ བདག་གིས་ནམ་ཡང་བྱང་ཆུབ་ཐོབ་མ་གྱུར༔ སྦྱར་དང་ལྷན་སྐྱེས་ལས་བྱུང་དུག་རིགས་ཀྱིས༔ མི་བཟོད་སྡུག་བསྔལ་མྱོང་བའི་སྐྱེ་བོ་རྣམས༔ འབྱུང་བའི་ཁམས་སམ་འཕྲལ་སྐྱེས་སྨན་མཆོག་གིས༔ བདེ་བའི་མཆོག་ལ་བདག་གིས་མ་བཀོད་བར༔ དེ་སྲིད་རྣམ་མཁྱེན་ཉིད་དུ་མ་གྱུར་ཅིག༔ གཞན་ལ་གནོད་པའི་འབྱུང་པོའི་ཁ་རླངས་ཀྱིས༔ འབྲུམ་པ་དམར་ཡམས་གཉན་ནད་ལ་སོགས་པ༔ ལྷན་ཅིག་ལྡན་ནམ་འཕྲལ་རྐྱེན་ནད་ཀྱི་རིགས༔ བཟོད་དཀའ་ཉམ་ཐག་གྱུར་པའི་སེམས་ཅན་རྣམས༔ བདེ་བའི་ངལ་བསོ་དམ་པ་མ་བྱིན་བར༔ ནམ་ཡང་རང་ཉིད་བདེ་བར་གནས་མ་གྱུར༔ གཞན་དོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ བྱ་དཀའི་སྤྱོད་པས་འགྲོ་བའི་རེ་སྐོང་བའི༔ རྒྱལ་སྲས་སེམས་དཔའི་ཚོགས་ལ་བདུད་དབང་གིས༔ དམན་པའི་སེམས་ཀྱིས་རང་དོན་ལ་ཞུགས་ན༔ དེ་དག་རྣམ་མཁྱེན་ལམ་ལ་མ་བཞག་བར༔ ནམ་ཡང་བདག་ཉིད་ཆོས་རྒྱལ་མཆོག་མ་གྱུར༔ ཅེས་སོགས་གཞལ་དཀའི་དམ་བཅའ་མཛད་པ་རྣམས༔ ཚུལ་བཞིན་བསྒྲུབ་ཕྱིར་སྟན་གཅིག་ལ་གནས་ནས༔ འགྲོ་བ་རྣམ་པར་སྒྲོལ་བའི་ཏིང་འཛིན་ལ༔ རྩེ་གཅིག་བཞུགས་ཚེ་གཞན་འཕྲུལ་བདུད་ཀྱི་སྡེ༔ འབུམ་ཕྲག་དུ་མས་བར་ཆད་བརྩམས་གྱུར་ཀྱང་༔ དཔའ་བར་འགྲོ་བའི་ཏིང་འཛིན་འཇུག་པ་རེས༔ ཆུ་སྲིན་རྒྱལ་མཚན་སྡེར་བཅས་ཕམ་བྱས་ཚེ༔ གཞན་དོན་གྲུབ་པའི་རྒྱལ་དང་དེ་སྲས་ཀྱི༔ མཚན་ཡང་སྒྲོལ་མ་དཔའ་མོ་ཞེས་སུ་བསྒྲགས༔ དེ་འོག་ཤར་ཕྱོགས་བཻཌཱུར་སྣང་བ་ཡི༔ བརྫུས་སྐྱེས་དྲང་སྲོང་ཡིད་ལས་སྐྱེས་པ་དང་༔ སྨན་གྱི་རྒྱལ་པོ་མཆེད་བདུན་སྤྲུལ་པའི་སྐུ༔ རིག་པའི་ཡེ་ཤེས་ཚངས་པ་ཆེན་པོ་སོགས༔ མི་དང་མི་མིན་བྱེ་བ་ཁྲག་ཁྲིག་གིས༔ ནད་སེལ་སྨན་གྱི་དགོངས་པ་ལ་བཞུགས་ཚེ༔ རྒྱལ་བའི་དབང་པོའི་ཐུགས་ཀའི་འོད་ལྗང་ཁུས༔ མཐའ་ཡས་རྒྱལ་ཀུན་བྱམས་བརྩེའི་བྱིན་རླབས་མཐུ༔ གཅིག་ཏུ་བསྡུས་པའི་རང་གཟུགས་ལྷ་མོ་བདུན༔ གདུང་སེལ་མ་དང་དེ་བཞིན་འཚོ་བྱེད་མ༔ འཇིགས་སྐྱོབ་མ་དང་དཔའ་མོ་བདེ་ལྡན་མ༔ མཆོག་སྦྱིན་མ་དང་རྣམ་པར་གྲོལ་བྱེད་མ༔ སོ་སོའི་གཟུགས་ཀྱིས་མགྲིན་གཅིག་འདི་སྐད་ཞུས༔ ཀྱེ་མ་ཀྱེ་མ་བདག་ལྟའི་གཞན་དབང་གིས༔ ལས་ཉོན་འཁྲུལ་བས་བསླུས་པའི་འགྲོ་བ་ལ༔ འདོད་ཆགས་དག་གིས་རླུང་དང་ཞེ་སྡང་མཐུས༔ མཁྲིས་པའི་རིགས་གྱུར་གཏི་མུག་བད་ཀན་ནད༔ ཕྲག་དོག་བགེགས་ནད་རྒྱལ་ལྡན་འདུས་པ་སྟེ༔ རྒྱུ་དང་འབྲས་བུ་སྡུག་བསྔལ་གྱིས་མནར་བ༔ དེ་དག་མི་བཟོད་སྡུག་བསྔལ་དྲག་པོ་ཡིས༔ ལུས་སེམས་ཉམ་ཐག་སྙིང་རྗེའི་ཡུལ་གྱུར་རྣམས༔ བདེ་བའི་གནས་ལ་ལེགས་པར་དབུགས་དབྱུང་ཕྱིར༔ བདག་ཅག་སྨན་གྱི་བུ་མོ་སྤུན་བདུན་པོས༔ བྱང་ཆུབ་སྙིང་པོའི་བར་དུ་སེམས་བསྐྱེད་དོ༔ ཞེས་པའི་ཐུགས་བསྐྱེད་མཛད་ཚེ་ལྷ་རྣམས་ཀྱིས༔ རོལ་མོའི་སྒྲ་དང་བསྟོད་པའི་གླུ་དབྱངས་ཀྱིས༔ ནམ་མཁའ་བར་སྣང་ས་གཞི་གང་སྙམ་བྱེད༔ དེ་ཚེ་བདེ་གཤེགས་སྨན་པའི་རྒྱལ་པོ་དང་༔ ཐུགས་སྤྲུལ་དྲང་སྲོང་རིག་པའི་ཡེ་ཤེས་དང་༔ སྨན་གྱི་ལྷ་དང་དྲང་སྲོང་བསམ་ཡས་པས༔ དགྱེས་པའི་ཞལ་གྱིས་ལེགས་སོ་གནང་བ་བསྩལ༔ དུས་གསུམ་མཁྱེན་པའི་དེ་བཞིན་གཤེགས་པ་དེས༔ མ་འོངས་བསྐལ་པ་རྫོགས་ལྡན་ཞེས་བྱ་བར༔ བུ་མོ་ཁྱེད་རྣམས་འགྲོ་བ་མཐའ་མེད་པའི༔ སྐྱབས་དང་མགོན་དུ་འགྱུར་བར་ཐེ་ཚོམ་བྲལ༔ ཞེས་གསུངས་འཁོར་དུ་འདུས་པའི་གཙོ་བོ་མཆོག༔ དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་དེ་ཡིས༔ གུས་པའི་ཕྱག་འཚལ་མཆོད་པའི་མཎྜལ་བཅས༔ སྟོན་པ་མཆོག་དེའི་སྤྱན་སྔར་འདི་སྐད་ཞུས༔ ཀྱེ་ཧོ་ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས༔ མ་འོངས་དུས་སུ་བུ་མོ་འདི་དག་གིས༔ འགྲོ་བའི་དོན་མཛད་སེམས་ཅན་སྐྱབས་གྱུར་ན༔ བྱིན་རླབས་ནུས་མཐུ་སྟོབས་ཤུགས་ཇི་ལྟ་བུ༔ བསྐྱེད་པའི་ཡབ་ཡུམ་སུ་ཞིག་དུས་ནམ་ཞིག༔ སྤུན་བདུན་གཟུགས་སྣང་མཚན་གྱི་རྣམ་གྲངས་གང་༔ རྫོགས་སངས་རྒྱས་སུ་གྱུར་ཚེ་མཛད་པ་དང་༔ ཕྲིན་ལས་ལུང་བསྟན་ཐོགས་མེད་བསྟན་དུ་གསོལ༔ དེ་ཚེ་བཻཌཱུར་སྣང་བའི་སྟོན་པ་དེའི༔ སྐུ་ཡི་འོད་ཀྱིས་སྟོང་གསུམ་གསལ་བར་སྣང་༔ ཚངས་པའི་གསུང་གཅིག་དུ་མ་སོ་སོར་སྣང་༔ བརྩེ་ཆེན་ཐུགས་ཀྱིས་ངན་སོང་སྟོང་པར་མཛད༔ ལྗགས་ཀྱི་དབང་པོས་ས་གསུམ་འགྲོ་ཀུན་གྱིས༔ བདེ་ལེགས་སྣང་བའི་དཔལ་ཀུན་འཕེལ་བའི་གསུང་༔ བརྗོད་མེད་ཚིག་ཏུ་འདི་སྐད་བཀའ་བསྩལ་ཏོ༔ ཀྱེ་ཧོ༔ བྱམས་བརྩེའི་བདག་ཉིད་དྲང་སྲོང་ཆེན་པོ་ཡིས༔ འགྲོ་བའི་དོན་དུ་དེ་སྐད་ཞུས་པ་ལེགས༔ ད་ལྟ་བུ་མོ་གདུང་སེལ་ལྷ་མོ་ཉིད༔ མ་འོངས་བསྐལ་པ་སྣང་བའི་དཔལ་ཞེས་པར༔ རྫོགས་པའི་སངས་རྒྱས་དོན་ཀུན་གྲུབ་པའི་དྲུང་༔ མིག་མི་འཛུམ་པ་སྤྱན་རས་གཟིགས་ཞེས་པའི༔ གྲོགས་ཀྱི་ཚུལ་དུ་འཕགས་མ་སྒྲོལ་མ་ཞེས༔ མིང་ཙམ་ཐོས་པས་སྐྱེ་བོ་མཐའ་ཡས་ལ༔ འཇིགས་པའི་ཚོགས་རྣམས་ཀུན་ལ་སྐྱོབ་པར་འགྱུར༔ དེ་བཞིན་འཚོ་མཛད་མ་ཞེས་བྱ་བ་ནི༔ ཚངས་པའི་མཚོ་ལས་སྒྲ་དབྱངས་ལྷ་མོ་ཞེས༔ རྨོངས་པ་སེལ་བའི་ཤེས་རབ་ལྷ་ཡི་མཆོག༔ ཕྱི་ནང་མཁས་པ་ཡོངས་ཀྱི་དཔལ་དུ་འགྱུར༔ འཇིགས་སྐྱོབ་མ་ནི་དགྲ་སྡེའི་གཡུལ་ངོ་ལ༔ འཇིགས་ཤིང་སྐྲག་ནས་ཅི་བྱ་གཏོལ་མེད་པ༔ དེ་དག་སྐྱོབ་མཛད་འོད་ཟེར་ཅན་མ་ཞེས༔ རྣམ་པར་རྒྱལ་བའི་དཔའ་མོ་ཆེན་པོར་འགྱུར༔ དཔལ་མོ་དུས་མིན་འཆི་བས་ཉེན་པ་ཡི༔ ཚེ་ཡི་ཕ་མཐར་གཏུགས་པའི་སྐྱེ་བོ་རྣམས༔ རིང་པོར་འཚོ་བའི་སྐལ་བཟང་མཆོག་སྦྱིན་པའི༔ གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱར་འགྱུར༔ བདེ་ལྡན་མ་ནི་དབུལ་བས་ཉམ་ཐག་ནས༔ འཚོ་ཆས་སྨན་དང་ཡོ་བྱད་མི་ལྡན་པ༔ ཀུན་གྱིས་བརྙས་པའི་སྐྱེ་བོ་ཕལ་མོ་ཆེར༔ གང་དགོས་སྦྱིན་པའི་ནོར་རྒྱུན་མ་རུ་གྱུར༔ མཆོག་སྦྱིན་མ་ནི་ནད་ཀྱིས་ཉམ་ཐག་པའི༔ འགྲོ་བ་རྣམས་ལ་འབྱུང་བའི་ཁམས་དག་པ༔ གསེར་སོགས་སྨན་གྱི་དངོས་གྲུབ་སྩོལ་བ་ཡི༔ ཚེ་འཛིན་མ་ཞེས་སྨན་གྱི་རྒྱལ་མོར་འགྱུར༔ རྣམ་པར་གྲོལ་མ་ཡི་གེའི་གཟུགས་སྣང་བས༔ མཐོང་ཐོས་དྲན་རེག་སྲིད་པའི་དུཿཁ་ལས༔ སྐྱོབ་མཛད་རྒྱལ་ཡུམ་ཡི་གེ་དྲུག་མ་ཞེས༔ འགྲོ་བའི་དོན་དུ་མཛད་པ་མཐའ་ཡས་འགྱུར༔ ཞེས་པའི་བདེན་གསུང་ལུང་གིས་བསྔགས་པའི་ཚེ༔ སྲིད་གསུམ་གཡོས་ཤིང་མཁའ་ལ་འཇའ་སྤྲིན་འཁྲིགས༔ ངན་སོང་གནས་སྟོངས་སེམས་ཅན་མཐའ་ཡས་པ༔ མི་སྐྱེ་ཆོས་ལ་བཟོད་པ་ཐོབ་པར་འགྱུར༔ དེ་ཚེ་ཚངས་པ་ཆེན་པོས་ཡང་ཞུས་པ༔ སྲིད་གསུམ་སྡུག་བསྔལ་སེལ་བའི་བུ་མོ་བདུན༔ འདི་རུ་བྱུང་བ་སུ་ཡི་ནུས་མཐུ་ལགས༔ ཉིད་ཀྱིས་སྤྲུལ་ལམ་སྨོན་ལམ་དག་པ་འམ༔ གཅིག་གམ་ཐ་དད་ཐེ་ཚོམ་བསལ་དུ་གསོལ༔ འཚོ་མཛད་དྲང་སྲོང་ཆེན་པོ་སྨན་པའི་རྒྱལ༔ དྲིས་པའི་ལན་ལ་དགོངས་ཤིག་ཐམས་ཅད་མཁྱེན༔ དེ་སྐད་ཞུས་པས་བདེ་གཤེགས་བཀའ་བསྩལ་པ༔ ཚངས་པ་ཆེན་པོ་འཇིག་རྟེན་མེས་པོ་ལགས༔ འཚོ་བྱེད་སྨན་གྱི་བུ་མོ་སྤུན་བདུན་འདི༔ འཇིག་རྟེན་ཞིང་ཁམས་རྡུལ་གྱི་གྲངས་མཉམ་པའི༔ འཇིགས་ཀུན་སྐྱོབ་མཛད་ཕྲིན་ལས་ལྷ་མོ་ནི༔ སྒྲོལ་མ་ཞེས་བྱ་དུས་གསུམ་ཐོག་མཐའ་ཀུན༔ བརྗོད་དུ་མེད་པར་གྱུར་འདི་རྒྱལ་བ་དང་༔ དེ་སྲས་སེམས་མ་མཆོག་དམན་ཀུན་གྱི་ཡུམ༔ འདི་རུ་སྣང་བ་བདག་གིས་རྒྱལ་ཀུན་ལ༔ གཅིག་ཏུ་གུས་པས་གསོལ་བ་བཏབ་ལས་སྣང་༔ སྨོན་ལམ་སྟོབས་ཡིན་རྒྱལ་བའི་ཐུགས་རྗེ་ཡིན༔ གཅིག་ཡིན་སོ་སོ་སྣང་བ་དེ་ཡང་ཡིན༔ དཔེར་ན་མཁའ་ལས་ཟླ་བ་གཅིག་ཤར་བ༔ ཆུ་མཚོ་སོ་སོར་སྣང་བ་དེ་བཞིན་ནོ༔ ཆོས་ཀུན་བདེན་པ་མ་ཡིན་བརྟགས་ན་སྟོང་༔ མེད་པ་མ་ཡིན་རྒྱུ་རྐྱེན་ཚོགས་ལས་སྣང་༔ ཡོད་མེད་གཉིས་མིན་རང་བཞིན་དབུ་མ་ཆེ༔ འདི་ནི་བདེ་གཤེགས་ཀུན་གྱི་ཡུམ་ཆེན་ཏེ༔ ཞེས་པས་དོན་དམ་བདེན་པ་བསྟན་པའི་ཚེ༔ ཐུགས་རྗེའི་རང་གཟུགས་སྨན་གྱི་བུ་མོ་བདུན༔ འཁོར་དུ་སྣང་བའི་ལྷ་དང་དྲང་སྲོང་ཚོགས༔ ཁ་ཅིག་གིས་ནི་འོད་ཀྱི་རྣམ་པར་གྱུར༔ འབྱུང་བཞིའི་ཁམས་ཀྱི་སྨན་དུ་གྱུར་སྙམ་བྱེད༔ ལ་ལས་ཞིང་ཁམས་བྱེ་བ་ཕྲག་བརྒྱ་རུ༔ སྣ་ཚོགས་གཟུགས་ཀྱིས་འགྲོ་དོན་བྱེད་པར་མཐོང་༔ འགའ་ཞིག་སྨན་གྱི་རྒྱལ་པོའི་གནས་བདུན་དུ༔ ཐིམ་ནས་འོད་ཟེར་ཕུང་པོ་འབར་བར་ཤེས༔ ཕལ་ཆེར་དེ་རྣམས་ཁྱིམ་པའི་ཚུལ་བཟུང་ནས༔ སྦྱིན་པས་ལོ་མང་ཉམ་ཐག་སྐྱོང་བར་མཐོང་༔ འགའ་ཡིས་ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཀྱིས༔ དཀའ་ཐུབ་ཆེན་པོས་སྡོམ་ཁྲིམས་སྲུང་བ་སོགས༔ སྣང་ཚུལ་སྣ་ཚོགས་བརྗོད་ལས་འདས་པའོ༔ དེ་སྐད་གུ་རུ་རྗེ་ཡིས་གསུངས་པ་བཞིན༔ མི་བརྗེད་གཟུངས་ཀྱིས་སྙིང་གི་སྒྲོམ་དུ་སྦས༔ དུས་བབས་སྐལ་ལྡན་ལུང་དུ་སྟོན་པའི་མིང་༔ དེར་འཕྲད་ཡི་གེའི་རིས་སུ་བཀོད་པ་ཡིས༔ འགྲོ་མང་ཐར་པའི་ལམ་དུ་འགོད་པར་ཤོག༔ ས་མ་ཡཱ༔ བདག་ཉིད་ཐུགས་ཀྱི་གཟུངས་མ་ཡིས༔ གུ་རུ་རྗེ་ལ་ཡང་ཞུས་པ༔ འདི་འདྲའི་གདམས་པ་སྤེལ་བའི་དུས༔ སྐལ་ལྡན་ཅི་འདྲ་སྐལ་དམན་གང་༔ དུས་རྟགས་ཅི་འབྱུང་ཐུབ་པའི་བསྟན༔ འཕེལ་འགྲིབ་འབྱུང་མིན་བསྟན་དུ་གསོལ༔ དེ་ཚེ་མ་ཧཱ་གུ་རུ་པདྨ་ཡིས༔ ཐུགས་ཀྱིས་མཁྱེན་པའི་ལུང་གསལ་འདི་བཞིན་གསུངས༔ ཉོན་ཅིག་གསང་བའི་སྣོད་ལྡན་ཌཱཀྐི་མ༔ མ་འོངས་གདམས་པ་འདི་ཉིད་སྤེལ་བའི་དུས༔ བོད་ཡུལ་རུ་བཞིར་འཁྲུག་རྩོད་མཚོན་ཁ་ལྡང་༔ ཤར་ཕྱོགས་ས་བདག་རྒྱལ་པོའི་མངའ་ཐང་ཉམས༔ ང་སྤྲུལ་གསང་སྔགས་ཟབ་མོའི་གཏེར་འབྱིན་སྟོན༔ གྲུབ་ཆེན་འགའ་ཞིག་མདོ་ཁམས་སྟོད་དུ་འབྱུང་༔ དབང་པོའི་མིང་གིས་བསྟན་པའི་མེ་རོ་གསོ༔ ཐུབ་བསྟན་ཕྱོགས་རེར་མཐོངས་སྐར་ཉི་བཞིན་གསལ༔ རུ་དམ་སྲིན་པོ་བརྟུལ་རྗེས་ཡང་ཡང་མངོན༔ ལྕགས་ཀྱི་བདུད་སྤྲུལ་ཡང་ཡང་མགོ་འཕང་མཐོ༔ རྙིང་བོན་ཕལ་ཆེར་གསར་མའི་ཀུན་སྤྱོད་སློབ༔ བསྙེན་སྒྲུབ་སྒོམ་སྒྲུབ་དགུན་གྱི་མྱུ་གུ་བཞིན༔ འགྲོ་བའི་ཚེ་བསོད་མར་མར་འགྲིབ་པའི་དུས༔ སྟོད་ཕྱོགས་རྫ་ཆུ་ཟུང་འབྲེལ་ཡང་དབེན་དུ༔ མཁྱེན་རབ་སྤྲུལ་པ་ཤྲི་མིང་ཅན་དང་༔ འཕགས་པའི་སྤྲུལ་པ་བཟང་པོའི་མཚན་འཆང་བ༔ རྟ་ལུག་ལོ་བ་སྙིང་ལྟེ་སྨེ་བས་སྤྲས༔ དཔལ་གྱི་རི་ནས་འབྲེལ་ཚད་འགྲོ་བ་འདྲེན༔ དགུ་བདུན་འཕྲང་གི་བར་ཆད་སེལ་བའི་ཆོས༔ ཡང་ཟབ་འཕགས་མའི་སྒྲུབ་ཐབས་ཟབ་མོ་དང་༔ འཕགས་མའི་ཆོས་གཉིས་ཟུང་དུ་འབྲེལ་བ་ན༔ ཚེ་འཕྲང་གེགས་ལས་གྲོལ་བར་ཐེ་མི་ཚོམ༔ གཞན་ཡང་ཆོས་འདིར་དབང་བའི་སྐལ་ལྡན་ནི༔ བློན་ཆེན་སྐྱེ་བས་ཆོས་སྒོ་འབྱེད་པར་བསྐུལ༔ སོམ་ཉི་སྤང་བས་ཟབ་ཆོས་ཉམས་སུ་ལེན༔ བར་ཆད་གེགས་སེལ་ཉམས་དང་རྨི་ལམ་འབྱུང་༔ བཻ་རོའི་རྣམ་འཕྲུལ་མ་འདྲེས་མཛའ་བཤེས་འགྱུར༔ གསེར་ཕྱོགས་འགྲོ་ལ་ཆོས་འདིས་ངེས་ཤེས་བསྐྱེད༔ དགྲ་མཚོན་སྤུ་གྲིའི་སོ་ནས་གེགས་མེད་ཐར༔ སྤྲེལ་ཆུང་སྐྱེ་བས་ཆོས་ལ་ངེས་ཤེས་སྐྱེ༔ དགུ་ལྔའི་གེགས་སེལ་ལེགས་པའི་ཚོགས་ཀུན་འཕེལ༔ ཨ་ཙར་སྤྲུལ་བས་སྒྲ་སོགས་ཡིག་རིག་བརྩོན༔ དམ་པ་ཟུང་འབྲེལ་ཆོས་ཀྱིས་འགྲོ་མང་ལ༔ ཕན་པའི་རྟེན་འབྲེལ་ལེགས་པའི་ཕྱོགས་སུ་འགྲིགས༔ མཆོག་དབྱངས་སྤྲུལ་བས་ཆེ་བའི་གོ་ས་འདོན༔ ཕན་ཚུན་འབྲེལ་ཟབ་དུས་སྙིགས་རྒུད་པ་སེལ༔ ལྷ་སྲས་སྤྲུལ་བས་སྒོ་གསུམ་ཆོས་ལ་བསྐུལ༔ ཉེས་པའི་སྒོ་འགགས་བདེ་བའི་དཔལ་མང་སྦྱིན༔ ཆོས་རྒྱལ་སྤྲུལ་བས་གཙུག་གི་བླ་མར་བྱེད༔ བསྔགས་པའི་ཚིག་གིས་གཤེ་སྐུར་ཟིལ་གྱིས་གནོན༔ འཕགས་མའི་སྤྲུལ་བས་འབྱུང་འཁྲུགས་ནད་ཀུན་སེལ༔ ཟབ་གཏེར་ཐོས་པའི་ཡ་མཚན་རྟགས་འགའ་གསལ༔ དེ་ཚེ་བདུད་ཀྱི་སྤྲུལ་པ་མང་འབྱུང་ཡང་༔ མདོར་བསྡུས་གེགས་སེལ་ཕྱིར་དུ་ལྔ་ཙམ་བསྟན༔ ཀླུ་གོང་སྤྲུལ་བ་བཙུན་པའི་ཚུལ་དུ་ཡོང་༔ དམ་སེལ་ཉམས་ཆག་ཡང་ཡང་སློང་བར་བྱེད༔ ཅི་མི་སྙམ་པ་བཟོད་པའི་གོ་ཆ་བསྒོས༔ ཕམ་ཁ་རང་ཁུར་རེ་ཞིག་དེ་ཡིས་སེལ༔ ཐང་བོན་སྤྲུལ་པ་སྔགས་པའི་ཚུལ་དུ་འོང་༔ ངན་སྔགས་དུག་སྦྱོར་ཚེ་ལ་བར་ཆད་རྩོམ༔ རྡོ་རྗེ་གཙུག་ཏོར་ཡབ་ཡུམ་བཟླས་སྒོམ་འབད༔ སྙིང་རྗེའི་སེམས་ཀྱིས་ཕན་ཐོགས་དེ་ཡིས་སེལ༔ དམ་སྲིའི་སྤྲུལ་པ་ཡུལ་འདྲེའི་ཚུལ་དུ་འོང་༔ མི་ཕྱུགས་ནད་རིམས་མི་འདོད་མང་དུ་འབྱུང་༔ དུས་དྲུག་པདྨ་ང་ལ་གསོལ་བ་ཐོབ༔ ལོ་ལྟར་རིམ་གྲོ་མཆོད་སྦྱིན་བྱས་པས་སེལ༔ བདུད་མོའི་སྤྲུལ་པ་བུད་མེད་གཟུགས་སུ་འོང་༔ སྡང་མིག་ཡོན་པོར་བལྟ་ཞིང་སེམས་རྒྱུད་དཀྲུགས༔ ཕན་པའི་སེམས་ཀྱིས་ཟས་ནོར་གཏོང་ཕོད་དང་༔ བྱམས་པའི་ཚིག་བཟློས་ཐབས་མཁས་ཚུལ་གྱིས་སེལ༔ དར་མའི་སྤྲུལ་བ་མི་སྐྱའི་ཚུལ་དུ་འོང་༔ མནའ་ཆད་སྟོང་བས་ངན་སྒྲོག་གནོད་ཤོམ་བྱེད༔ དམན་པའི་ཚུལ་བཟུང་བྱམས་པའི་དཔའ་གདེང་བསྐྱེད༔ སྲུང་མའི་གསོལ་མཆོད་དགྲ་བྲུབ་ཟབ་མོས་སེལ༔ འདི་རུ་མ་བཀོད་སྐལ་ལྡན་ལུང་བྱང་སོགས༔ མཚོ་རྒྱལ་དགོངས་པའི་གསང་མཛོད་དེ་རུ་གསལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔


previousསྒྲོལ་མའི་ཐུགས་བསྐྱེད་བཀོད་པ་ཡིད་ཆེས་དད་པའི་ཤིང་རྟ།next