Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
འཇིགས་བརྒྱད་སྐྱོབ་པའི་སྨོན་ལམ་ཐུགས་དམ་རྒྱུད་བསྐུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇིགས་བརྒྱད་སྐྱོབ་པའི་སྨོན་ལམ་ཐུགས་དམ་རྒྱུད་བསྐུལ།next

འཇིགས་བརྒྱད་སྐྱོབ་པའི་སྨོན་ལམ་ཐུགས་དམ་རྒྱུད་བསྐུལ།

༄༅།།དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་གི་ཆ་ལག་ཁ་བསྐང་འཕགས་མ་སྒྲོལ་མའི་གཏམ་རྒྱུད་དང་འབྲེལ་བར་འཇིགས་བརྒྱད་སྐྱོབ་པའི་སྨོན་ལམ་ཐུགས་དམ་རྒྱུད་བསྐུལ་ཞེས་བྱ་བ་བཞུགས་སོ༔

༄༅།། ཨེ་མ་ཧོ༔ སྔོན་ཚེ་ཤ་འཁོན་ཆགས་པའི་ཁྱིམ་ཞིག་ལ༔ མེ་སྦར་ཤིན་ཏུ་འཇིགས་ནས་ཁྱིམ་བདག་དེས༔ སྒྲོལ་མར་གསོལ་བ་བཏབ་ཚེ་ཁང་པའི་ཐད༔ སྤྲིན་སྔོན་འཁྲིགས་ནས་ཆར་བབས་མེ་གཞིལ་ལྟར༔ བདག་ཀྱང་མེ་ཡི་འཇིགས་པས་ཉམ་ཐག་ཚེ༔ འཕགས་མར་གསོལ་བཏབ་མྱུར་དུ་ཞི་བར་ཤོག༔ སྔོན་ཚེ་དགེ་བསྙེན་ངོ་བོ་ཉིད་མེད་པ༔ སྦྲུལ་གྱིས་དེད་པས་སྐྲག་སྟེ་སྒྲོལ་མ་ལ༔ གསོལ་བ་བཏབ་ཚེ་དུག་སྦྲུལ་ཁ་ནང་ནས༔ མུ་ཏིག་བྲེ་གང་སྐྱུགས་ནས་བྲོས་པ་ལྟར༔ བདག་ཀྱང་སྦྲུལ་གྱི་འཇིགས་པས་གསོལ་བཏབ་ཚེ༔ དུག་སྦྲུལ་བྲོས་ཏེ་བཤགས་པ་འབུལ་བར་ཤོག༔ སྔོན་ཚེ་དགོན་པ་ཞིག་ཏུ་དགེ་ཚུལ་རྣམས༔ ནུབ་མ་རེ་བཞིན་ཤ་ཟས་བསད་ནས་བྲི༔ ནམ་ཞིག་ཐེག་ཆེན་ལ་མོས་བཙུན་པ་ཞིག༔ ཤ་ཟས་བཟུང་ཚེ་སྒྲོལ་མར་གསོལ་བཏབ་པས༔ བུད་མེད་ནག་མོས་རལ་གྲིས་ཤ་ཟར་བརྡེག༔ དེ་ཉིད་སྐྲག་སྟེ་ས་འོག་ལྕགས་བུམ་ནང་༔ མུ་ཏིག་བྲེ་གང་ཕུལ་ཏེ་བཟོད་གསོལ་ལྟར༔ བདག་ཀྱང་ཤ་ཟའི་གདོན་ལས་འཕགས་མ་ཡིས༔ སྲུངས་ཤིང་བགེགས་ཀྱི་གླགས་བལྟས་མི་ཚུགས་ཤོག༔ ནམ་ཞིག་བུད་མེད་མེ་ཏོག་འཐུ་བ་ཞིག༔ གླང་ཆེན་སྣ་ཡིས་བཟུང་ནས་མཆེ་བ་ཡིས༔ ཟ་བར་བརྩམས་ཚེ་སྒྲོལ་མར་གསོལ་བཏབ་ཚེ༔ གླང་ཆེན་སྣ་ཡིས་སྟེང་ལ་རབ་བཞག་ནས༔ ཕྱག་འཚལ་ཚུལ་བྱས་ཚོང་དཔོན་ཕྱུག་པོ་ཡི༔ ཁྱམས་ལ་བཞག་པས་བདག་མོར་དབང་བསྐུར་ལྟར༔ བདག་ཀྱང་གཉིས་འཐུང་འཇིགས་ལས་འཕགས་མ་ཡིས༔ རྟག་ཏུ་བསྲུངས་ཤིང་གཞན་གྱིས་བཀུར་བར་ཤོག༔ སྔོན་ཚེ་མ་རིའི་ཡུལ་གྱི་ཚོང་པ་རྣམས༔ རྐུན་མ་ལྔ་བརྒྱས་བདས་ནས་སྒྲོལ་མ་ལ༔ གསོལ་བ་བཏབ་པས་དྲག་པོའི་རླུང་བྱུང་ནས༔ ཆོམ་རྐུན་ལྔ་བརྒྱ་ཡུལ་གཞན་ཁྱེར་བ་ལྟར༔ བདག་ཀྱང་རྐུན་ཇག་འཇིགས་ལས་འཕགས་མ་ཡིས༔ རྟག་ཏུ་སྐྱོབ་ཅིང་དགྲ་རྐུན་མཐར་སྐྲོད་ཤོག༔ སྔོན་ཚེ་ཚོང་པ་མང་པོས་རྒྱ་མཚོ་ཡི༔ རིན་ཆེན་ལོན་ཏེ་དོན་མཐུན་གྲོགས་དང་བཅས༔ ཚངས་པ་བརྒྱ་བྱིན་ཉི་ཟླ་རྒྱུ་སྐར་སོགས༔ འཇིག་རྟེན་ལྷ་ལ་གསོལ་བཏབ་གྲུར་ཞུགས་ཀྱང་༔ མི་མཐུན་རླུང་གིས་གྲུ་ཞིག་མཚོར་ནུབ་ཚེ༔ ནང་པའི་དགེ་བསྙེན་ཞིག་གིས་འཕགས་མ་ལ༔ གསོལ་བ་དྲག་པོ་བཏབ་པས་ཆུ་རླབས་ཀྱིས༔ ཚོང་པ་ནོར་བཅས་རྒྱ་མཚོའི་ནང་ནས་བཏོན༔ རང་ཡུལ་སླེབས་ཚེ་བུད་མེད་ལྗང་མོ་ཡིས༔ དབུགས་དབྱུང་མཛད་ཅིང་ཚོང་པ་ལྔ་སྟོང་གིས༔ སྒྲོལ་མའི་ལྷ་ཁང་བརྒྱ་རྩ་བཞེངས་པ་ལྟར༔ བདག་ཀྱང་ཆུ་ཡིས་འཇིགས་ལས་སྐྱབས་པ་དང་༔ རྟག་ཏུ་དྲིན་དྲན་སྐུ་གཟུགས་བཞེངས་པར་ཤོག༔ སྔོན་ཚེ་རྐུན་པོ་རྒྱལ་པོའི་མཛོད་ཞུགས་ནས༔ ཆང་བུམ་རྙེད་དེ་བཏུང་བས་མྱོས་པ་ལས༔ དཀོར་གཉེར་རྣམས་ཀྱིས་ལྕགས་སུ་བཅུག་པ་དང་༔ སྒྲོལ་མར་གསོལ་བཏབ་འདབ་ཆགས་ལྗང་ཁུ་ཞིག༔ ཏཱ་རེ་སྒྲོག་བཞིན་མཆུ་ཡིས་ལྕགས་སྒྲོག་བཀྲོལ༔ རྐུན་པོ་རང་ཡུལ་བདེ་བར་སླེབས་པ་དང་༔ ཆོམ་རྐུན་ལས་སྤངས་འཕགས་མའི་ལྷ་ཁང་བཞེངས༔ བདག་ཀྱང་གཞན་གྱི་སྒྲོག་ཏུ་བཅུག་པའི་ཚེ༔ འཕགས་མས་དབུགས་དབྱུང་དྲིན་དྲན་སྡིག་སྤངས་ཤོག༔ སྔོན་ཚེ་མཛེས་མ་སྐྱེད་མོས་ཚལ་སོང་བ༔ སེང་གེ་ལྟོགས་པས་བཟུང་ནས་ཟར་བརྩམས་ཚེ༔ སྒྲོལ་མ་དྲན་ནས་གསོལ་བ་བཏབ་པའི་མཐུས༔ སེང་གེས་བཏང་ཞིང་འདོད་མྱོས་ཚོང་དཔོན་གྱིས༔ མུ་ཏིག་ཕྲེང་བ་ལྔ་བརྒྱ་བྱིན་པ་ལྟར༔ བདག་ཀྱང་སེང་གེ་ལ་སོགས་གཅན་གཟན་ལས༔ སྒྲོལ་མས་བསྐྱབས་ཏེ་ཟས་ནོར་རྙེད་པར་ཤོག༔ གཞན་ཡང་ཙནྡྲ་གོ་མི་ལན་གཉིས་སུ༔ རྒྱལ་པོའི་ཆད་པའི་འཇིགས་ལས་དབུགས་དབྱུང་ལྟར༔ བདག་ཀྱང་དེང་ནས་རྫོགས་སངས་རྒྱས་ཀྱི་བར༔ མཐའ་ཡས་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ༔ ཅེས་ཕལ་པའི་སྐད་ཀྱིས་གོ་སླ་བར་བྱས་ཏེ་རྒྱ་སྤྲུལ་བན་རྒན་གྱི་ན་བས་བྲིས་པ་ཛ་ཡནྟུ།


previousའཇིགས་བརྒྱད་སྐྱོབ་པའི་སྨོན་ལམ་ཐུགས་དམ་རྒྱུད་བསྐུལ།next