Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་བཤད་ལོ་རྒྱུས་ངེས་ཤེས་དད་པའི་མྱུ་གུ་རིག་འཛིན་བཟང་པོས་མཛད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆོས་བཤད་ལོ་རྒྱུས་ངེས་ཤེས་དད་པའི་མྱུ་གུ་རིག་འཛིན་བཟང་པོས་མཛད་པ།next

ཆོས་བཤད་ལོ་རྒྱུས་ངེས་ཤེས་དད་པའི་མྱུ་གུ་རིག་འཛིན་བཟང་པོས་མཛད་པ།

༄༅།། དགོངས་གཏེར་སྒྲོལ་མའི་ཆོས་བཤད་ལོ་རྒྱུས་ངེས་ཤེས་དད་པའི་མྱུ་གུ་ཞེས་བྱ་བ་བི་ཛ་ཧ་རཾ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གསན་ནས་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་བཅས་པའི་སྒོ་ནས་ལེགས་པར་གསན་པ་གལ་ཆེ་སྟེ། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲ་འོ། །ཞེས་གསུངས་པ་ལྟར་སེམས་ཅན་གྱི་ཁམས་ཚད་མེད་པ་བཞིན་དུ་དེ་ལ་ཕན་འདོད་ཀྱི་ལྷག་བསམ་ལན་གཅིག་སྐྱེས་པ་ཡང་ཚད་མེད་དེ། བཟང་སྤྱོད་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་དེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་པ་ལྟར་ཇི་ལྟར་ཉན་པའི་ཚུལ་ཡང་ཀུན་སློང་དང་ཀུན་སྤྱོད་མ་རུང་བ་སྤངས་དགོས་ཏེ། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག །མི་འཛིན་པ་ལྔ་དང་བཅས་པ་སྤངས་ནས་ལེགས་པར་གསན་འཚལ། དེ་ཡང་རྒྱལ་བ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་གདུལ་བྱའི་བློ་རིམ་དང་མཐུན་པའི་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་གསུངས་པ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་སུ་འདུས་པ་ཡིན་ལ། དེ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་སངས་རྒྱས་ཐོབ་པ་ལ་ཡུན་དུ་འགྱང་བ་ཡིན་ལ། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ནི་ཁྱད་པར་དུ་འཕགས་པ་སྟེ། ཇི་སྐད་དུ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་གསང་སྔགས་ལ་ཡང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་དང་གསུམ་དུ་ཡོད་པ་ལས། འདིར་ཟབ་མོ་དག་སྣང་མའི་ཕྱོགས་སུ་གཏོགས་པའམ་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ནང་ཚན་དུ་གཏོགས་པ་ཡིན། འདི་ཉིད་ནི་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་པ་དང་ཡང་སྤྲུལ་མང་དུ་བཞེས་པ་དང་། གཏེར་སྟོན་རཏྣ་གླིང་པ་སོགས་གཏེར་སྟོན་གྱི་སྐྱེ་བ་དུ་མར་བཞེས་མཐར་རྩོད་ལྡན་གྱི་དུས་འདིར་ལུང་རིག་གླིང་པ་རྩལ་དུ་འབོད་པ་དེ་ཉིད་ཀྱི་འོད་གསལ་ཆོས་ཉིད་ཡེ་ཤེས་ཆེན་པོ་དགོངས་པའི་རྩལ་དུ་བབ་པའམ། རྨི་ལམ་འོད་གསལ་གྱི་ཉམས་དང་འདྲེས་པར་ཚེ་རབས་ཀྱི་བླ་མ་གྲུབ་པའི་དབང་ཕྱུག་ཀུན་བཟང་གཞན་ཕན་དང་དངོས་སུ་མཇལ་ཞིང་དེའི་ཐུགས་རྗེ་ལ་བརྟེན་ནས་འཕུར་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་མི་མོའི་ཚུལ་དུ་བསྟན་པ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས་ཁྲིད་ནས་སྤྲུལ་པའི་ཕོ་བྲང་པོ་ཊ་ལ་དང་ཟངས་མདོག་དཔལ་གྱི་རི་བོ་སོགས་དག་པའི་ཞིང་ཁམས་དུ་མར་རིག་འཛིན་གྲུབ་བརྒྱའི་གཙོ་བོ་པདྨ་འབྱུང་གནས། འཇིགས་བརྒྱད་སྐྱོབ་པའི་སྐྱབས་མཆོག་འཕགས་མ་སྒྲོལ་མ། ཉི་ཟླའི་ཟེར་ལ་ཞོན་པའི་ལྷ་མོ་འོད་ཟེར་ཅན་མ་སོགས་ལྷག་པའི་ལྷ་རྣམས་དང་། རྒྱ་གར་གྱི་པཎ་ཆེན་ཙནྡྲ་གོ་མི། ཉི་མ་སྦས་པ། ཀླུ་སྒྲུབ་སྙིང་པོ། ཟླ་བ་གྲགས་པ་སོགས་མཁས་གྲུབ་དུ་མ་དང་། བོད་ཀྱི་མཁས་གྲུབ་ས་ཆེན་ཀུན་དགའ་སྙིང་པོ། ཇོ་ནང་ཀུན་མཁྱེན་ཏཱ་ར་ན་ཐ། ཀློང་ཆེན་རྡོ་རྗེ་གཟི་བརྗིད། ཀུན་མཁྱེན་འཇིགས་མེད་གླིང་པའི་གཙོས་དམ་པ་དུ་མའི་ཞལ་མཐོང་ཞིང་དེ་དག་གིས་དབུགས་དབྱུང་གཟེངས་བསྟོད་མཛད་པ་ལ་བརྟེན་ནས་དགོངས་གཏེར་མཁའ་འགྲོའི་ཐུགས་བཅུད་ལ་དབང་བསྒྱུར་བའི་བྱེད་པོ་མཆོག་གྱུར་འགྲོ་འདུལ་ལུང་རིག་གླིང་པ་དེ་ཉིད་རིག་འཛིན་ཉི་མ་གྲགས་པའི་ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་ལུང་བསྟན་ལས། བྱ་འམ་ཁྱི་ཡི་ལོ་བ་གསང་སྨེ་ཅན༔ འདི་ནི་རྩ་བའི་ཆོས་བདག་སྐྱེས་བུ་ཡིན༔ རྡོ་རྗེ་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ མཚོ་རྒྱལ་སྤྲུལ་པ་རྒྱལ་གྱི་མིང་ཅན་འབྱུང་༔ ཅེས་དང་། དམ་ཆོས་བདེ་ཆེན་ལམ་མཆོག་གི་སྐལ་ལྡན་ལུང་བསྟན་ལས། ང་ཡི་ཆོས་ལ་དབང་བ་ཡི༔ སྐལ་ལྡན་སྐྱེས་བུ་མཐའ་མིའི་རིགས༔ བརྒྱུད་འཛིན་དམ་པ་སྨད་ནས་འབྱུང་༔ སྙིང་ཐིིིིག་སྲུང་མས་སྡོང་གྲོགས་བྱེད༔ ཅེས་དང་། རིག་འཛིན་གསང་སྔགས་གླིང་པའི་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡེ་ཤེས་སྙིང་པོའི་ལུང་བྱང་ལས། མདོ་ཁམས་སྨད་ནས་ཀླུ་དབང་གི༔ སྐྱེ་མཐའ་མ་ཧཱ་ཙི་ནའི་རིགས༔ ཤེས་རབ་ཆེ་ཞིང་བྱང་སེམས་ལྡན༔ ལས་ཀྱི་རིགས་རྟགས་འཆང་བ་འབྱུང་༔ ཞེས་རྡོ་རྗེའི་ལུང་གིས་བསྔགས་པ་དེ་ཉིིད་ཀྱི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་རྡོ་རྗེའི་གོ་ཆ་ལས། དེ་ལྟར་འཕགས་མ་སྒྲོལ་མའི་ཆོ་ག་འདི༔ དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་མ༔ རང་བྱུང་སྤྲུལ་སྐུ་པདྨ་རྒྱལ་པོས་གདམས༔ ཚིག་དོན་གནས་ལ་རྟོག་གེས་བཅོས་མི་རུང་༔ མ་འོངས་མཚོ་རྒྱལ་སྤྲུལ་པ་ཉི་ཤུ་གཅིག༔ ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་ཀུན་ཏུ་འབྱུང་༔ ལས་ཅན་སྐྱེས་བུ་གསང་སྨེས་སྤྲས་པ་ཞིག༔ བྱ་འམ་ཁྱི་ཡི་ལོ་པ་རྒྱལ་གྱི་མིང་༔ དེ་ལ་ཚིག་རིས་དབྱིངས་ལས་འཇའ་ཚོན་ལྟར༔ ཐོགས་པ་མེད་པར་ཤར་བ་བྱིན་རླབས་མྱུར༔ ལས་སྐལ་ལྡན་པ་རྣམས་ཀྱིས་དང་དུ་ལོངས༔ བྱིན་རླབས་བཀའ་དང་དགོངས་གཏེར་སྙན་བརྒྱུད་རྫོགས༔ ལྷ་དང་བླ་མས་རྗེས་སུ་གནང་བ་བྱིན༔ ཉམས་སུ་བླང་བས་འདི་འམ་ཕྱི་མ་དང་༔ བར་མ་དོ་རུ་འཕགས་མས་རྗེས་སུ་འཛིན༔ དེ་ཕྱིར་སྙིང་གི་དྭངས་མ་མཆོག་ཏུ་ཟུངས༔ ཞེས་གསུངས་པ་དེ་ཉིད་ཀྱི་སྒོ་ནས་དབང་བསྐུར་བ་ལ་སློབ་དཔོན་གྱི་བགྱི་འོས་རྣམས་བླ་མ་དམ་པའི་ཕྱག་ལེན་ལས་བྱུང་བ་བཞིན་ཆད་ལྷག་མེད་པ་སྔོན་དུ་སོང་། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བླ་མ་དང་རྗེ་བཙུན་སྒྲོལ་མ་དབྱེར་མེད་པའི་དྲུང་དུ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་ཞིང་ཁམས་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས། ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ་བླ་མ་ཉིད་རྗེ་བཙུན་སྒྲོལ་མའི་རྣམ་པར་མངོན་སུམ་བཞུགས་ཡོད་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། དུས་གསུམ་འགྲོ་འདྲེན་བླ་མ་སྤྲུལ་པའི་སྐུ༔ སོགས། སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་ན་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་སྒྲོལ་མ་ལ་ཏཱ་རེ་ཉེར་གཅིག་སོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་ཕུང་འཁྲིགས་པ་ལྟར་བཞུགས་ཡོད་པའི་སྤྱན་སྔར་བདག་དང་ཕ་མའི་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ། དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ སོགས། སེམས་བསྐྱེད་པ་ནི། རང་དོན་ཁོ་ནས་དགེ་རྩ་གང་བསྒྲུབས་ཀྱང་ཐེག་དམན་གྱི་ལམ་ཡིན་ལ། གཞན་དོན་ལ་དམིགས་པའི་དགེ་རྩ་གང་བསྒྲུབས་ཀྱང་ཐེག་ཆེན་གྱི་ལམ་ཡིན་པས་ན་བདག་གིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་སྙམ་དུ་འདིའི་རྗེས་ཟློས་མཛོད། ཁམས་གསུམ་འགྲོ་ཀུན་སངས་རྒྱས་འཐོབ་བྱའི་ཕྱིར༔སོགས། དེ་ནས་སྡོམ་པ་བཟུང་བ་ནི། གསང་སྔགས་ཀྱི་དམ་ཚིག་སྤྱི་དང་བྱེ་བྲག་རིགས་ལྔའི་སྡོམ་པ་དང་། དམ་ཚིག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་དུ་འདིའི་རྗེས་ཟློས་མཛོད། བདག་གིས་གཞན་གནོད་སྤང་ཕྱིར་སོ་ཐར་དང༔ སོགས། གདོང་གཡོག་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོང་སྟེ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་གསར་བ་འདི་ཉིད་མ་མཇལ་བའི་མཚོན་བྱེད་དུ་གདོང་རས་དམར་པོ་རེས་བཅིངས་པའི་མོས་པ་མཛོད། ཨོཾ་ཙཀྵུ་བྷན་དྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ༔ ཞེས་མིག་དར་བཅིངས༔ དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་རུང་བས་ཕྱག་ཏུ་ཨུ་དུམ་ཝ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བཟུང་བའི་མོས་པ་མཛོད། ཨོཾ་ཨཱ་ཁཾ་ཝི་ར་ཧཱུྃ༔ དེ་ནས་ཡེ་ཤེས་དབབ་པ་སོགས་གཞུང་ལྟར་རོ།། དེ་ནས་རིགས་བརྟག་པའི་ཕྱིར་མེ་ཏོག་དོར་བ་ནི། རང་གི་ལས་འབྲེལ་ཡོད་པའི་ལྷ་ལ་དབབ་པར་ཤོག་སྙམ་དུ་འདིའི་རྗེས་ཟློས་དང་བཅས་དེ་ལྟོས་པ་མེད་པར་དོར། བདག་དང་སྔོན་ནས་འབྲེལ་བའི་ཡི་དམ་ལྷས༔ སོགས། གདོང་གཡོགས་བཀྲོལ་བ་འདི་སྐད་དོ། མ་རིག་པའི་གཉིས་འཛིན་གྱིས་ལྡོང་བའི་ལིང་ཐོག་བསལ་ནས་ཆོས་སྐུ་དྲི་མ་མེད་པའི་ཞལ་མངོན་སུམ་དུ་མཇལ་བའི་མོས་པ་མཛོད་ལ་འདིིིའི་རྗེས་ཟློས་མཛོད། ཀྱེ་ཧོ༔སྐལ་ལྡན་ཁྱོད་ཀྱི་རིག་པའི་མིག༔ སོགས། དེ་ནས་བུམ་དབང་དང་ལྷ་དབང་ཡོངས་རྫོགས་བསྐུར་བས་ལུས་ཀྱི་སྒྲིབ་པ་དག །བསྐྱེད་རིམ་སྒོམ་པ་ལ་དབང་། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབ། སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ། གསང་དབང་ནི༔ ཧཱུྃ་ཧྲཱིཿ ཀུན་བརྟགས་བྷན་དྷ་ཡངས་པའི་སོགས་ནས། སྭཱ་ཧཱ་བདེ་བའི་གཞི་འཛུགས་ཤོག༔ དེ་ལྟར་གསང་དབང་ཐོབ་པས་ངག་གི་སྒྲིབ་པ་དག །ལམ་རྩ་རླུང་སྒོམ་པ་ལ་དབང་། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབ། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ། ཀྱེ་ཧོ༔སྐལ་ལྡན་རྨ་བྱས་དུག་ཟོས་ཀྱང༔སོགས་ནས། ཨ་ཧོ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཐིག་ལེ་བསྒོམ་པ་ལ་དབང་། ཕྱག་རྒྱའི་རིག་འཛིན་གྱི་ས་བོན་ཐེབ། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ། ཆོས་ཀུན་སྟོང་པ་ཉོན་ཤེས་ཀྱི༔ སོགས་ནས། དེ་ཕྱིར་གང་ཤར་རང་སར་ཞོག༔ ཅེས་བརྗོད། དེ་ལྟར་ཚིག་དབང་རིན་པོ་ཆེ་བསྐུར་བས་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་དག །ལམ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབ། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ།། དེ་དང་རྗེས་འབྲེལ་དུ་ཕྱག་མཚན་ཨུཏྤལ་དང་། ཆོས་འཁོར་གཏད་པ། གཏོར་དབང་བསྐུར་བ། གསོལ་བ་འདེབས་པ་དང་འབྲེལ་བའི་གླེགས་བམ་བཀའ་གཏད་དང་། མཐའ་རྟེན་གྱི་རིམ་པ་སྤྱི་ལྟར་བསྐུར་བར་བྱས་ལ། རྗེས་ལ་མཎྜལ་འབུལ་བ་དམ་ཚིག་ཁས་བླང་དང་། བཀྲ་ཤིས་བརྗོད་པ་དགའ་སྟོན་ཚོགས་འཁོར་བྱ་བ་སོགས་གོང་སྨོས་ཕྱག་བཞེས་ལྟར་བསྒྲུབ་པར་བྱའོ། དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས། །ཚེ་འདིར་མྱུར་གྲོལ་དབང་མཆོག་ནོར་ཕྲེང་གི། །ཆོས་བཤད་ལོ་རྒྱུས་འདི་འདྲ་དགོས་གསུངས་པ། །པདྨའི་ཟབ་ཆོས་དགོངས་གཏེར་བཀའ་བབ་པ། །རིག་འཛིན་ལུང་རིག་གླིང་པའི་བཀའ་ཕེབས་བཞིན། །བཙུན་པ་རིག་འཛིན་བཟང་པོས་བྲིས་པ་འདིས། །འབྲེལ་ཚད་པདྨ་འོད་དུ་གྲོལ་བར་ཤོག །


previousཆོས་བཤད་ལོ་རྒྱུས་ངེས་ཤེས་དད་པའི་མྱུ་གུ་རིག་འཛིན་བཟང་པོས་མཛད་པ།next