Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབང་ཆོག་ནོར་བུའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདབང་ཆོག་ནོར་བུའི་ཕྲེང་བ།next

དབང་ཆོག་ནོར་བུའི་ཕྲེང་བ།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ ཚེ་འདིར་མྱུར་གྲོལ་དབང་ཆོག་ནོར་བུའི་ཕྲེང་བ་བཞུགས༔

ཤེས་རབ་དབྱིངས་ཀྱི་ཡུམ་ལ་འདུད༔ སྤྲུལ་པའི་ཕོ་བྲང་པོ་ཊ་ལར༔ ཐུགས་རྗེའི་ལྷ་མཆོག་པདྨ་འཛིན༔ མཚོ་སྐྱེས་རང་བྱུང་སྤྲུལ་སྐུ་ངས༔ འཕགས་མའི་རྒྱུད་དང་སྒྲུབ་ཐབས་བསྡུས༔ དབང་མཆོག་སྨིན་གྲོལ་ནོར་བུ་འདི༔ སྐལ་ལྡན་ཚེ་འདིར་གྲོལ་ཕྱིར་བསྟན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྦྱོར་བ་དབེན་གནས་སུ༔ དཀྱིལ་འཁོར་མདའ་གང་བཀོད་ལེགས་སྟེང་༔ རྡུལ་ཚོམ་རས་དཀྱིལ་སྐབས་དང་བསྟུན༔ དབུས་སུ་བུམ་པ་བཅུད་ལྡན་ལ༔ འབྲས་ཅན་ཤིང་དང་རྨ་བྱས་བརྒྱན༔ གཟུངས་རྡོར་འཕགས་མའི་སྐུ་ཡང་གཟུགས༔ ཤར་དུ་དབྱངས་གསལ་དབྱངས་ཅན་སྐུ༔ ལྷོ་རུ་པྲོག་ཞུ་མ་རི་ཙྱཻ༔ ནུབ་ཏུ་ལྕགས་ཀྱུ་དབང་མོའི་གཟུགས༔ བྱང་དུ་གཏེར་བུམ་ནོར་རྒྱུན་མའི༔ སྐུ་དང་འཁོར་རྣམས་གཟུགས་བརྙན་འགོད༔ གཞན་ཡང་བྷན་དྷ་ཨ་མྲྀ་ཏ༔ ཤེལ་དང་མེ་ལོང་རྨ་བྱའི་མདངས༔ ཕྱག་མཚན་གཏོར་མ་ལྷ་ཡི་གྲངས༔ མཐའ་བསྐོར་ཉེར་སྤྱོད་མཐའ་རྟེན་བཅས༔ མན་ངག་གཞན་དང་མཐུན་པར་བྱ༔ དེ་ནས་བདག་མདུན་དབྱེར་མེད་སྒྲུབ༔ ཁྱད་པར་བུམ་པ་གཞལ་ཡས་ཁང་༔ མཚན་ཉིད་ཡོངས་རྫོགས་གདན་གྱི་དབུས༔ ཏཱཾ་ཡིག་ལྗང་ཁུའི་འཕྲོ་འདུ་ལས༔ འཕགས་མ་གཙོ་འཁོར་ཡོངས་རྫོགས་བསྐྱེད༔ རང་སྲོག་སྔགས་ཀྱི་འོད་ཟེར་ནི༔ བུང་བས་ཚང་ཚོལ་ཇི་བཞིན་དུ༔ སྔགས་སྒྲ་དང་བཅས་གཟུངས་ཐག་འཁྲིལ༔ བུམ་ལྷའི་ཐུགས་ཀར་ཕོག་པའི་མོད༔ བདེ་སྟོང་ཡེ་ཤེས་རབ་ཏུ་རྒྱས༔ སྐུ་དང་ཐུགས་ཀའི་ཏཱཾ་སྔགས་ཕྲེང་༔ བཻཌཱུར་ཞུན་མའི་ཁུ་བ་ལྟར༔ བདུད་རྩིའི་རྒྱུན་བབས་བུམ་པ་གང་༔ ཡེངས་མེད་ངང་ནས་སྔགས་འདི་བཟླ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཨ་བྷི་ཥིཉྩ་སརྦ་སིདྡྷི་ཧཱུྃ་ཨཿ བརྒྱ་སྟོང་བསྙེན་པའི་ཁ་ཡང་གསོ༔ སྐབས་སུ་མཆོད་བསྟོད་འདོད་དོན་ལ༔ གསོལ་བ་གདབ་པ་འདི་བཞིན་བྱ༔ ཨོཾ་ཨཱཿཧཱུྃ༔ རྗེ་བཙུན་སྒྲོལ་མ་དུས་གསུམ་རྒྱལ་བའི་ཡུམ༔ བདག་དང་སྐལ་ལྡན་སློབ་མའི་ཚོགས་རྣམས་ཀྱི༔ སྒྲིབ་གཉིས་བག་ཆགས་དག་པར་མཛད་དུ་གསོལ༔ ཚེ་བསོད་དགེ་ཚོགས་འཕེལ་བར་མཛད་དུ་གསོལ༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་བསྩལ་དུ་གསོལ༔ ས་བཅུའི་ཡོན་ཏན་ཚེ་འདིར་ཐོབ་མཛད་གསོལ༔ དེ་ལྟར་གསོལ་བ་བཏབ་རྗེས་སུ༔ མདུན་བསྐྱེད་བདེ་གཤེགས་དཔོན་སློབ་ལ༔ དྲི་བཅས་བདག་ཉིད་སློབ་མ་ཡིས༔ དབང་བཞི་ཡོངས་རྫོགས་ལེན་པ་འམ༔ ཡང་ན་ཆོ་གའི་དངོས་གྲུབ་ཀྱི༔ ཚིག་དེས་བདག་ཉིད་ནུས་ལྡན་བྱ༔ ལས་བུམ་བདུད་རྩི་འཁྱིལ་བ་བསྐྱེད༔ བསྙེན་བཟླས་མཆོད་བསྟོད་འོད་ཞུ་བྱ༔ ས་མ་ཡཱ༔ དེ་ནས་སློབ་མ་མདུན་དུ་འཁོད༔ ཁྲུས་བྱས་བགེགས་ཚོགས་གཏོར་མས་བརྔན༔ རྒྱ་མཚོའི་མཐར་བསྐྲད་སྲུང་འཁོར་བསྒོམས༔ ཆོས་བཤད་སྤྱི་ཡིས་བློ་བཅོས་ཤིང་༔ འཕགས་མའི་གསང་གསུམ་ཆེ་བ་དང་༔ གདམས་པ་འདི་ཡི་ལོ་རྒྱུས་ཀྱིས༔ ངེས་ཤེས་བསྐྱེད་རྗེས་མཎྜལ་འབུལ༔ གསོལ་བ་གདབ་པ་འདི་བཞིན་བྱ༔ དུས་གསུམ་འགྲོ་འདྲེན་བླ་མ་སྤྲུལ་པའི་སྐུ༔ བདག་རྒྱུད་སྨིན་ཕྱིར་རྗེ་བཙུན་འཕགས་མ་ཡི༔ དབང་བཞིའི་ཆུ་བོས་སྒྲིབ་བཞི་རབ་སྦྱངས་ནས༔ སྐུ་བཞིའི་གོ་འཕང་ཐོབ་པར་མཛད་དུ་གསོལ༔ ཅེས་པས་ལན་གསུམ་གསོལ་བ་བཏབ༔ དེ་ནས་བླ་མས་འདི་སྐད་དོ༔ ཀྱེ་ཧོ༔ སྐལ་ལྡན་བུ་རྣམས་ལེགས་པར་གསོན༔ དུག་ལྔ་ཡེ་ཤེས་ལྔ་རུ་གནས་འགྱུར་ནས༔ ཚེ་འདིར་སངས་རྒྱས་མ་བསྒྲུབས་མྱུར་ཐོབ་པའི༔ དབང་མཆོག་འདི་འདྲ་འཇིག་རྟེན་ཁམས་སུ་དཀོན༔ འོན་ཀྱང་དམ་ཚིག་ཚུལ་བཞིན་བསྲུང་ནུས་སམ༔ ཞེས་པའི་ལན་དུ་འདི་སྐད་ཞུ༔ བདག་ཅག་སྐལ་ལྡན་དད་ཅན་ཚོགས་རྣམས་ཀྱིས༔ རྡོ་རྗེ་སློབ་དཔོན་དམ་པའི་བཀའ་བཞིན་དུ༔ དམ་ཚིག་སྡོམ་པ་ཚུལ་བཞིན་ལེགས་བསྲུངས་ནས༔ སངས་རྒྱས་བསྟན་དང་འགྲོ་དོན་བརྩོན་འགྲུས་བྱ༔ དེ་སྐད་ཞུས་མཐར་ཐོག་མར་སྡོམ་ཀུན་གྱི༔ རྩ་བ་མདུན་མཁར་འཕགས་མ་སྐྱབས་གནས་ཀུན༔ གསལ་གདབ་སྐྱབས་སུ་འགྲོ་བ་འདི་སྐད་དོ༔ ན་མོཿ དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ མཁའ་ཁྱབ་འགྲོ་ཀུན་སངས་རྒྱས་ཐོབ་བྱའི་ཕྱིར༔ དཀོན་མཆོག་གསུམ་དངོས་རྗེ་བཙུན་འཕགས་མ་ལ༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ ལན་གསུམ་བརྗོད་རྗེས་སེམས་བསྐྱེད་པ༔ ཚིག་འདིས་རྗེས་སུ་སེམས་གཞོལ་བས༔ ཁམས་གསུམ་འགྲོ་ཀུན་སངས་རྒྱས་འཐོབ་བྱའི་ཕྱིར༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་བསྒྲུབས་ནས་ནི༔ རྟག་ཏུ་གཞན་ཕན་བློ་དང་མ་བྲལ་བར༔ ཕ་རོལ་ཕྱིན་དྲུག་ཡང་དག་སྤྱད་པར་བགྱི༔ སླར་ཡང་སྡོམ་བཟུང་འདི་བཞིན་རྗེས་སུ་ཟློས༔ བདག་གིས་གཞན་གནོད་སྤངས་ཕྱིར་སོ་ཐར་དང་༔ གཞན་ཕན་བྱང་ཆུབ་སེམས་ལ་བློ་སྦྱངས་ནས༔ རིག་འཛིན་སྔགས་ཀྱི་དམ་ཚིག་མ་ལུས་པ༔ རིགས་ལྔའི་སྡོམ་པར་བསྡུས་ཏེ་ཚུལ་བཞིན་སྲུངས༔ དེ་ནས་སློབ་མ་གདོང་གཡོགས་དམར་པོས་དཀྲི༔ མེ་ཏོག་ལག་ཏུ་ཐོགས་ཕྱིར་སྔགས་འདི་བརྗོད༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ དེ་ནས་དངོས་གཞིའི་དབང་ཐོབ་ཕྱིར༔ ཡེ་ཤེས་དབབ་པའི་དམིགས་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ༔ ཞེས་པས་སྣོད་བཅུད་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སློབ་མ་ཡི༔ རིག་པ་ཏཱཾ་ཡིག་ལྗང་གུ་ལས༔ གཙོ་མོའི་སྐུ་རུ་ལམ་གྱིས་གསལ༔ གནས་གསུམ་ཡི་གེ་འབྲུ་གསུམ་དང་༔ ཐུགས་སྲོག་སྔགས་ཀྱི་འཕྲོ་འདུ་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམས༔ བྱིན་དབབ་རོལ་མོ་སྤོས་དུད་བཅས༔ ཧཱུྃ་ཧྲཱིཿ བྱིན་ཆེན་ངོ་མཚར་རྨད་དུ་བྱུང་བའི་གནས༔ རང་བྱུང་ཆོས་དབྱིངས་སྤྲོས་བྲལ་ཀློང་ཡངས་ནས༔ འགགས་མེད་གཟུགས་སྐུ་སྒྱུ་འཕྲུལ་དྲ་བའི་གར༔ རྗེ་བཙུན་སྒྲོལ་མ་འཕགས་མཆོག་ཐུགས་རྗེའི་ལྷ༔ བཞེངས་ཤིག་རྩ་གསུམ་རྒྱ་མཚོ་སྤྲུལ་འཁོར་བཅས༔ སྔོན་བསྐྱེད་དམ་བཅའི་ཐུགས་རྗེ་མ་གཡེལ་བར༔ བདག་དང་སྐལ་ལྡན་མོས་པའི་བུ་རྣམས་ཀྱིས༔ ལུས་ངག་ཡིད་ལ་བྱིན་ཆེན་དབབ་ཏུ་གསོལ༔ བགེགས་དང་ལོག་འདྲེན་འཇིགས་བརྒྱད་བསལ་དུ་གསོལ༔ མཆོག་ཐུན་དངོས་གྲུབ་དུས་འདིར་བསྩལ་དུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཨ་ཨཱ༔ ཞེས་པས་བྱིན་ཆེན་དབབ་རྗེས་ཡེ་ཤེས་པ་བསྟིམས༔ ཏིཥྛ་བཛྲ་ས་མ་ཡེ་ཨཱཿཧཱུྃ༔ དེ་རྗེས་དཀྱིལ་འཁོར་སྒོ་བཞི་ནས༔ ཕྱག་འཚལ་འདུན་པས་འདིའི་རྗེས་ཟློས༔ ཨོཾ་ན་མཿསརྦ་ཏ་ཐ་ག་ཏཱ་ན་མ་ཏེ་ཧཱུྃ༔ ན་མ་མེ་ཧཱུྃ༔ ན་མོ་ན་མ་ཧཱུྃ༔ སྔགས་ཚིག་ལན་བཞིར་བརྗོད་རྗེས་སུ༔ སྒོ་དབྱེ་གསོལ་བ་འདི་བཞིན་གདབ༔ ཀྱེ་ཧོ་འཆི་མེད་སྲས་མོ་རྣམ་པ་བཞི༔ ཚད་མེད་སྒོ་བཞི་གཉིས་འཛིན་རྟོག་པས་བསྒྲིབས༔ རང་བྱུང་འཕགས་མའི་རང་ཞལ་བལྟ་བའི་ཕྱིར༔ ཡེ་ཤེས་བཞི་ཡི་སྒོ་བཞི་དབྱེ་རུ་གསོལ༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ ཚེ་རབས་འབྲེལ་བའི་རིགས་ཀྱི་ལྷ་བརྟག་ཕྱིར༔ འདབ་བཞི་ཕྱོགས་མདོག་རེ་ཁཱར་མེ་ཏོག་འབུལ༔ བདག་དང་སྔོན་ནས་འབྲེལ་བའི་ཡི་དམ་ལྷས༔ བདག་གི་རིག་པའི་མེ་ཏོག་བཞེས་སུ་གསོལ༔ བདག་ལ་མཆོག་ཐུན་ལས་བཞིའི་ཕྲིན་ལས་ཀྱིས༔ དེར་མཐུན་དངོས་གྲུབ་གེགས་མེད་བསྩལ་དུ་གསོལ༔ བཛྲ་པུཥྤེ་པྲ་ཏིཙྪ་ཧོ༔ ཞེས་བརྗོད་དཀྱིལ་འཁོར་ལ་དོར་བས༔ དབུས་སུ་ཆོས་དབྱིངས་རང་གྲོལ་ལམ༔ མོ་ལ་དབང་མོ་དེ་བཞིན་དུ༔ ཕྱོགས་བཞིར་ལས་བཞིའི་མིང་གི་རྗེས༔ མྱུ་གུ་རྩལ་དང་དབང་མོ་དང་༔ མཚམས་བཞིར་རིག་རྩལ་བཞད་པར་གདགས༔ དེ་ནས་རང་གི་ལྷག་པའི་ལྷས༔ མེ་ཏོག་སྤྱི་བོར་བསྩལ་འདུན་གྱིས༔ བླ་མས་སློབ་མར་གསང་མིང་དང་༔ ལྷན་ཅིག་པདྨའི་གཙུག་ཏུ་བཀོད༔ མ་རིག་ལིང་ཐོག་བསལ་དམིགས་ནས༔ གདོང་གཡོགས་བཀྲོལ་བ་འདི་སྐད་དོ༔ ཀྱེ་ཧོ་སྐལ་ལྡན་ཁྱོད་ཀྱི་རིག་པའི་མིག༔ གློ་བུར་འཁྲུལ་བའི་ལིང་ཐོག་གིས་བསྒྲིབས་པ༔ དེ་བསལ་ན་ནི་ཆོས་སྐུ་དྲི་བྲལ་ཞལ༔ ཐོགས་མེད་མཐོང་ཕྱིར་མཚོན་བྱེད་མིག་རས་བསལ༔ སློབ་དཔོན་གསེར་ཐུར་ཐོགས་ནས་དཀྱིལ་འཁོར་བསྟན༔ དེ་ནས་སློབ་དཔོན་གྱིས་གསེར་ཐུར་ཐོགས་ཏེ་དཀྱིལ་འཁོར་གྱི་མཚན་ཉིད་བསྟན་པ་འདི་ལ་བསམ་པའི་ཁྱད་པར་གདའ༔ ཀྱེ་ཧོ་ལྟོས་ཤིག་སྐལ་ལྡན་སེམས་ཀྱི་བུ༔ དོན་དམ་དཀྱིལ་འཁོར་མཚན་འཛིན་ལས་གྲོལ་ཀྱང་༔ ཀུན་རྫོབ་དོན་ལ་བརྡ་རྟགས་གཉིས་ལ་བརྟེན༔ སྒོ་བཞིར་བྱུང་བ་ཚད་མེད་རྣམ་པ་བཞི༔ ཕྱོགས་མཐུན་གྲུ་ཆད་ལས་བཞི་ལྷུན་གྱིས་གྲུབ༔ འདོད་སྣམ་དམར་པོ་འདོད་ཡོན་མ་སྤངས་གྲོལ༔ ཕ་གུ་སེར་པོ་ཚོགས་གཉིས་ཤུགས་ཀྱིས་བསགས༔ ཤར་དུ་དཀར་པོ་དྲན་པ་ཉེ་བར་བཞག༔ རྟ་བབས་བརྒྱད་པ་འཕགས་ལམ་ཡང་དག་འགྲུབ༔ པད་འདབ་ཉི་ཤུ་ཉེ་ཉོན་རང་སར་དག༔ དབུས་ལྗང་ལྟེ་བ་རིག་པ་སྒྲིབ་སྐྱོན་བྲལ༔ མཐའ་བསྐོར་ཁྲུས་རྫིང་ཚོགས་བརྒྱད་གནས་སུ་དག༔ ཐབས་ཤེས་ཟུང་འཇུག་རི་དྭགས་ཕོ་མོས་བརྒྱན༔ རང་བཞིན་གཞི་རྫོགས་གདུགས་དང་ཆོས་འཁོར་ལྡན༔ གནས་སྐབས་བདེ་ཕྱིར་ཡོ་བྱད་ཕུན་སུམ་ཚོགས༔ མཐར་ཐུག་བསླུ་མེད་རིག་པ་རང་བཞིན་སྟོང་༔ ཐུགས་རྗེ་འགགས་མེད་རྩལ་སྣང་ཅིར་ཡང་འཆར༔ ཨེ་མ་ངོ་མཚར་དབྱིངས་ཀྱི་ལྷ་ཞལ་ལྟོས༔ རྣམ་ཤེས་གནས་དག་འཇིགས་སྐྱོབ་སྒྲོལ་མ་བརྒྱད༔ བསྡུ་དངོས་བཞི་མཚོན་ཚད་མེད་སྒོ་སྐྱོང་བཞི༔ ཀུན་འདུས་ཤེས་རབ་ཕར་ཕྱིན་རྗེ་བཙུན་མ༔ ཡེ་ནས་རང་དང་འབྲལ་མེད་རང་ངོར་ལྟོས༔ སློབ་མས་མོས་གུས་ཡང་ཡང་བསྐྱེད༔ མཐའ་བྲལ་གཤིས་ཀྱི་རང་གདངས་བསྐྱངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞི་བུམ་པ་སྐུ་ཡི་དབང་༔ བདུད་རྩི་གསུང་ལ་ཤེལ་རྡོ་ཐུགས༔ ཡོན་ཏན་ཕྱག་མཚན་ཕྲིན་ལས་ནི༔ མཐའ་རྟེན་གཏོར་མའི་རིམ་པའོ༔ ཞེས་གསུངས་པས༔ ༧ ཐོག་མར་སྤྲོས་བཅས་བུམ་དབང་ཆེན་པོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ༔ སློབ་མས་ཕྱག་བྱས་མཎྜལ་འབུལ༔ བུམ་པའི་དབང་བསྐུར་ཞུ་བའི་ཕྱིར༔ གསོལ་བ་བཏབ་པ་འདི་བཞིན་ནོ༔ ཀྱེ་ཧོ་རྗེ་བཙུན་ཐུགས་རྗེའི་བདག་ཉིད་ཆེ༔ མ་དག་ཐ་མལ་སྣང་ཞེན་ལྷ་སྔགས་སུ༔ གནས་དག་བསྐྱེད་རིམ་གོམས་པ་མཐར་ཕྱིན་ཕྱིར༔ བུམ་པའི་དབང་གིས་བདག་རྒྱུད་སྨིན་པར་མཛོད༔ ལན་གསུམ་གསོལ་རྗེས་དབུས་ཀྱི་བུམ་པ་ཡི༔ དབང་སྐུར་མཚོན་བྱེད་ཚིག་འདིས་གསལ་གདབ་བྱ༔ ཧཱུྃ༔ སྐུ་གསུམ་རང་གསལ་ཆོས་དབྱིངས་བུམ་པ་རུ༔ ཐུགས་རྗེ་འགགས་མེད་དཀྱིལ་འཁོར་ལྷ་ཚོགས་བཞུགས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ ལུས་ཀྱི་ཞེན་རྟོག་ཐ་མལ་སྒྲིབ་པ་དག༔ མཚན་དཔེ་ཡོངས་རྫོགས་སྤྲུལ་སྐུ་ཐོབ་པར་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར་བཞག་ཅིང་བུམ་ཆུ་བླུད༔ དེ་ནས་གཙོ་མོའི་སྐུ་ཐོགས་ཏེ༔ སྤྱི་བོར་བཞག་ལ༔ ཧཱུྃ་ཧྲཱིཿ བསྐལ་མང་གོང་ནས་མངོན་པར་སངས་རྒྱས་ཀྱང་༔ རྩོད་ལྡན་ཉམ་ཐག་འགྲོ་བ་དབུགས་དབྱུང་ཕྱིར༔ རྒྱལ་ཀུན་ཕྲིན་ལས་རང་གཟུགས་རྗེ་བཙུན་མ༔ སེང་ལྡིང་ནགས་ཀྱི་སྒྲོལ་མའི་དབང་བསྐུར་བས༔ བྱ་བ་གྲུབ་པའི་ཡེ་ཤེས་མངོན་གྱུར་ནས༔ སྲིད་ལས་འགྲོ་ཀུན་སྒྲོལ་ནུས་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ད་ན་ཏྲ་ཡ་ཨ་བྷི་ཧཱུྃ༔ ཞེས་པས་དབང་བསྐུར་ལྷ་དང་རང་སེམས་བསྲེ༔ ཡུམ་དོན་མཉམ་བཞག་དབང་གི་མཐར་ཐུག་གོ༔ ཤར་གྱི་དབྱངས་ཅན་མའི་སྐུ་དང་དབྱངས་གསལ་མགྲིན་པར་བཞག་སྟེ༔ ཧཱུྃ་ཧྲཱིཿ ངག་གི་ལྷ་མོ་ཤེས་རབ་ཕུན་སུམ་ཚོགས༔ བློ་གྲོས་དཔལ་སྩོལ་དབྱངས་ཅན་འཕགས་མ་ཡིས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ གཏི་མུག་གླང་པོའི་འཇིགས་པ་ལས་གྲོལ་ནས༔ ནད་གདོན་བར་ཆད་ཞི་བའི་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པྲཛྙཱ་ཧྲཱིང་ཧྲཱིང་ཨ་བྷི་ཥིཉྩ་ཧཱུྃ༔ དབྱངས་གསལ་བརྗོད་ཅིང་མགུལ་དུ་བཞག༔ ལྷོ་ཡི་རིན་པོ་ཆེའི་པྲོག་ཞུ་དང་༔ འོད་ཟེར་ཅན་གྱི་སྐུ་སྙིང་གར་གཏུགས་ཏེ༔ ཧཱུྃ་ཧྲཱིཿ རྟག་ཆད་མཐའ་བཞི་ལས་གྲོལ་དབྱིངས་ཀྱི་ཡུམ༔ དཔལ་འབྱོར་རྒྱས་མཛད་འོད་ཟེར་ཅན་མ་ཡིས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ ལྟ་ངན་རྐུན་པོའི་འཇིགས་པ་ལས་གྲོལ་ནས༔ ཚེ་བསོད་ཡོན་ཏན་རྒྱས་པའི་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་རི་ཙྱཻ་མཾ་མ་ཧཱ་པུཎྱཻ་ཨ་བྷི་ཥིཉྩ་ཧཱུྃ༔ ནུབ་ཀྱི་ལྕགས་ཀྱུ་ལེ་བརྒན་རིག་བྱེད་མའི་སྐུ་ལྟེ་བར་བཞག་སྟེ༔ ཧཱུྃ་ཧྲཱིཿ སྲིད་པའི་རྩ་བ་ཆགས་པའི་སྐྱོན་ལས་གྲོལ༔ ཁམས་གསུམ་ཡིད་འགུགས་ཀུ་རུ་ཀུལླེ་ཡིས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ འདོད་ཆགས་ཆུ་བོའི་འཇིགས་པ་ལས་གྲོལ་ནས༔ སྲིད་གསུམ་དབང་དུ་སྡུད་ནུས་དབང་ཐོབ་ཤོག༔ ཨོཾ་ཨརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཀུ་རུ་ཀུལླེ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ༔ བྱང་གི་གཏེར་བུམ་དང་ནོར་རྒྱུན་མའི་སྐུ་གསང་བར་བཞག་སྟེ༔ ཧཱུྃ་ཧྲཱིཿ འཁྲུལ་རྟོག་སྲེད་ལེན་ཞེན་པ་རང་གྲོལ་ཡང་༔ མི་ཟད་འདོད་རྒུའི་འབྱུང་གནས་ནོར་རྒྱུན་མས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ སེར་སྣ་ལྕགས་སྒྲོག་འཇིགས་པ་ལས་གྲོལ་ནས༔ ལོག་འདྲེན་ཚར་གཅོད་མཐུ་ནུས་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བ་སུ་དྷ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ མྱུར་མ་དཔའ་མོའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ བྱམས་པ་ཚད་མེད་རྗེ་བཙུན་མ༔ མྱུར་མ་དཔའ་མོའི་དབང་བསྐུར་བས༔ ཞེ་སྡང་མེ་ཡི་འཇིགས་ལས་གྲོལ༔ འཕགས་མའི་གསང་གསུམ་མངོན་གྱུར་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བསོད་ནམས་དཔལ་སྟེར་གྱི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ སྙིང་རྗེ་ཚད་མེད་རྗེ་བཙུན་མ༔ བསོད་ནམས་དཔལ་སྟེར་དབང་བསྐུར་བས༔ ང་རྒྱལ་སེང་གེའི་འཇིགས་ལས་གྲོལ༔ འཕགས་མའི་གསང་གསུམ་མངོན་གྱུར་ཤོག༔ མ་ཧཱ་པུཎྱཻ་ཨ་བྷི་ཥིཉྩ་ཧཱུྃ༔ དགའ་བ་བརྒྱད་ལྡན་འཇིག་རྟེན་གསུམ་རྒྱལ་མའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ དགའ་བ་ཚད་མེད་རྗེ་བཙུན་མ༔ འཇིག་རྟེན་གསུམ་རྒྱལ་དབང་བསྐུར་བས༔ ཐེ་ཚོམ་ཤ་ཟའི་འཇིགས་ལས་གྲོལ༔ འཕགས་མའི་གསང་གསུམ་མངོན་གྱུར་ཤོག༔ ལོ་ཀ་པ་ཤཾ་ཨ་བྷི་ཥིཉྩ་ཧཱུྃ༔ གཞན་ལས་རྣམ་པར་རྒྱལ་མའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ བཏང་སྙོམས་ཚད་མེད་རྗེ་བཙུན་མ༔ གཞན་ལས་རྣམ་རྒྱལ་དབང་བསྐུར་བས༔ ཕྲག་དོག་སྦྲུལ་གྱི་འཇིགས་ལས་གྲོལ༔ འཕགས་མའི་གསང་གསུམ་མངོན་གྱུར་ཤོག༔ བི་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དགྲ་དཔུང་འཇོམས་མའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ འགྲོ་ལ་མི་འཇིགས་སྦྱིན་མཛད་རྗེ་བཙུན་མ༔ དགྲ་དཔུང་འཇོམས་མཛད་རྡོ་རྗེ་སྡེར་མོ་ཡིས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ ལྷ་བུའི་བདུད་ལས་རྣམ་རྒྱལ་དབང་ཐོབ་ཤོག༔ བཛྲ་རུ་དྷཱི་ར་ཨ་བྷི་ཥིཉྩ་ཧཱུྃ༔ རྩ་སྔགས་ཤམ་བུར་ཨ་བྷི་ཥིཉྩ་ཧཱུྃ༔ གཞན་མི་རྒྱལ་མའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ འགྲོ་དྲུག་སྙན་པའི་དབུགས་དབྱུང་རྗེ་བཙུན་མ༔ གཞན་མི་རྒྱལ་མཛད་དཔའ་མོ་ཆེན་མོ་ཡིས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ ཉོན་མོངས་བདུད་ལས་རྣམ་རྒྱལ་དབང་ཐོབ་ཤོག༔ ས་ར་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྩ་སྔགས་ཤམ་བུར་ཨ་བྷི་ཥིཉྩ་བཏགས༔ འཇིགས་བྱེད་ཆེན་མོའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ འགྲོ་བའི་དོན་མཐུན་མཛད་པ་མཐར་ཕྱིན་པའི༔ བདུད་དཔུང་ཟིལ་གནོན་འཇིགས་བྱེད་ཆེན་མོ་ཡིས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ ཕུང་པོའི་བདུད་ལས་རྣམ་རྒྱལ་དབང་ཐོབ་ཤོག༔ མ་ཧཱ་བྷ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ རྩ་སྔགས་ཤམ་བུར་ཨ་བྷི་ཥིཉྩ་བཏགས༔ གཞན་གྱིས་མི་ཐུབ་མའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ རྒྱལ་སྲས་ཆེན་པོའི་སྤྱོད་པ་མ་ལུས་པ༔ མཐར་སོན་རྒྱལ་མཚན་རྩེ་མོ་མི་ཐུབ་མས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ འཆི་བདག་བདུད་ལས་རྣམ་རྒྱལ་དབང་ཐོབ་ཤོག༔ དྷྭ་ཛ་ཨ་གྲ་གེ་ཡུ་ར་ཨ་བྷི་ཥིཉྩ་ཧཱུྃ༔ རྩ་སྔགས་ཤམ་བུར་ ཨ་བྷི་ཥིཉྩ་བཏགས༔ བཀྲ་ཤིས་དོན་བྱེད་མའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ དབུལ་བའི་འཇིགས་སྐྱོབ་རྗེ་བཙུན་མ༔ བཀྲ་ཤིས་དོན་བྱེད་སེར་མོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལེགས་ཚོགས་མ་ལུས་འཕེལ་བར་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མཾ་ག་ལ་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ༔ རྨ་བྱ་ཆེན་མོའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ ཀླུ་ཡི་ནད་སེལ་རྗེ་བཙུན་མ༔ རིག་སྔགས་རྨ་བྱ་ཆེན་མོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མཐོང་ཐོས་དྲན་རེག་དུག་ཞི་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟ་རེ་ཏུ་མ་ཧཱ་མ་ཡུ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ མི་ཕམ་རྒྱལ་མོའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ རྒྱལ་པོའི་ཆད་པ་ལས་གྲོལ་བའི༔ གཙུག་ཏོར་རྒྱལ་མོ་མི་ཕམ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱད་ཕུར་གཡུལ་ལས་རྣམ་རྒྱལ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཨུཥྞི་ཥ་སི་ཏ་ཏ་པ་ཏྲེ་ཨ་བྷི་ཥིཉྩ་ཧཱུྃ༔ སོ་སོར་འབྲང་མའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ གཉེན་དང་བྲལ་བའི་འཇིགས་པ་ལས༔ སྐྱོབ་མཛད་སོ་སོར་འབྲང་མ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱམས་ལྡན་གཉེན་དང་མི་འབྲལ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་ཎི་བཛྲི་ཨ་བྷི་ཥིཉྩ་ཧཱུྃ༔ རབ་ཏུ་ཞི་བ་མོའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ མངོན་མཐོ་ངེས་ལེགས་འདོད་དོན་ཉམས་པ་ལས༔ སྐྱོབ་མཛད་རབ་ཏུ་ཞི་བའི་དབང་བསྐུར་བས༔ དགེ་ཚོགས་འདོད་དོན་ཆོས་མཐུན་ལེགས་འགྲུབ་ནས༔ ཞི་བའི་ཕྲིན་ལས་ཀུན་ལ་དབང་འབྱོར་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཤནྟིཾ་ཨ་བྷི་ཥིཉྩ་ཧཱུྃ༔ སྟོང་ཆེན་རབ་འབྱམས་ཀྱི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ སྡེ་བརྒྱད་མ་རུངས་གནམ་ལྕགས་འབེབས་པ་ལས༔ སྐྱོབ་མཛད་སྟོང་ཆེན་རབ་འབྱམས་དབང་བསྐུར་བས༔ འཇིགས་རུང་རྐྱེན་ངན་མ་ལུས་རབ་འཇོམས་ནས༔ ཚེ་དཔལ་འབྱོར་དྲུག་རྒྱས་པའི་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་ཧཱ་བ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ བསིལ་བའི་ཚལ་ཆེན་མོའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ སྟེང་འོག་ཕྱོགས་མཚམས་གདོན་གྱི་འཇིགས་པ་ལས༔ སྐྱོབ་མཛད་བསིལ་བའི་ཚལ་ཆེན་དབང་བསྐུར་བས༔ ལོག་འདྲེན་ཚོགས་ཀུན་སྤ་བཀོང་ཟིལ་གྱིས་མནན༔ ཁམས་གསུམ་སྣང་བ་དབང་སྡུད་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པ་ཤཾ་དྷ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ གསང་སྔགས་རྗེས་འཛིན་མའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ ཚེ་སྲོག་ཆད་པ་གསོ་མཛད་རྗེ་བཙུན་མ༔ གསང་སྔགས་རྗེས་སུ་འཛིན་མའི་དབང་བསྐུར་བས༔ དུས་མིན་འཆི་བའི་བར་ཆད་ཚར་བཅད་ནས༔ དྲག་པོའི་ནུས་མཐུ་ཐོགས་མེད་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མཎྚ་གུ་ཧྱ་ཨ་ནུ་དྷ་རི་ཨ་བྷི་ཥིཉྩ་ཧཱུྃ༔ རིགས་བདག་སྣང་མཐའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ རིགས་བདག་བླ་མ་ཚེ་མཐའ་ཡས༔ རྒྱལ་ཀུན་འདུས་པའི་དབང་བསྐུར་བས༔ མཐོང་ཐོས་དྲན་རེག་འགྲོ་བ་ཀུན༔ རྣམ་གྲོལ་ས་ལ་འགོད་ནུས་ཤོག༔ ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ སྒོ་མ་བཞི་ཡི་དབང་བསྐུར་ཏེ༔ ཧཱུྃ་ཧྲཱིཿ ཕྱོགས་བཞིའི་སྒོ་སྲུང་ཚད་མེད་རྣམ་བཞིའི་འཕྲུལ༔ འཆི་མེད་བུ་མོ་བཞི་ཡི་དབང་བསྐུར་བས༔ བར་ཆད་བདུད་བཞིའི་འཕྲང་ལས་མྱུར་གྲོལ་ནས༔ ཚད་མེད་རྣམ་བཞིའི་འགྲོ་དོན་མཐར་ཕྱིན་ཤོག༔ ཨོཾ་དེ་ཝཱི་ཏནྚ་སྭཱ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ལྷ་དབང་ཡོངས་རྫོགས་འདི༔ ཐོབ་པས་འཇིགས་པའི་ཚོགས་སྤྱི་དང་༔ ཚེ་འཕྲང་དུས་མིན་འཆི་བ་ལས༔ སྐལ་བ་ལྡན་པའི་གང་ཟག་དེ༔ ངེས་པར་སྐྱོབས་ཤིང་དགེ་བའི་ཚོགས༔ རྒྱ་མཚོའི་དཔལ་བཞིན་མ་གྱུར་ན༔ བདག་ཉིད་པདྨ་སཾ་བྷ་ཝས༔ ཕྱི་རབས་འགྲོ་བ་བསླུས་པར་འགྱུར༔ དེ་ཕྱིར་ཐེ་ཚོམ་རྟོག་པ་སྤོངས༔ དབང་འདི་ལན་ཅིག་ཐོབ་པས་འཚེངས༔ དེ་ཕྱིར་རབ་ཏུ་གསང་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གསང་བའི་དབང་དོན་དུ༔ མཎྜལ་འབུལ་བ་སྔོན་སོང་ནས༔ གསོལ་བ་བཏབ་པ་འདི་བཞིན་བྱེད༔ ཀྱེ་ཧོ་བླ་མ་རྒྱལ་བའི་སྤྱི་གཟུགས་མཆོག༔ གསང་བའི་དབང་གི་ཏནྟྲ་སྙིང་པོ་ལས༔ ངག་གི་སྒྲིབ་བྱང་ལོངས་སྤྱོད་རྫོགས་པའི་སྐུ༔ ད་ལྟ་མྱུར་དུ་ཐོབ་པར་མཛད་དུ་གསོལ༔ ཅེས་ཞུས་བླ་མས་བདུད་རྩི་ལྕེ་ལ་བཞག༔ ཅེས་གསོལ་བ་བཏབ་ ༧ བྷན་དྷ་བདུད་རྩི་དང་བཅས་ཚེ་དབང་བསྐུར་བ་འདི་ལ་བསམ་པའི་ཁྱད་པར་གདའ༔ ཧཱུྃ་ཧྲཱིཿ ཀུན་བརྟགས་བྷན་དྷ་ཡངས་པའི་སྣོད་ནང་དུ༔ གཞན་དབང་བདེ་སྟོང་མཉམ་སྦྱོར་བདུད་རྩིས་གཏམས༔ སྐལ་ལྡན་སྐྱེས་བུའི་ངག་ལ་དབང་བསྐུར་བས༔ ཡོངས་གྲུབ་བརྗོད་བྲལ་ལོངས་སྐུའི་དཔལ་ཐོབ་ཤོག༔ ཨོཾ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་ཀྱི་ཕྲེང་བ་ལག་ཏུ་བཏད༔ རིགས་སྔགས་འདི་ཡི་རྗེས་ཟློས་བྱ༔ བཀྲ་ཤིས་ཀུན་སྟེར་ཡི་གེ་ཨོཾ༔ འཇིགས་བརྒྱད་ཀུན་སྒྲོལ་ཏཱ་རེ་སྔགས༔ ཏཱཾ་ཡིག་བྱ་བ་གྲུབ་པའི་དཔལ༔ སྭཱ་ཧཱཿབདེ་བའི་གཞི་འཛུགས་ཤོག༔ རྩ་སྔགས་ལན་གསུམ་བསྒྲགས་ཤིང་ཟློས༔ ས་མ་ཡཱ༔ ༧ ཐབས་དང་ཤེས་རབ་འདུ་འབྲལ་མེད་ཅིང་བདེ་སྟོང་གི་ཡེ་ཤེས་མངོན་དུ་བྱེད་པའི་དབང་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ༔ ཤེས་རབ་ཡེ་ཤེས་མངོན་བྱེད་པའི༔ ཕྱག་རྒྱ་སྦས་དོན་རྨ་བྱའི་མདངས༔ དུག་ལྔ་མི་སྤངས་ལམ་འཁྱེར་བརྡ༔ དབང་དོན་ཡོན་ཕུལ་གསོལ་གདབ་ནི༔ ཨེ་མ་རྨད་བྱུང་གསང་བདག་རྗེ༔ ལྷན་སྐྱེས་བདེ་ཆེན་ཡེ་ཤེས་དབང་༔ ཤེས་རབ་རྟེན་ལས་བྱུང་བ་གང་༔ སྐལ་ལྡན་བདག་ལ་བསྩལ་དུ་གསོལ༔ ཅེས་པས་གསོལ་བ་ལན་གསུམ་རྗེས༔ རྨ་བྱའི་སྒྲོ་དང་མུ་དྲའི་གཟུགས༔ སློབ་བུའི་ལག་གཏད་སློབ་མ་ཉིད༔ སྤྱན་གཟིགས་ཕྱག་རྒྱ་སྒྲོལ་མར་གསལ༔ འདུ་ཤེས་གསུམ་སྦྱོར་དགའ་བ་བཞིའི༔ ཡེ་ཤེས་མངོན་དུ་གྱུར་པར་བསམ༔ བླ་མའི་ཚིག་གིས་བརྡ་འདི་སྤྲད༔ ཀྱེ་ཧོ་སྐལ་ལྡན་རྨ་བྱའི་དུག་ཟོས་ཀྱང་༔ དེ་ཡིས་གོས་མིན་བཀྲག་མདངས་འཕེལ་བ་ལྟར༔ རང་བཞིན་ཤེས་པས་ཆོས་ཀུན་ལོངས་སྤྱད་ཀྱང་༔ མཉམ་ཉིད་དོན་དེ་མཁའ་ལྟར་རང་སར་གྲོལ༔ ཨེ་མ་ངོ་མཚར་སྲིད་པའི་འདོད་ཡོན་ལྔ༔ སྤང་དུ་མེད་དེ་རང་བྱུང་ཡེ་ཤེས་རྩལ༔ བླང་དུ་མེད་དེ་ཐམས་ཅད་སྟོང་པ་ཉིད༔ བརྗོད་བྲལ་ལྷན་སྐྱེས་བདེ་བའི་དོན་ལ་ལྟོས༔ ཨ་ཧོ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཚིག་དབང་རིན་པོ་ཆེ༔ ཞུ་ཕྱིར་ཆོས་དབྱིངས་མཎྜལ་ཕུལ༔ སྔར་དུས་དཔེ་ཡི་ཡེ་ཤེས་དེ༔ དོན་ལ་སྟོན་ཕྱིར་འདི་སྐད་ཞུ༔ ཨེ་མ་ནམ་མཁའི་རང་བཞིན་ཅན༔ ནམ་མཁའ་ལྟ་བུའི་ཚིག་གི་དབང་༔ ནམ་མཁའི་དོན་དེ་གཞལ་ཡས་པ༔ མངོན་སུམ་བདག་ལ་བསྩལ་དུ་གསོལ༔ བླ་མས་ཤེལ་དང་མེ་ལོང་བསྟན༔ ཆོས་ཀུན་སྟོང་པ་ཉོན་ཤེས་ཀྱི༔ དྲི་མ་ཀ་དག་དྭངས་ཤེལ་ངོས༔ ལྷུན་གྲུབ་འཇའ་ཚོན་འགགས་པ་མེད༔ མེད་པའི་རྩལ་ལས་ཅིར་ཡང་སྣང་༔ སྣང་བའི་དུས་ན་སྐྱེ་འགག་བྲལ༔ དེ་རྗེས་སླར་ཡང་བླ་མ་ཡིས༔ སྡིག་མཛུབ་སྟོང་པའི་མཁའ་ལ་གཏད༔ སློབ་མས་ལུས་ཀྱི་ཆོས་བདུན་དང་༔ བུམ་པའི་རླུང་བཟུང་དབྱིངས་རིག་བསྲེས༔ ཨཱཿ འཁོར་འདས་ཡོད་དམ་མེད་པ་འམ༔ བརྟགས་ན་མ་གྲུབ་སུ་ཡིས་རྟོགས༔ ཅེར་གྲོལ་ཡིན་ཏེ་ངོ་བོ་མེད༔ འགྱུ་གྲོལ་རང་སར་རང་གིས་གྲོལ༔ཤར་དང་གྲོལ་ལ་སྔ་ཕྱི་མེད༔ གཉེན་པོ་བརྟེན་པས་བཟང་མ་སོང་༔ རྟོག་ཚོགས་ཤར་བས་ངན་སྐྱོན་ཅི༔ དེ་ཕྱིར་གང་ཤར་རང་སར་ཞོག༔ དཔེ་ལ་མི་ལྟོས་ཚིག་གི་བརྡའ༔ རྒྱལ་བའི་ཡེ་ཤེས་དེ་ཀའོ༔ དེ་ནས་ཕྱག་མཚན་ཨུཏྤལ་དང་༔ ཆོས་ཀྱི་འཁོར་ལོ་ལ་སོགས་གཏད༔ ཧཱུྃ་ཧྲཱིཿ ཉོན་མོངས་འདམ་གྱིས་མ་གོས་ཨུཏྤལ་ལ༔ ཐེག་གསུམ་ཆོས་ཀྱི་འཁོར་ལོ་འགྲོ་ལ་བསྐོར༔ བྱ་བ་གྲུབ་པའི་ཡེ་ཤེས་མངོན་གྱུར་ནས༔ སྲིད་དང་ཞི་བའི་མཐའ་ལ་མི་གནས་ཤོག༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་ཧཱ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་སློབ་བུའི་སྤྱི་བོར་བཞག༔ ༧ གཏོར་མ་ལྷག་པའི་ལྷར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ཅིང་བྱིན་རླབས་ཀྱི་མཆོག་སྩོལ་བར་མཛད་པའི་བརྒྱུད་པའི་གསོལ་འདེབས་དང་འབྲེལ་བའི་སྨོན་ལམ་གདབ་པ་འདི་ལ་བསམ་པའི་ཁྱད་པར་གདའ༔ བདུད་རྩི་ལྕེར་སྦྱིན་བྱིན་རླབས་མཆོག༔ སྩོལ་མཛད་བརྒྱུད་པའི་གསོལ་འདེབས་དང་༔ འབྲེལ་བའི་སྨོན་ལམ་འདི་བཞིན་བརྗོད༔ ཨོཾ་ཨཱཿཧཱུྃཿཧྲཱིཿ ཆོས་དབྱིངས་སྤྲོས་བྲལ་ཀ་དག་ཀུན་ཏུ་བཟང་༔ ཁ་སྦྱོར་ལྔ་ལྡན་དབྱིངས་ཕྱུག་རིགས་ལྔའི་ཡུམ༔ གང་འདུལ་སྤྲུལ་སྐུ་རྗེ་བཙུན་སྒྲོལ་མཛད་མར༔ གསོལ་བ་འདེབས་སོ་ དབང་བསྐུར་བྱིན་གྱིས་རློབས༔ པདྨ་འབྱུང་གནས་སློབ་དཔོན་ཀླུ་སྒྲུབ་རྗེ༔ ཙནྡྲ་གོ་མི་ཉི་མ་སྦས་པ་དང་༔ ཨ་ཝ་དྷཱུ་ཏི་འཕགས་ཡུལ་བརྒྱུད་པ་ལ༔ གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས༔ ཡེ་ཤེས་མཚོ་རྒྱལ་ཁྲི་སྲོང་ལྡེའུ་བཙན༔ དཔལ་གྱི་དབང་ཕྱུག་ཐུགས་གཏེར་མཛོད་འཛིན་བདག༔ དགོངས་བརྡ་སྙན་བརྒྱུད་སྨོན་ལམ་ལུང་བསྟན་པར༔ གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས༔ འཕགས་མས་རྗེས་བཟུང་གངས་ཅན་བོད་ཡུལ་འདིར༔ སྙན་བརྒྱུད་བཀའ་བབས་གྲུབ་འབྲས་མངོན་གྱུར་པའི༔ ས་ཆེན་ཡབ་སྲས་ཏཱ་ར་ན་ཐ་སོགས༔ གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས༔ དགོངས་བརྡའ་སྙན་བརྒྱུད་བཀའ་བབས་བྱིན་རླབས་རྫོགས༔ ཡི་དམ་ཞི་ཁྲོ་ཡེ་ཤེས་མཁའ་འགྲོ་དང་༔ རལ་གཅིག་དུད་སོལ་བཀའ་གཏེར་སྲུང་མ་ལ༔ གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས༔ དེ་ལྟར་དབང་བསྐུར་ཐོབ་པའི་ནུས་མཐུ་ཡིས༔ ཚེ་རིང་ནད་མེད་ཆོས་སྒྲུབ་མཐུན་རྐྱེན་འཛོམས༔ ཚེ་འདིར་སངས་རྒྱས་འཕགས་མ་མངོན་དུ་འགྲུབ༔ རང་གཞན་དོན་གཉིས་ཐོགས་མེད་ལྷུན་གྲུབ་ཤོག༔ བརྒྱུད་པ་འཛིན་ལ་གླེགས་བམ་བཀའ་གཏད་དང་༔ མཐའ་རྟེན་རིམ་པ་སྤྱི་ལྟར་བསྐུར་བར་བྱ༔ རྗེས་ལ་མཎྜལ་དམ་ཚིག་ཁས་བླངས་དང་༔ བཀྲ་ཤིས་དགའ་སྟོན་ཚོགས་འཁོར་བྱ་བའོ༔ ས་མ་ཡཱ༔ དེ་ལྟར་འཕགས་མའི་དབང་མཆོག་འདི༔ དབྱངས་ཅན་རྣམ་རོལ་མཁར་ཆེན་བཟའ༔ མངའ་བདག་ཡབ་སྲས་བརྒྱུད་བཅས་ལ༔ ཕངས་མེད་གདམས་ཟབ་ལེགས་པར་བསྟན༔ དུས་བབས་ལས་ལྡན་སློབ་བུ་ཡི༔ བསྟན་འགྲོའི་དཔལ་དུ་འགྱུར་བར་ཤོག༔ ས་མ་ཡཱ༔ དབྱིངས་རིག་སྟོང་གསལ་སྒྲོམ་དུ་སྦས༔ སྔགས་ཀྱི་བདག་མོ་ཨེ་ཀ་ཛ༔ དེ་ཡི་བྲན་མོ་རེ་མ་ཏཱི༔ གཡེལ་མེད་མེལ་ཚེས་རྟག་སྲུངས་ཤིག༔ ལས་ཅན་བརྒྱུད་འཛིན་མ་གཏོགས་པ༔ དམ་མེད་བཀའ་རྐུན་རྣམས་ལ་གསང་༔ སེམས་བསྐྱེད་ལྡན་པར་གཞན་དོན་བྱའོ༔ ཨྠིྀ༔ ཞེས་པ་འདི་ཡང་སྐྱབས་རྗེ་བླ་མ་དམ་པ་རིག་འཛིན་བཟང་པོ་སོགས་ལུང་ཟིིན་གྱི་སྐྱེས་བུ་རྣམས་ཀྱིས་བསྐུལ་ངོར་པདྨའི་ཟབ་ཆོས་ལ་དབང་བའི་སྐལ་ལྡན་ལུང་རིག་གླིང་པར་འབོད་པ་བདག་གིས་ཡང་གསང་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པ་ཡོངས་སུ་དགེ་བར་གྱུར་ཅིག དགེའོ། །དགེའོ། །དགེའོ།།


previousདབང་ཆོག་ནོར་བུའི་ཕྲེང་བ།next