Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲོལ་མའི་ཆ་ལག་མཎྜལ་བཞི་བའི་ཆོ་ག་འཇིགས་པ་ཀུན་སྐྱོབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་མའི་ཆ་ལག་མཎྜལ་བཞི་བའི་ཆོ་ག་འཇིགས་པ་ཀུན་སྐྱོབ། next

སྒྲོལ་མའི་ཆ་ལག་མཎྜལ་བཞི་བའི་ཆོ་ག་འཇིགས་པ་ཀུན་སྐྱོབ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ སྒྲོལ་མའི་ཆ་ལག་མཎྜལ་བཞི་བའི་ཆོ་ག་འཇིགས་པ་ཀུན་སྐྱོབ་བཞུགས༔

འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས༔ སྒྲོལ་བའི་དེད་དཔོན་འཕགས་མ་ལ༔ བཏུད་ནས་དེ་ཡི་ཐུགས་རྗེའི་མཐུས༔ འཇིགས་སྐྱོབ་མཎྜལ་བཞི་ཆོག་བསྟན༔ ས་མ་ཡཱ༔ དེ་ཡང་སྦྱོར་བ་དངོས་བཞི་རྗེས༔ ས་བཅད་རྣམ་པ་གསུམ་དུ་སྟོན༔ གནས་ཁང་ཕྱགས་དར་དྲི་བཟང་བྱུག༔ སྟེགས་བུར་འཕགས་མའི་སྐུ་རྟེན་མདུན༔ མཆོད་པ་རྣམ་ལྔས་ལེགས་པར་བརྒྱན༔ རང་ཉིད་གཙང་སྦྲ་ཁྲུས་ནས་ཕྱུངས༔ གུ་གུལ་བདུག་ཅིང་བགེགས་ཀྱང་བསྐྲད༔ ཡུལ་དེའི་གཉུག་མར་གནས་པ་ལ༔ དཀར་མངར་ཕུད་སྐྱེམས་སྔགས་ཀྱིས་བསྔོ༔ སྡོང་གྲོགས་བྱེད་པའི་བཀའ་བསྒོ་བྱ༔ མདུན་མཁར་རྗེ་བཙུན་སྒྲོལ་མ་ལ༔ ཕྱོགས་དུས་སྐྱབས་ཡུལ་གྱིས་བསྐོར་དམིགས༔ ཁྱེད་ཤེས་དད་པས་བདག་གཞན་ཀུན༔ བྱང་ཆུབ་བར་དུ་སྐྱབས་སུ་འགྲོ༔ ན་མོ༔ བསླུ་མེད་གཏན་གྱི་སྐྱབས་གནས་མཆོག༔ ཀུན་འདུས་རྒྱལ་ཡུམ་དཔའ་མོ་ལ༔ བདག་གཞན་བྱང་ཆུབ་མ་ཐོབ་བར༔ ཁྱེད་ཤེས་དད་པས་སྐྱབས་སུ་མཆི༔ སྨོན་འཇུག་དོན་སེམས་བློ་བཅོས་ཏེ༔ ཧོ༔ འགྲོ་ཀུན་སྲིད་མཚོ་ལས་བསྒྲལ་ཏེ༔ རྫོགས་པའི་བྱང་ཆུབ་ལ་འགོད་ཕྱིར༔ འཕགས་མའི་དཀྱིལ་འཁོར་ལ་ཞུགས་ནས༔ ཚོགས་བསགས་ཆོ་ག་འདིར་འཇུག་བྱ༔ ཡན་ལག་བདུན་གྱིས་ཚོགས་བསག་ནི༔ བཟང་པོ་སྤྱོད་པ་ཇི་བཞིན་བྱ༔ མཐར་ནི་ཚོགས་ཞིང་མདུན་གྱི་རྟེན༔ དབྱེར་མེད་བསམ་ལ་ངེས་ཤེས་བསྐྱེད༔ དེ་ཡིས་སྔོན་འགྲོའི་ཆོས་གསུམ་ཚང་༔ དངོས་གཞི་ཐོག་མར་མདུན་གྱི་རྟེན༔ དམིགས་མེད་སྟོང་གསལ་ངང་མདངས་ལས༔ དམིགས་འདོན་རིམ་པས་གསལ་གདབ་ནི༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས། ཕྱི་སྣོད་ཕོ་བྲང་གཡུ་ལོ་བཀོད་པའི་ཞིང་༔ རིན་ཆེན་ས་གཞི་མེ་ཏོག་ཆུ་མཚོས་གང་༔ སྤྲུལ་པའི་འདབ་ཆགས་ཐེག་གསུམ་ཆོས་སྒྲ་སྒྲོག༔ ལྷ་དང་དྲང་སྲོང་རིག་འཛིན་དུ་མས་མཛེས༔ དེ་དབུས་དབང་སྔོན་ལས་གྲུབ་ཕོ་བྲང་ནི༔ བྱ་གྲུབ་ཡེ་ཤེས་འོད་ཟེར་སྣ་ལྔ་སྤྲོས༔ སྒོ་བཞི་རྟ་བབས་བཞི་ལྡན་གདུགས་རི་དྭགས༔ འདོད་སྣམ་མཆོད་པའི་ལྷ་མོས་ཟློས་གར་བསྒྱུར༔ ནང་དབུས་པད་ཟླ་ཏཱཾ་ཡིག་ལྗང་ཁུ་ལས༔ འོད་ཟེར་ཡར་འཕྲོས་སྐུ་གསུམ་ལྷ་ཚོགས་ཀྱིས༔ བྱིན་རླབས་ཚུར་བསྡུས་ཐུགས་སྲོག་ཡིག་འབྲུར་ཐིམ༔ འཁོར་འདས་སྲིད་ཞིའི་སྡུག་བསྔལ་འཇིགས་ཀུན་ལས༔ སྐྱོབ་མཛད་འཕགས་མ་སྐུ་མདོག་ལྗང་འོད་འབར༔ ཞལ་འཛུམ་ཕྱག་གཡས་མཆོག་སྦྱིན་པུས་སྟེང་སླེབ༔ ཕྱག་གཡོན་ཐུགས་ཀར་དཀོན་མཆོག་གསུམ་མཚོན་རྒྱས༔ ཨུཏྤལ་འཁོར་ལོས་མཚན་པའི་ཡུ་བ་འཛིན༔ འདབ་མ་རྣ་བའི་ཐད་ཀར་རབ་ཏུ་རྒྱས༔ ཞབས་གཡས་པད་སྟེང་བརྐྱངས་ཤིང་གཡོན་བསྐུམས་ཚུལ༔ དབུ་རྒྱན་སྙན་རྒྱན་དོ་ཤལ་ཕྱག་ཞབས་ཀྱི༔ གདུ་བུ་ནོར་བུའི་ཕྲ་ཚོམ་ཕྲེང་བ་སོགས༔ རིན་ཆེན་རྒྱན་ཆ་བདུན་གྱིས་ལེགས་པར་བརྒྱན༔ དར་དཀར་སྟོད་གཡོགས་དམར་པོའི་སྨད་དཀྲིས་དང་༔ ཟི་ལྡིར་ཅོད་པཎ་སྐ་རགས་དར་གོས་ལྔ༔ ལོངས་སྤྱོད་རྫོགས་སྐུ་མཚན་དཔེའི་གཟི་འོད་འབར༔ སྤྱི་བོར་རིགས་བདག་ཚེ་མཐའ་ཡས་པས་བརྒྱན༔ མཐའ་བསྐོར་འདབ་བརྒྱ་ཟླ་བའི་གདན་གྱི་སྟེང་༔ ཉེ་བའི་སྲས་བརྒྱད་སེམས་དཔའ་གཞོན་ཚུལ་སྒེག༔ ཕྱག་མཚན་རང་རྟགས་འཁོར་ལོས་སྒྱུར་བའི་ཆས༔ དེ་མཐར་སྒྲོལ་མ་ཉི་ཤུ་རྩ་གཅིག་པོ༔ སྐུ་མདོག་སྣ་ཚོགས་གཙོ་བོའི་བཞུགས་སྟངས་ཅན༔ ཕྱག་རྒྱ་སོ་སོར་རྒྱུད་ཀྱི་དགོངས་པར་བསྟུན༔ གཞན་ཡང་སྐྱབས་སུ་གྱུར་པའི་བླ་མ་དང་༔ ཕྱི་ནང་སངས་རྒྱས་བྱང་སེམས་སྤྲིན་ལྟར་འཁྲིགས༔ མདུན་མཁར་རིགས་ལྔའི་ལྷ་ཚོགས་ཡུམ་རྣམས་ཀྱིས༔ བདུད་རྩི་བུམ་པའི་དབང་བསྐུར་དམ་ཚིག་པའི༔ བློ་བཅོས་ཀུན་བརྟགས་སྒྲིབ་པ་ཀུན་དག་ནས༔ གཞན་དབང་དབྱིངས་ཀྱི་ལྷ་ཡི་བྱིན་རླབས་ཐོབ༔ ཡོངས་གྲུབ་རིགས་བདག་སྣང་མཐས་དབུ་བརྒྱན་གྱུར༔ སྤྱན་འདྲེན་སྤོས་རོལ་གདུང་དབྱངས་ཀྱིས༔ ན་མོ༔ ཚད་མེད་ཐུགས་རྗེའི་མཐུ་མངའ་རྒྱལ་ཀུན་གྱི༔ ཕྲིན་ལས་རང་གཟུགས་སྒྲོལ་མ་དཔའ་མོ་མཆོག༔ སྲས་དང་འཁོར་བཅས་དད་གུས་མོས་པའི་གནས༔ རྩེ་གཅིག་གསོལ་འདེབས་དགོངས་ཤིང་གཤེགས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨཱརྱ་ཏཱ་རེ་ཛྙཱ་ན་བཛྲ་ས་མ་ཡཱ་ཛ་ཛ༔ མདུན་རྟེན་དབྱེར་མེད་བཞུགས་གསོལ་ནི༔ སྲིད་པའི་སྡུག་བསྔལ་མ་ལུས་སེལ་བ་དང་༔ མངོན་མཐོ་ངེས་ལེགས་ཡོན་ཏན་ཀུན་ཐོབ་ཕྱིར༔ ཚོགས་བསགས་ཞིང་འདིར་རྟེན་དང་དབྱེར་མེད་པར༔ དགྱེས་ཤིང་བརྩེ་བ་ཆེན་པོས་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ དེ་ནས་མཆོད་པའི་ཐོག་མ་རུ༔ ཡན་ལག་བདུན་པ་སྔོན་སོང་ནས༔ དཀོན་མཆོག་གསུམ་གྱིཡོན་ཏན་ལ༔ བསམ་སྟེ་མཎྜལ་རྒྱས་པ་འབུལ༔ རྗེས་སུ་སྨོན་ལམ་འདི་ཡང་བཏབ༔ དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་དམིགས་ཏེ༔ ཚོགས་བསགས་མཎྜལ་ཕུལ་བའི་ནུས་པ་ཡིས༔ རྒྱལ་བསྟན་དར་རྒྱས་བླ་མའི་སྐུ་ཚེ་བརྟན༔ བསྟན་འགྲོའི་བདེ་སྐྱིད་མི་ཉམས་གོང་འཕེལ་ཤོག༔ ཁྱད་པར་འཕགས་མ་སྒྲོལ་མ་ལ༔ དམིགས་ཏེ་ཕྱག་འཚལ་ཉི་ཤུ་གཅིག༔ ཕྱག་དང་བཅས་ཏེ་ལན་གཉིས་བརྗོད༔ དེ་རྗེས་མཎྜལ་ལེགས་པར་འབུལ༔ འདོད་གསོལ་ཚིག་འདིས་གསོལ་བ་གདབ༔ ཨེ་མ་ཧོ༔ ཐུགས་བསྐྱེད་རྨད་བྱུང་འཕགས་མ་སྒྲོལ་མ་ལ༔ ཕྱག་འཚལ་མཎྜལ་ཕུལ་ཏེ་འདོད་པའི་དོན༔ གནས་སྐབས་གང་འདོད་ཐུན་མོང་གྲུབ་པ་བརྒྱད༔ མཆོག་གི་དངོས་གྲུབ་ཁ་སྦྱོར་ཡན་ལག་བདུན༔ ལེགས་ཐོབ་མཐའ་ཡས་འགྲོ་རྣམས་འཁོར་མཚོ་ལས༔ སྒྲོལ་བའི་དེད་དཔོན་ཉིད་དུ་བདག་འགྱུར་ཤོག༔ མེ་ཆུ་དགྲ་རྐུན་འཇིགས་ཀུན་ཞི་བ་དང་༔ ཆོས་མཐུན་བསམ་པ་འགྲུབ་པར་མཛད་དུ་གསོལ༔ དེ་བཞིན་ཕྱག་འཚལ་ཚར་གསུམ་བརྗོད༔ མཎྜལ་འབུལ་ནས་འདོད་གསོལ་གདབ༔ རྒྱལ་བའི་བསྟན་དར་བསྟན་འཛིན་ཞབས་པད་བརྟན༔ བདག་དང་སྦྱིན་བདག་ནད་གདོན་བར་ཆད་ཞི༔ ཚེ་བསོད་དཔལ་རྒྱས་མོས་ཚོགས་དབང་དུ་འདུས༔ དགྲ་བགེགས་རྡུལ་བརླགས་ལས་བཞི་ལྷུན་གྱིས་གྲུབ༔ གང་འདོད་ཆོས་བཞིན་འགྲུབ་པར་མཛད་དུ་གསོལ༔ དེ་རྗེས་ཕྱག་འཚལ་ཉེར་གཅིག་ཚར༔ བདུན་བརྗོད་མཎྜལ་འདོད་པའི་དོན༔ སྤྱི་དང་བྱེ་བྲག་འདོད་གསོལ་བྱ༔ དེ་ནས་གཏོར་མ་དཀར་ཟླུམ་ལ༔ སྒྲོལ་མའི་གཟུངས་མཐར་འབུལ་སྔགས་བཏགས༔ རྗེ་བཙུན་འཕགས་མ་ཐུགས་རྗེའི་བདག་ཉིད་ལ༔ མཆོད་པའི་གཏོར་མ་ཕུལ་བ་འདི་བཞེས་ལ༔ བདག་དང་མཐའ་ཡས་འགྲོ་བ་མ་ལུས་པའི༔ ལས་དང་ཉོན་མོངས་བག་ཆགས་ཀུན་བསལ་ནས༔ སྐུ་དང་ཡེ་ཤེས་ཐོབ་པར་མཛད་དུ་གསོལ༔ དེ་བཞིན་མགོན་པོ་ཡོན་ཏན་མགྲོན༔ བགེགས་རིགས་ལན་ཆགས་རིགས་དྲུག་ལ༔ རང་མཐུན་གཏོར་མ་སོ་སོར་ཕུལ༔ འདོད་གསོལ་སྨོན་ལམ་སྐབས་མཐུན་བྱ༔ ཡེ་ཤེས་འཇིག་རྟེན་ལས་གྲུབ་དཔལ་མགོན་ཚོགས༔ གཏོར་མ་འདི་བཞེས་རྒྱལ་བསྟན་དར་བ་དང་༔ བདག་གིས་ཆོས་སྒྲུབ་བར་ཆད་ཀུན་ཞི་ནས༔ ཅི་བསམ་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད༔ རིགས་དྲུག་འགྲོ་བ་རྣམས་དང་བར་མའི་འགྲོ༔ ཀུན་ལ་མི་ཟད་འདོད་རྒུའི་གཏེར་དུ་བསྔོ༔ སྡུག་བསྔལ་ཀུན་ཞི་ཚེ་རབས་དྲིན་ལན་འཁོར༔ དགེ་བཅུ་རྗེས་དྲན་རྣམ་མཁྱེན་མཆོག་ཐོབ་ཤོག༔ བགེགས་རིགས་མགྲོན་ལ་གཏོར་མ་ཕུལ་བའི་མཐུས༔ རང་རང་སྡུག་བསྔལ་མ་ལུས་ཀུན་ཞི་ནས༔ གནས་སྐབས་མངོན་མཐོ་མཐར་ཐུག་སངས་རྒྱས་ཀྱི༔ གོ་འཕང་དམ་པ་མྱུར་དུ་ཐོབ་པར་ཤོག༔ དེ་ནས་མདུན་བསྐྱེད་རྟེན་ལ་བསྟིམ༔ རྗེས་ལ་བསྔོ་བ་སྨོན་ལམ་ནི༔ ཨེ་མ་ཧོ༔ བདག་གིས་དུས་གསུམ་བསགས་པའི་དགེ་རྩ་དང་༔ འཕགས་པ་རྣམས་དང་སོ་སྐྱེས་དགེ་བའི་ཚོགས༔ གཅིག་ཏུ་བསྡུས་ཏེ་མཁའ་ཁྱབ་འགྲོ་ལ་བསྔོ༔ དེའི་མཐུས་ཀུན་ཀྱང་བྱང་ཆུབ་མཆོག་ཐོབ་ཤོག༔ སླར་ཡང་སྨོན་ལམ་འདི་ཡང་གདབ༔ བདག་གི་དགེ་བའི་རྩ་བ་འདི་ཡི་མཐུས༔ ཚེ་རབས་ཀུན་ཏུ་བདག་གི་བཤེས་གཉེན་མཆོག༔ རྗེ་བཙུན་སྒྲོལ་མས་འབྲལ་མེད་རྗེས་བཟུང་ནས༔ མཐར་ཐུག་ཡི་དམ་ལྷ་དང་དབྱེར་མེད་ཤོག༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ ཨེ་མ་ཧོ༔ སྲིད་དང་ཞི་བའི་བདེ་ལེགས་ཀུན་འབྱུང་བའི༔ བསླུ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ ཐུགས་བསྐྱེད་ཕུལ་བྱུང་འགྲོ་བའི་འཇིགས་ཚོགས་སྐྱོབ༔ རྒྱལ་ཡུམ་དཔའ་མོ་སྒྲོལ་མའི་བཀྲ་ཤིས་ཤོག༔ བསྟན་པ་དར་ཞིང་འགྲོ་རྣམས་སྡུག་བསྔལ་ཞི༔ ཆོས་མཐུན་བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ ཤིན་ཏུ་ཡང་ཟབ་འཕགས་མའི་ཆོས༔ དྲན་པས་འཇིགས་སྐྱོབ་གདམས་པ་འདིར༔ བརྩོན་པས་ཚེ་ཡི་གེགས་སེལ་ཞིང་༔ གནས་སྐབས་རྐྱེན་ངན་ཀུན་ལས་གྲོལ༔ ཚེ་ཆོས་སྲིད་ནོར་སིདྡྷི་ཐོབ༔ མཐར་ཐུག་འཕགས་མ་རིགས་བདག་དང་༔ དབྱེར་མེད་འགྲུབ་པར་ཐེ་ཚོམ་མེད༔ སྔོན་དུས་པདྨས་མཚོ་རྒྱལ་ལ༔ ཡེ་ཤེས་དགོངས་པས་རྒྱས་བཏབ་པ༔ དུས་བབས་སྐལ་བ་ལྡན་པ་ཡི༔ གདམས་པའི་མཆོག་ཏུ་འགྱུར་ངེས་སོ༔ གུ་ཧྱ༔ ཞེས་པ་ཡང་དུས་བབས་ཀྱི་གཏེར་སྟོན་མཆོག་གྱུར་ལུང་རིག་གླིང་པས་རིག་རྩལ་ཌཀྐཱིའི་བརྡ་རིས་ལས་ཕབ་པ་འགྲོ་ཀུན་འཇིགས་བརྒྱད་གཡུལ་ལས་གྲོལ་ཞིང་ཡུམ་ཆེན་མོའི་གོ་འཕང་མངོན་དུ་འགྱུར་བར་ཤོག་ཅིག་གུ༔ ཤུ་བྷཾ༔


previousསྒྲོལ་མའི་ཆ་ལག་མཎྜལ་བཞི་བའི་ཆོ་ག་འཇིགས་པ་ཀུན་སྐྱོབ། next