Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབྱངས་ཅན་སྒྲུབ་ཐབས་གཏི་མུག་མུན་སེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདབྱངས་ཅན་སྒྲུབ་ཐབས་གཏི་མུག་མུན་སེལ།next

དབྱངས་ཅན་སྒྲུབ་ཐབས་གཏི་མུག་མུན་སེལ།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ དབྱངས་ཅན་སྒྲུབ་ཐབས་གཏི་མུག་མུན་སེལ་བཞུགས༔

དྷིཿཧྲཱིཿན་མ་ཛྙཱ་ཡེ༔ མ་ལུས་རྒྱལ་བ་ཀུན་གྱི་ཡུམ༔ ངག་གི་དབང་ཕྱུག་ལྷ་མོར་འདུད༔ འགྲོ་བའི་བློ་ཡི་མུན་སེལ་ཕྱིར༔ ཤེས་རབ་རྒྱལ་མོའི་སྒྲུབ་པ་བསྟན༔ འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ དང་པོ་ཟླ་བ་གང་རུང་གི༔ ཡར་ཚེས་རྒྱལ་དང་ཕྲད་པ་འམ༔ དམར་ཕྱོགས་འཕྲོད་སྦྱོར་ལ་ཡང་རུང་༔ དཀོན་མཆོག་མཆོད་དང་སྦྱིན་གཏོང་དང་༔ རྟེན་བཞེངས་མཎྜལ་ཚོགས་བསགས་རྣམས༔ སྔོན་དུ་གང་བྱས་འགྲུབ་པ་ཡི༔ ཐོ་རེངས་དུས་སུ་ཡན་ལག་ལྔ༔ དག་པར་བཀྲུས་ནས་ཤ་ཆང་དང་༔ འཁྲིག་སོགས་མི་གཙང་ཟས་སྤྱོད་ལམ༔ ཀུན་སྤངས་རབ་བྱུང་གསོ་སྦྱོང་དང་༔ ཁྱིམ་པ་ཡིན་ཀྱང་དུས་ཁྲིམས་བླངས༔ དཀྱིལ་འཁོར་རི་རྒྱུད་བཟང་པོའི་སར༔ དྲི་བཟང་ཆག་གདབ་ཐིག་བརྒྱད་གདབ༔ མུ་ཁྱུད་གསུམ་བསྐོར་མཐའ་རྡོ་ར༔ མེ་རིས་བསྐོར་བའི་དབུས་མ་ལ༔ པདྨ་འདབ་མ་བཅུ་དྲུག་པ༔ ལྟེ་བར་ཧྲཱིཿདང་མཐར་དབྱངས་ཡིག༔ མི་ནུས་འབྲས་དཀར་ཚོམ་བུ་དང་༔ དབྱངས་ཀྱི་ཡི་གེ་དག་པར་བརྗོད༔ གཉིས་པར་འདབ་མ་སོ་བཞི་བར༔ གསལ་བྱེད་འབྲི་འམ་ཚོམ་བུ་དང་༔ ཡི་གེ་འབྲུ་བརྗོད་གསུམ་པ་ལ༔ མཚོ་རྫིང་སྐྱེད་ཚལ་རི་མོ་བྱ༔ དབུས་སུ་མཉྫིར་སྐུ་རྟེན་དང་༔ མདུན་དུ་ཟླུམ་གཏོར་དཀར་པོ་ལ༔ དབྱངས་གསལ་གྲངས་ཀྱི་བཤོས་བུས་བསྐོར༔ པདྨ་དཀར་དམར་རྒྱན་དང་བཅས༔ མཐའ་བསྐོར་བདུག་སྤོས་མར་མེ་དང་༔ དྲི་ཆབ་བཤོས་སྐྱེམས་ཉེར་སྤྱོད་འགོད༔ ས་མ་ཡཱ༔ དངོས་བཞི་ཡུལ་དེའི་གཞི་བདག་ལ༔ གཏོར་མ་བྱིན་ཅིང་ཤེས་རབ་ལྷ༔ སྒྲུབ་ལ་བར་ཆད་མ་བྱེད་ཅེས༔ བདེན་པའི་ཚིག་གིས་བཀའ་ཡང་བསྒོ༔ ནག་ཕྱོགས་གླགས་ལྟ་བདུད་ཀྱི་རིགས༔ གཏོར་མ་འབར་མའི་སྔགས་ཀྱིས་བསྔོ༔ རང་ཉིད་ཡི་དམ་གང་ཡིན་དེའི༔ ང་རྒྱལ་དྲག་པོས་ཕ་མཐར་བསྐྲད༔ སྟེང་འོག་སྲ་བརྟན་རྡོ་རྗེའི་གུར༔ ཡེ་ཤེས་མེ་ཡིས་གཏམས་པར་བྱ༔ མདུན་མཁར་རྒྱལ་བ་སྲས་དང་བཅས༔ སྐྱབས་ཀྱི་ཡུལ་དུ་སྤྱན་དྲངས་ཏེ༔ ཁྱེད་ཤེས་བློ་ཡིས་སྐྱབས་འགྲོ་ནི༔ ཧྲཱིཿ ཡེ་ནས་རྣམ་གྲོལ་སྟོན་པ་རྫོགས་སངས་རྒྱས༔ ཡེ་ཤེས་རང་གསལ་དོན་དམ་རྟོགས་པའི་ཆོས༔ ཡེ་བབས་སྐྱོན་བྲལ་ཡང་དག་འཕགས་པའི་ཚོགས༔ ཀུན་འདུས་རྒྱལ་ཡུམ་མཆོག་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་མཁའ་ཁྱབ་འགྲོ་དོན་དུ༔ སངས་རྒྱས་གོ་འཕང་གྲུབ་པའི་བློས༔ ཧྲཱིཿ གཏི་མུག་མུན་པས་འཁོར་བར་འཁྱམས་པའི་འགྲོ༔ ཀུན་མཁྱེན་རྒྱལ་བའི་གོ་འཕང་ལ་འགོད་ཕྱིར༔ ཤེས་རབ་བློ་ཡི་ལྷ་མོ་དབྱངས་ཅན་མའི༔ གསང་གསུམ་སྒོམ་བཟླས་བརྩོན་པར་དམ་བཅའ་འོ༔ ཚོགས་བསགས་ཡན་ལག་བདུན་པ་ནི༔ ཧྲཱིཿ མ་རིག་རྨོངས་པའི་གཉེན་པོ་ཤེས་རབ་ལྷར༔ སྒོ་གསུམ་རྩེ་གཅིག་དད་པས་ཕྱག་འཚལ་ལོ༔ དུས་གསུམ་ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ ཉམས་གྲིབ་བརྗེད་ངེས་ཉེས་ལྟུང་བག་ཆགས་བཤགས༔ རྨད་བྱུང་ཐོས་བསམ་སྒོམ་ལ་རྗེས་ཡི་རང༔ ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ སེམས་ཅན་དོན་བྱས་རྒྱལ་ཀུན་བཞུགས་གསོལ་འདེབས༔ དགེ་ཚོགས་འགྲོ་བ་རྣམ་མཁྱེན་ཐོབ་ཕྱིར་བསྔོ༔ ཚོགས་ཞིང་མི་དམིགས་ངང་ལ་བཞག༔ ལྷ་ཡི་རྣལ་འབྱོར་བསྒོམ་པ་ནི༔ ཧྲཱིཿ ཕྱི་ནང་གཞན་གསུམ་གྱིས་བསྡུས་ཆོས་རྣམས་ཀུན༔ རང་བཞིན་མ་གྲུབ་སྐྱེ་འགག་གནས་གསུམ་བྲལ༔ སྟོང་པའི་རྩལ་ལས་སྣང་བ་འགགས་མེད་ཤར༔ སྣང་ཙམ་ཉིད་ནས་སྟོང་པ་ཨེ་མ་ཧོ༔ དེ་ལྟར་མ་རྟོགས་ཁམས་གསུམ་འགྲོ་བ་རྣམས༔ བདག་མེད་བདག་བཟུང་མི་རྟག་རྟག་པར་གོལ༔ མི་གཙང་གཙང་ཞེན་སྡུག་བསྔལ་བདེ་བར་འཁྲུལ༔ དེ་དག་ཚད་མེད་བརྩེ་བས་རྗེས་འཛིན་ཕྱིར༔ ཕྱི་སྣོད་གཞལ་ཡས་ཀུན་བཟང་རྣམ་འཕྲུལ་ཞིང་༔ བཀོད་ལེགས་མཛེས་སྡུག་ཡིད་འོང་ཕོ་བྲང་དབུས༔ རང་སེམས་ཧྲཱིཿཡིག་དཀར་པོའི་འཕྲོ་འདུ་ལས༔ བདག་ཉིད་རྒྱལ་ཀུན་གསུང་གི་དབང་ཕྱུག་མ༔ དབྱངས་ཅན་ལྷ་མོ་དཀར་ལ་སྔོ་བསངས་མདོག༔ དགྱེས་པའི་ཞལ་ལ་འཛུམ་པའི་སྤྱན་དཀྱུས་རིང༔ མཛེས་ཤིང་ཡིད་འོང་བལྟ་བས་ཆོག་མི་ཤེས༔ ཞལ་གཅིག་ཕྱག་གཉིས་རིན་ཆེན་པྲོག་ཞུ་དང་༔ ནོར་བུའི་དོ་ཤལ་གསེར་གཡུའི་གདུ་བུ་འཁྲོལ༔ སྐུ་སྟོད་ལྷ་གོས་ལྗང་ཁྲའི་སྟོད་གཡོགས་མཛེས༔ ནུ་འབུར་ཆགས་པའི་མེ་ཏོག་རབ་ཏུ་རྒྱས༔ ཕྱག་གཉིས་བཻཌཱུར་རྒྱུད་མང་གླེགས་བམ་བསྣམས༔ ཞབས་གཉིས་ཕྱེད་སྐྱིལ་སྨད་དཀྲིས་འཇའ་ཚོན་མདངས༔ དམར་སེར་བཅུ་དྲུག་འདབ་རྒྱས་ཟེའུ་འབྲུའི་དབུས༔ ཉ་གང་ཟླ་བའི་གདན་ལ་སྒེག་ཅིང་འགྱིངས༔ སྤྱི་བོར་པད་དཀར་ཟླ་བའི་གདན་སྟེང་དུ༔ དྷིཿཡིག་དམར་སེར་ལས་བྱུང་བླ་མ་ནི༔ འཇམ་དབྱངས་གཞོན་ནུ་གུར་གུམ་གསར་བའི་མདོག༔ རལ་གྲི་པོ་ཏི་ལོངས་སྐུའི་ཆ་བྱད་རྫོགས༔ རྡོ་རྗེའི་སྐྱིལ་ཀྲུང་མཚན་དཔེའི་འོད་ཟེར་འཕྲོ༔ འཛུམ་པའི་སྤྱན་གྱིས་གཙོ་མོའི་ཞལ་ལ་བལྟ༔ མཐའ་བསྐོར་རྩ་གསུམ་ལྷ་ཚོགས་ཁྲོམ་ལྟར་འཚོགས༔ ཕྱི་རོལ་པད་འདབ་བཅུ་དྲུག་མདུན་ངོས་ནས༔ གཡོན་བསྐོར་ཚུལ་དུ་དབྱངས་ཡིག་བཅུ་དྲུག་པོ༔ ཁ་དོག་ལྔ་ལྡན་འོད་ཀྱི་འཕྲོ་འདུ་ལས༔ རྡོ་རྗེའི་ལྷ་མོ་བཅུ་དྲུག་སྣ་ཚོགས་མདོག༔ ཞལ་འཛུམ་བཞད་མདངས་དར་དང་རིན་ཆེན་རྒྱན༔ ལྟ་བས་མི་ངོམ་ལྷ་ཡི་ན་ཆུང་མ༔ ཕྱག་གཉིས་གཡས་རྣམས་ཨུཏྤལ་ལྟེ་བ་རུ༔ ཤེས་བྱའི་ཆོས་ཀུན་སྟོན་པའི་གླེགས་བམ་དང་༔ གཡོན་རྣམས་རང་རྟགས་ཞབས་གཉིས་བཞེངས་སྟབས་འགྱིངས༔ དེའི་ཕྱིར་པདྨ་འདབ་མ་སོ་བཞི་ལ༔ མདུན་ནས་གཡས་བསྐོར་ཀ་ལི་སུམ་བཅུ་བཞི༔ དཀར་སེར་དམར་ལྗང་སྔོ་མཐིང་ཁ་དོག་ཅན༔ གནས་མཆོག་སོ་གཉིས་དག་ལ་བཞུགས་པ་ཡི༔ རྡོ་རྗེ་མཐོང་བྱེད་ལ་སོགས་དཔའ་བོ་ནི༔ སུམ་བཅུ་རྩ་གཉིས་ལྷ་བུ་གཞོན་མཛེས་སྒེག༔ སྐུ་མདོག་སྣ་ཚོགས་ཞལ་འཛུམ་དགྱེས་པའི་ཉམས༔ རིན་ཆེན་པྲོག་ཞུ་ལྔ་ལྡན་དར་གྱི་གོས༔ ཕྱག་གཉིས་གཡས་རྣམས་མཆོག་སྦྱིན་གཡོན་གླེགས་བམ༔ ཆོས་ཀུན་མ་འདྲེས་སོ་སོར་སྟོན་པའི་བརྡར༔ ཞབས་གཉིས་ཕྱེད་སྐྱིལ་ཧ་དང་ཀྵཿཡིག་ལས༔ རིག་བྱེད་སྨྲ་བའི་དབང་ཕྱུག་ཕུར་བུ་དང་༔ ཚངས་པ་གདོང་བཞི་རང་རྟགས་ཞི་འཛུམ་བཞད༔ མཐའ་བསྐོར་ཤེས་རབ་མཆོག་སྟེར་ལྷ་ཡི་ཚོགས༔ མ་འདྲེས་མཁའ་ལ་འཇའ་ཚོན་ཇི་བཞིན་གསལ༔ གཙོ་འཁོར་ཀུན་གྱི་གནས་གསུམ་འབྲུ་གསུམ་དང་༔ གཙོ་བོ་ཡབ་ཡུམ་ཐུགས་སྲོག་དྷཱིཿདང་ཧྲཱིཿ གཞན་རྣམས་དབྱངས་གསལ་རང་མདོག་འོད་ཟེར་གྱིས༔ རབ་འབྱམས་རྒྱལ་ཀུན་ཤེས་རབ་ལྷ་ཡི་ཚུལ༔ སྤྱན་དྲངས་བསྐྱེད་པའི་ལྷ་དང་གཉིས་མེད་གྱུར༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་ནི༔ ཨོཾ༔ རང་བྱུང་འཕོ་མེད་ཆོས་སྐུའི་ཀློང་ཡངས་ནས༔ རང་རྩལ་འགགས་མེད་ཡེ་ཤེས་རོལ་པའི་ལྷ༔ སྨྲ་བའི་དབང་ཕྱུག་མཚོ་བྱུང་དབྱངས་ཅན་མ༔ མ་ལུས་འཁོར་བཅས་ཐུགས་རྗེས་བརྩེར་དགོངས་ནས༔ གཏི་མུག་འཐིབས་པོས་ནོན་པའི་འགྲོ་བ་རྣམས༔ ཤེས་བྱ་ཀུན་གསལ་ཐར་པའི་ལམ་འགོད་ཕྱིར༔ བུ་ཡི་གདུང་བའི་སྨྲེ་སྔགས་འདིར་གསོན་ལ༔ མ་ཁྱོད་མཁྱེན་གཉིས་ཤུགས་ཀྱིས་གཤེགས་སུ་གསོལ༔ ཐོག་མ་མེད་ནས་ལས་ཉོན་གྱིས་མནར་བས༔ བདག་ཅག་རང་བྱུང་ཡེ་ཤེས་ཞལ་མ་མཐོང་༔ དུས་འདིར་གཏན་བདེའི་གོ་སར་དབུགས་དབྱུང་བའི༔ རྒྱལ་ཡུམ་སྒྲ་དབྱངས་ལྷ་མོ་གནས་འདིར་སྤྱོན༔ དབྱངས་གསལ་ཐབས་ཤེས་ཡི་གེའི་འཕྲོ་འདུ་ལས༔ གནས་ཡུལ་སྐྱོང་མཛད་ཤེས་རབ་ལྷ་ཡི་ལྷ༔ སྨྲ་བའི་ཉི་མ་གདོང་བཞིའི་དབང་པོ་སོགས༔ མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་སྭ་ར་སྭ་སྟི་པྲཛྙཱ་དེ་ཝཱི་གུ་རུ་དེ་ཝཱ་ཌཱཀྐི་ནི་དྷརྨཱ་པ་ལ་བཛྲ་ས་མ་ཡཱ་ཛ་ཛ༔ དེ་ནས་དམ་ཡེ་བཞུགས་གསོལ་ནི༔ ཧྲཱིཿདྷཱི༔ རྨད་བྱུང་ཤེས་རབ་མཆོག་གི་དཔལ་སྟེར་བའི༔ སྒྲ་དབྱངས་ངག་གི་ལྷ་མོ་ཡབ་དང་ཡུམ༔ སྣང་བའི་དཔལ་སྟེར་ཡེ་ཤེས་ལྷ་ཡི་ཚོགས༔ དམ་ཚིག་རྟེན་ལ་དབྱེར་མེད་བརྟན་བཞུགས་ཤིང་༔ སྒྲིབ་གསུམ་མུན་པ་མ་ལུས་མཐར་བསྐྲད་ནས༔ ཐོས་བསམ་སྒོམ་གསུམ་ཡང་དག་དཔལ་སྩོལ་ཅིག༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ བདག་ལྟ་སེལ་ཕྱིར་གུས་པས་ཕྱག་འཚལ་ནི༔ ཧྲཱིཿ ཡེ་ནས་རང་རིག་ལྷ་དང་དབྱེར་མེད་ཀྱང་༔ ཇི་བཞིན་མ་རྟོགས་ཉོན་མོངས་ཤེས་བྱའི་སྒྲིབ༔ དོན་དམ་བདག་མེད་ལྷ་མོའི་རང་ཞལ་མཆོག༔ མངོན་དུ་བྱེད་ཕྱིར་སྐུ་གསུམ་ཡེ་ཤེས་ལྷར༔ རྣམ་རྟོག་བཅོས་མའི་ཀུན་རྫོབ་རོལ་པའི་ཕྱག༔ འཕྲུལ་དགའི་ལྷ་ཡི་རྣམ་འགྱུར་ཇི་ལྟ་བུར༔ དད་དང་གུས་པ་ཆེན་པོས་བཙལ་བར་བགྱི༔ ཨ་ཏི་པུ་ཧོ༔ པྲ་ཏིཥྩ་ཧོ༔ མཆོད་པའི་བྱེ་བྲག་གསུམ་ལས་དང་པོ་ནི༔ ཧྲཱིཿ འདབ་སྟོང་དྲི་བཟང་ཁང་པ་སྤྱན་ལ་འབུལ༔ ལྷན་སྐྱེས་སྦྱར་བྱུང་བསུང་ཞིམ་ཤངས་ལ་འབུལ༔ སྙན་འཇེབས་དྲུག་ལྡན་གླུ་དབྱངས་སྙན་ལ་འབུལ༔ རོ་ལྡན་འཆི་མེད་ཟས་མཆོག་ལྗགས་ལ་འབུལ༔ རེག་འཇམ་ན་བཟའ་སྣ་ཚོགས་སྐུ་ལ་འབུལ༔ ཉམས་རྟོགས་བདེ་སྟོང་སྒྱུ་མ་ཐུགས་ལ་འབུལ༔ སྣང་གསལ་སྤྱན་གཟིགས་མཆོད་པའི་བྱེ་བྲག་ཀུན༔ ཡོན་ཏན་ཀུན་ལྡན་འཕགས་མའི་ཚོགས་ལ་འབུལ༔ བཞེས་ནས་ཚོགས་དྲུག་འཁྲུལ་བའི་སྒྲིབ་ཚོགས་ཀུན༔ གནས་གྱུར་ཡེ་ཤེས་དྲུག་ལྡན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་ནས།ཤཔྟ་པྲ་ཏིཥྩ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ བློས་སྤྲུལ་རིན་ཆེན་སྣ་བདུན་དང་༔ ཉེ་བའི་སྣ་བདུན་འབུལ་བ་ནི༔ ཧྲཱིཿ རྩིབས་སྟོང་གླིང་བཞི་ཟིལ་གནོན་འཁོར་ལོ་དང་༔ དབུལ་སེལ་འདོད་རྒུའི་དཔལ་སྩོལ་མ་ཎི་ཀ༔ སྐྱོན་བྲལ་ཡོན་ཏན་བརྒྱད་ལྡན་དགའ་བདེའི་ལྗོན༔ འདོད་སྦྱིན་རིན་ཆེན་མཛོད་འཆང་བློ་གྲོས་ལྡན༔ ས་གསུམ་བགྲོད་ལ་མྱུར་བའི་རྟ་ཡི་མཆོག༔ མགྲིན་པ་བདུད་རྩིའི་བུམ་བཟང་གཉིས་འཐུང་དབང་༔ དགྲ་སྡེའི་གཡུལ་ལས་རྣམ་རྒྱལ་དཔའ་བོ་སྟེ༔ མི་དབང་ལ་འོས་རིན་ཆེན་བདུན་གྱི་ཚོགས༔ ཤེས་རབ་ལྷ་མོ་སྤྲུལ་བར་བཅས་ལ་འབུལ༔ གཞན་ཡང་ཉེ་བར་སྤྱོད་པའི་རིན་པོ་ཆེ༔ དར་ཟབ་རཏྣའི་ཁྲི་སྟན་ཆེ་མཐོ་བརྗིད༔ རྣོ་ངར་རྒོལ་བ་འཇོམས་པའི་རལ་གྲི་དང་༔ ལེགས་སྤྱོད་ཆར་གྱི་གདུང་སེལ་ཀླུ་ཡི་པགས༔ ཚ་བའི་གདུང་སེལ་དར་གྱི་ལྡིང་གུར་མཛེས༔ རྡུལ་དྲིའི་སྐྱོན་སེལ་རྔ་ཡབ་ནོར་བུའི་རྒྱན༔ སྣོད་མཆོད་ཡོལ་གོ་བཅུད་འཛིན་འདོད་འཇོའི་བ༔ པཉྩ་ལི་ཀ་སྲབ་འཇམ་བདེ་བསྐྱེད་གོས༔ ངག་གི་དཔལ་སྟེར་ངག་དབང་ལྷ་མོར་འབུལ༔ བཞེས་ནས་བསོད་ནམས་མི་ལྡན་བདག་ཅག་ལ༔ ཡང་དག་འཕགས་ནོར་བདུན་གྱི་དངོས་གྲུབ་སྩོལ༔ ཨོཾ་སྭ་ར་སྭ་སྟི་པྲཛྙཱ་དེ་ཝཱི་སཔྟ་མ་ཧཱ་རཏྣ་པཱུ་ཙི་ཏེ་ཨཱཿཧཱུྃ༔ བློས་སྤྲུལ་ཀུན་བཟང་མཆོད་སྤྲིན་འབུལ་བ་ནི༔ ཧྲཱིཿ གཞན་ཡང་འཕགས་པ་ཀུན་ཏུ་བཟང་པོ་ཡི༔ རྣམ་པར་འཕྲུལ་བའི་ཏིང་འཛིན་ལས་བྱུང་བའི༔ དཔག་མེད་མཆོད་སྤྲིན་རྒྱ་མཚོ་འབུལ་བ་ནི༔ རིན་ཆེན་རི་རབ་འདོད་འབྱུང་ཡིད་བཞིན་ནོར༔ དཔག་བསམ་ལྗོན་ཤིང་མ་རྨོས་ལོ་ཏོག་འཁྲུངས༔ སྐྱེད་མོས་ཚལ་དང་པད་མཚོར་ངང་པས་བརྒྱན༔ དར་ཟབ་འཕན་གདུགས་རྒྱལ་མཚན་བླ་བྲེ་དང་༔ རྔ་ཡབ་གདུབ་སིལ་ལྷ་མོ་བཅུ་དྲུག་གི༔ གླུ་གར་རོལ་མོ་འཇིག་རྟེན་སྣང་བྱེད་པའི༔ ཉི་ཟླ་རྒྱུ་སྐར་ལྷ་མིའི་ཉེར་སྤྱོད་རྫས༔ གོས་རྒྱན་ཁང་པ་གནས་དང་ཡོ་བྱད་ཚོགས༔ མཁའ་ལ་སྤྲིན་ཕུང་འཐིབས་པ་ཇི་བཞིན་དུ༔ བློ་འདས་རང་བྱུང་ཆེན་པོའི་ཏིང་འཛིན་གྱིས༔ མཆོག་གསུམ་རབ་འབྱམས་རྒྱལ་བ་མ་ལུས་པའི༔ མཁྱེན་རབ་བདག་ཉིད་རྗེ་བཙུན་འཇམ་པའི་དབྱངས༔ བློ་གྲོས་གཏེར་འཆང་སྒྲ་དབྱངས་ལྷ་མོ་ཡི༔ རང་རྩལ་སྤྲུལ་འཁོར་མ་ལུས་ཐམས་ཅད་ལ༔ གུས་པས་འབུལ་ལོ་བརྩེ་བས་ཉེར་བཞེས་ནས༔ ཤེས་བྱ་ཀུན་མཁྱེན་དངོས་གྲུབ་བསྩལ་དུ་གསོལ༔ པྲཛྙཱ་དེ་ཝཱི་སྭ་ར་སྭ་སྟི་ས་པཱ་རི་ཝཱ་ར་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱ་ཧཱུྃ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧྲཱིཿ ངོ་མཚར་རྨད་བྱུང་རྒྱལ་ཀུན་བསྐྱེད་པའི་ཡུམ༔ སྲིད་དང་མྱ་ངན་འདས་པའི་ཆོས་སོ་ཅོག༔ སྐྱེ་མེད་དབྱིངས་སུ་སྡུད་མཛད་ངག་གི་ལྷ༔ ཤེས་རབ་ཕ་རོལ་ཕྱིན་མ་ཁྱོད་ལ་བསྟོད༔ མཚན་བཟང་དཔེ་བྱད་འཇོ་སྒེག་ཚངས་སྲས་མོ༔ ཁ་བའི་རྡུལ་བརྩེགས་ཟླ་འོད་ཀྱིས་སྤྲས་ལྟར༔ དཀར་ལ་ཅུང་ཟད་སྔོ་བསངས་འཛུམ་པའི་ཞལ༔ བལྟ་བས་མི་ངོམ་མཚུངས་པ་མེད་ལ་བསྟོད༔ ཕྱག་ཞབས་པདྨ་གཞོན་ནུའི་དཔལ་འཕྲོག་པ༔ གདུ་བུའི་བུང་བ་སིལ་ཁྲོལ་གླུ་དབྱངས་སྒྲོག༔ ཚུལ་ཁྲིམས་བསུང་ཞིམ་སྲིད་ཞིའི་གདུང་བ་སེལ༔ ཟག་མེད་བཅུ་དྲུག་ལང་ཚོས་སྒེག་ལ་བསྟོད༔ བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་མ་ལུས་པ༔ ཏམ་བུ་ར་ཡི་སྒྲ་དབྱངས་ཀྱིས་སྟོན་པའི༔ སྲས་བཅས་རྒྱལ་བའི་གསུང་གི་མཛོད་འཆང་བ༔ ཚངས་དབྱངས་དྲུག་ཅུའི་བདག་ཉིད་མཆོག་ལ་བསྟོད༔ དམིགས་མེད་མཁྱེན་པས་སྲིད་མཚོ་ལས་བརྒལ་ཀྱང་༔ ཚད་མེད་སྙིང་རྗེས་ཚངས་པའི་བུ་མོར་སྤྲུལ༔ ཆགས་པ་མེད་ཀྱང་ཆགས་པའི་སྒྱུ་ཐབས་ངོམ༔ བློ་འདས་བློ་གྲོས་ལྷ་མོར་སྟོན་ལ་བསྟོད༔ བྱམས་བརྩེའི་དབང་ཕྱུག་འཕགས་པའི་ཚེམས་ལས་བྱུང་༔ བདེ་ལེགས་བྱེ་བའི་སྒྲ་ལྡན་མཚོ་ལས་སྐྱེས༔ དྲན་པ་ཙམ་གྱིས་གཏི་མུག་སེལ་མཛད་པ༔ ཤེས་བྱའི་དཔལ་སྟེར་ལྷ་ལ་ཕྱག་འཚལ་བསྟོད༔ འཛབ་དམིགས་གཙོ་འཁོར་རྣམ་གསུམ་ལས༔ དང་པོ་གཙོ་མོ་རིགས་བདག་གི༔ ཐུགས་ཀར་པདྨ་དཀར་པོ་འདབ་བརྒྱད་དབུས༔ ཟླ་བའི་དལ་ལ་ཧྲཱིཿདྷིཿདཀར་གསལ་དང་༔ དམར་སེར་མཐའ་མར་སྔགས་ཀྱིས་གཡས་བསྐོར་བའི༔ ཡིག་འབྲུ་དྭངས་གསལ་ཉི་ཟླ་འཆར་ཀའི་འོད༔ བལྟར་མི་བཟོད་པ་ལྟ་བུར་སེམས་གཏད་དེ༔ ཏིང་འཛིན་གོམས་ཕྱིར་དང་པོ་ཡིད་བཟླས་བྱ༔ ཨོཾ་ཧྲཱི་དྷཱིཿཔྲཛྙཱ་དེ་ཝཱི་སྭ་ར་སྭ་སྟི་མཉྫུ་ཤྲཱི་མ་ཏི་ཝརྡྷ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གཙོ་བོ་ཡབ་ཡུམ་གཟུངས་སྔགས་འདི༔ འབུམ་ཕྲག་བརྒྱད་ཀྱི་གྲངས་ཡིན་ནོ༔ གཉིས་པ་ངག་གིས་ཤུབ་བུར་བཟླ༔ དམིགས་པ་སྔགས་ཀྱི་ཡི་གེ་དེ་རྣམས་ལས༔ རང་སྒྲ་བུང་བས་མེ་ཏོག་བཅུད་འཚོལ་བཞིན༔ སྙན་ལ་ལྡེམ་པ་དར་དིར་སྒྲོགས་པ་ཡི༔ སྒྲ་དབྱངས་ཤིན་ཏུ་སྙན་ལ་སེམས་བཟུང་སྟེ༔ ངག་སྒྲིབ་འདག་ཕྱིར་ཤུབ་བུར་བཟླས་པར་བྱ༔ འོད་ཟེར་ཡར་འཕྲོས་རྒྱལ་ཀུན་མཆོད་པས་མཉེས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཚུར་ལ་བསྡུས༔ བདག་ཉིད་ལ་ཐིམ་སླར་ཡང་འོད་ཀྱི་ཕྲེང་༔ མཁའ་ལས་ཉི་ཤར་ལྟ་བུར་ཕྱོགས་བཅུར་འཕྲོས༔ པཎྜི་ཏ་དང་སྒྲ་ཚད་སྙན་ངག་གི༔ ཚིག་དོན་ཤེས་རབ་འོད་ལྔའི་ཚུལ་དུ་བཀུག༔ རང་གི་སྐུ་དང་སྔགས་འཁོར་རིགས་བདག་ལ༔ ཐིམ་པས་འཁོར་འདས་ཀུན་གྱི་དབང་ཕྱུག་ཆེ༔ སྨྲ་བའི་སེང་གེ་ཡབ་ཡུམ་གསང་གསུམ་དང་༔ དབྱེར་མེད་བདེ་སྟོང་ཡེ་ཤེས་ངང་ལ་བཞག༔ ཡེངས་མེད་ངང་དུ་རྡོར་བཟླས་འགོག་བཟླས་ཀྱི༔ བཟླས་པ་བརྩོན་པས་རབ་འབྲིང་ཐ་མའི་རྟགས༔ རབ་ནི་མཁྱེན་རབ་ལྷ་ཡི་ཞལ་མཐོང་ཞིང་༔ གསུང་ཐོས་སྔར་མ་མཐོང་བའི་ཆོས་ཀུན་ཤེས༔ འབྲིང་གི་ཉམས་སྣང་ལྷ་སྔགས་གསལ་བར་འབྱུང་༔ ཐ་མ་རྨི་ལམ་ཁྲུས་བྱེད་གོས་དཀར་གྱོན༔ ཤེལ་དང་མེ་ལོང་གླེགས་བམ་གླིང་བུ་རྙེད༔ མཁའ་ལ་འཕུར་དང་ཉི་ཟླ་ཤར་སོགས་རྨིས༔ མདོར་ན་བྱིང་རྨུགས་རྒོད་སོགས་སེམས་ཀྱི་སྒྲིབ༔ ཤས་ཆུང་ཉམས་གསལ་ཆོས་ཀྱི་ཚིག་དོན་ལ༔ བློ་གྲོས་མྱུར་བའི་རྟགས་སོགས་ངེས་པར་འབྱུང་༔ དེ་ཚེ་བཟང་ངན་རྣམ་རྟོག་ཅི་བྱུང་ཡང་༔ རེ་དོགས་སྤངས་པ་གུ་ཡངས་ཕྱམས་བརྡལ་བ༔ བློ་འདས་རང་བབས་གཉུག་མའི་ཤེས་པ་ལ༔ རང་སར་གློད་པ་གནད་ཀྱི་མན་ངག་གོ༔ ས་མ་ཡཱ༔ དེ་ལྟར་ཟླ་བ་དྲུག་གམ་བདུན་ཕྲག་བདུན༔ བརྩོན་པས་བསྒྲུབས་ཀྱང་རྟགས་མཚན་མ་བྱུང་ན༔ རིག་བྱེད་མཛོད་འཛིན་ཚངས་པའི་བུ་མོ་དང་༔ རྒྱ་གར་མཁས་པ་པདྨ་བདག་གིས་བསླུས༔ ཚིག་འདི་བདེན་རྫུན་ལག་ཏུ་ལོངས་དང་གསལ༔ དེ་ནས་འཁོར་གྱི་ལྷ་མོ་བཅུ་དྲུག་པོའི༔ ཐུགས་ཀར་དབྱངས་ཡིག་བཅུ་དྲུག་ཟླ་གདན་ལ༔ མར་མེ་ལྟར་འབར་དེ་མཐར་དབྱངས་ཡིག་ནི༔ གཡོན་བསྐོར་བུང་བ་ཚང་ཞུགས་སྒྲ་ལྟ་བུ༔ སྙན་ལ་གསལ་དྭངས་ཆུ་བོའི་རྒྱུན་བཞིན་བཟླ༔ ཨ་ཨཱཿ ཨི་ཨཱིཿ ཨུ་ཨཱུཿ རྀ་རཱྀཿ ལྀ་ལཱྀཿ ཨེ་ཨཻཿ ཨོ་ཨཽཿ ཨཾ་ཨ༔ རིང་ཐུང་སྤེལ་མའི་དབྱངས་ཡིག་རྣམས༔ འབུམ་ཕྲག་བཟླས་པས་ངག་སྒྲིབ་བྱང་༔ ཤེས་རབ་སྣང་བ་ཆེར་འཕེལ་བས༔ ངག་གི་དབང་ཕྱུག་ཆེན་པོར་འགྱུར༔ དེ་ནས་འཁོར་གྱི་དཔའ་བོ་སོ་གཉིས་དང་༔ རིགས་བྱེད་བདག་པོ་ཕུར་བུའི་ཐུགས་ཀར་ཧ༔ འཇིག་རྟེན་མེས་པོ་ཚངས་པའི་ཐུགས་ཀར་ཀྵ༔ རང་མདོག་གསལ་བྱེད་སོ་བཞིའི་སྔགས་གཡས་འཁོར༔ འོད་ཟེར་ཕར་འཕྲོས་གནས་མཆོག་སོ་བཞི་ཡི༔ རྡོ་རྗེ་མཐོང་བྱེད་ལ་སོགས་ཐུགས་རྒྱུད་བསྐུལ༔ དེ་དག་བྱིན་རླབས་མཁྱེན་པའི་ཡེ་ཤེས་ཉིད༔ འོད་ལྔའི་རྣམ་པར་བདག་མདུན་དབྱངས་ཅན་མ༔ གཙོ་འཁོར་ལ་ཐིམ་རིག་པའི་གནས་ལྔ་སོགས༔ ཤེས་བྱ་ཀུན་ལ་ཐོགས་མེད་སྤོབས་པ་རྙེད༔ སླར་ཡང་འོད་ཟེར་རྒྱུད་དྲུག་འགྲོ་ལ་ཕོག༔ གཏི་མུག་གཙོར་གྱུར་ཉོན་མོངས་དྲུག་པོ་ཡི༔ བག་ཆགས་རྒྱུ་འབྲས་མ་ལུས་བྱང་ཞིང་དག༔ ཐམས་ཅད་དབྱངས་ཅན་ཡབ་ཡུམ་རིགས་ལྔར་གྱུར༔ སྔགས་སྒྲས་ཁམས་གསུམ་ཀུན་ཀྱང་གང་བར་བསམ༔ ཀ་ཁ་ག་གྷ་ང་༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ དེ་ལྟར་གསལ་བྱེད་འབུམ་ཕྲག་གཅིག་བཟླས་པས༔ རྩ་ཁམས་ཐབས་ཤེས་ཡིག་འབྲུ་ཉམས་པ་སོས༔ དོན་གྱི་ཡི་གེ་སྐྱེ་མེད་དོན་རྟོགས་ནས༔ རྟགས་ཀྱི་ཡི་གེ་མཚན་དཔེའི་སྐུ་ཐོབ་ནས༔ སྤྲུལ་པའི་ཡི་གེའི་བསྟན་འགྲོ་བདེ་ལ་འགོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྗེས་ལ་གཏོར་མ་འབུལ་བའི་རིམ་པ་ནི༔ དཀར་གཏོར་ཆ་བཞི་འབྲུ་གསུམ་སྔགས་ཀྱིས་བརླབས༔ དང་པོ་དཀོན་མཆོག་སྲིད་ཞིའི་མགྲོན་རྣམས་ལ༔ དད་དང་གུས་པའི་སེམས་ཀྱིས་ཚིག་འདིས་འབུལ༔ ཧྲཱིཿ གཏི་མུག་ལ་སོགས་ཉོན་ཤེས་ཀུན་སྤངས་ཤིང་༔ སྟོབས་བཅུ་མི་འཇིགས་ཀུན་རྟོག་རྫོགས་སངས་རྒྱས༔ འདོད་ཆགས་སྒྲིབ་པའི་འཁོར་རྒྱུ་ལས་ཉོན་ཀུན༔ སྤངས་གཉེན་དབྱིངས་གྲོལ་ཞི་གྱུར་དམ་པའི་ཆོས༔ ཞེ་སྡང་སྲིད་པའི་མེ་ལྕེ་རབ་ཞི་ནས༔ དགེ་སྦྱོང་ཆོས་བཞིས་རྒྱུད་གྲོལ་འཕགས་པའི་སྡེ༔ དཀར་དམར་གཙང་མར་སྦྱར་བའི་གཏོར་མ་འདི༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་བློས་སྤྲུལ་ཏེ༔ གུས་པས་འབུལ་ལོ་བརྩེ་བས་ཉེར་བཞེས་ནས༔ ཚོགས་རྫོགས་སྒྲིབ་དག་དོན་གཉིས་མྱུར་འགྲུབ་མཛོད༔ ན་མོཿརཏྣ་ཏྲ་ཡ་ཡཱ༔ ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧཱི༔ གཉིས་པ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ དཔལ་མགོན་མགྲོན་ལ་བརྩེ་གདུང་ཚུལ་གྱིས་འབུལ༔ ཧྲཱིཿ ངོ་བོ་ཡེ་གྲོལ་ཆོས་སྐུའི་རང་བཞིན་ལས༔ རྩལ་སྣང་འགགས་མེད་ཞི་ཁྲོ་རབ་འབྱམས་ལྷ༔ གང་འདུལ་སྤྲུལ་པའི་དྲེགས་པ་གཙོ་འཁོར་ཚུལ༔ འཇིག་རྟེན་འདས་ཀྱང་འཁོར་བའི་རྣམ་རོལ་ཅན༔ དཔལ་མགོན་ཕོ་རྒྱུད་མོ་རྒྱུད་མ་ནིང་རྒྱུད༔ ཁྱད་པར་ཤེས་རབ་གཏེར་སྲུང་དུད་སོལ་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ༔བརྩེ་གདུང་གྲོགས་ཀྱི་ཚུལ་དུ་བྷ་ལིང་ཏ༔ འབུལ་ལོ་དགྱེས་ཤིང་ཆགས་པས་འདི་བཞེས་ལ༔ དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་༔ མཐུན་རྐྱེན་ཐོས་པས་ཆོས་ལ་སྤྲོ་བ་འཕེལ༔ བསམ་པས་ཆོས་ཀྱིས་རང་རྒྱུད་ལས་སུ་རུང་༔ བསྒོམས་པས་ཆོས་ཉིད་རང་ངོ་འཕྲོད་པ་ཡི༔ གནས་སྐབས་བསྟན་འགྲོའི་རྒུད་པ་སེལ་བ་དང་༔ མཐར་ཐུག་རང་གཞན་དོན་གཉིས་སྒྲུབ་པ་ལ༔ ཇི་ལྟར་སྨོན་པ་ཡིད་བཞིན་འགྲུབ་པར་མཛོད༔ ཨོཾ་དྷརྨ་པཱ་ལ་ཤྲཱིཿན་ཐ་གུ་ཎ་ས་པཱ་རི་ཝ་ར་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི༔ ཞེས་ཕུལ་གསུམ་པ་ནོར་རྒྱུན་ལྷ་མོ་ལ༔ མ་ལ་གདུང་བཞིན་ཚིག་འདིས་དབུལ་བར་བྱ༔ ཧྲཱིཿ བསྐལ་མང་སེམས་ཅན་ཕོངས་ཤིང་ཉམ་ཐག་པ༔ རྗེས་སུ་སྐྱོང་བར་དམ་བཅས་ནོར་རྒྱུན་མ༔ ཟག་མེད་འདོད་ཡོན་ལྔ་ལྡན་བཤོས་གཙང་མཆོག༔ གདུངས་ཤིང་གུས་པས་འབུལ་ལོ་དགྱེས་བཞེས་ནས༔ ཤེས་རབ་བློ་གཏེར་ལྷ་མོ་སྒྲུབ་པ་ལ༔ ཕྲག་དོག་རུ་ངའི་ཀོ་ལོང་མ་མཛད་པར༔ རིག་པའི་གནས་སོགས་མཁས་པའི་དཔལ་ཐོབ་ཀྱང་༔ འཚོ་བའི་ཡོ་བྱད་མཆོད་སྦྱིན་ཚོགས་བསགས་རྫས༔ མི་ཟད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བ་སུ་དྷ་རཱི་དེ་ཝཱི་ས་པ་རི་ཝ་ར་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི༔ བཞི་པ་སྔགས་དྲུག་སྤྱི་དང་ལན་ཆགས་མགྲོན༔ ཀུན་ལ་སྙིང་རྗེའི་སེམས་ཀྱིས་བསྔོ་བ་ནི༔ ཁ་འབར་མ་ཡི་སྔགས་ཀྱིས་ལན་བདུན་བསྔོ༔ ཧྲཱིཿ འགྲོ་བ་རིགས་དྲུག་སྡུག་བསྔལ་སོ་སོ་ལ༔ བག་ཆགས་དབང་གིས་སྤྱོད་པའི་འགྲོ་རྣམས་དང་༔ ཁྱད་པར་ཚེ་རབས་སྔོན་ནས་ད་ལྟའི་བར༔ བདག་གིས་བསད་བཅད་རྐུན་བརྡེག་ལོག་པར་གཡེམ༔ རྫུན་ཕྲས་བསླུས་ཤིང་རྩུབ་མོས་སེམས་སུན་ཕྱུང་༔ ཀྱལ་ཀས་མགོ་བསྐོར་བརྣབ་སེམས་གཞན་ནོར་རྔམ༔ གནོད་སེམས་ཕན་པ་བྲལ་དང་ལོག་པར་བལྟས༔ མདོར་ན་ཆོས་དང་འགལ་ཀུན་ལན་ཆགས་རྒྱུ༔ བྱང་ཞིང་དག་ནས་འགྲོ་དྲུག་ལས་སྒྲིབ་བྱང་༔ དོན་གཉིས་སྒྲུབ་ལ་ཐོགས་མེད་མཐུ་ཐོབ་ཤོག༔ ཅེས་པས་བསྔོ་བཞིན་མཆོད་ཅིང་བསྟོད༔ སླར་ཡང་གདུང་བས་གསོལ་བ་འདི་བཞིན་གདབ༔ ཨེ་མ་ཧོ༔ ངོ་མཚར་རྨད་བྱུང་རྒྱལ་བ་ཀུན་གྱི་ཡབ༔ མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས༔ ཕུལ་བྱུང་བློ་གྲོས་མཆོག་གི་དཔལ་སྩོལ་བའི༔ ངག་གི་དབང་ཕྱུག་ལྷ་མོ་སྒྲ་ལྡན་མ༔ སྟོང་ཉིད་ཡེ་ཤེས་བཅུ་དྲུག་ལས་བྱུང་བའི༔ རྡོ་རྗེ་སྒེག་མོ་ལ་སོགས་མཆོད་པའི་ལྷ༔ རྡོ་རྗེ་མཐོང་བྱེད་ཀུན་ཏུ་མཐོང་བྱེད་དང་༔ རྡོ་རྗེ་སྒྲ་མཁས་རྡོ་རྗེ་དབྱངས་མཁན་སོགས༔ ཤེས་རབ་སྤོབས་པ་མཆོག་སྦྱིན་སུམ་ཅུ་བཞི༔ གཙོ་འཁོར་མ་ལུས་བདག་ལ་དགོངས་སུ་གསོལ༔ བདག་ནི་ཐོག་མ་མེད་ནས་གཏི་མུག་མཐུས༔ ཁམས་གསུམ་གནས་སུ་སྡུག་བསྔལ་དུ་མས་མནར༔ བདེ་བ་འདོད་ཀྱང་བདེ་བའི་རྒྱུ་འབྲས་ལ༔ རྟག་ཏུ་རྨོངས་པས་དགེ་བཅུ་ཡལ་བར་དོར༔ མི་དགེའི་ལས་བཅུ་སྦྲང་རྩིར་སྤྱོད་བཞིན་བྱང་༔ སྡུག་བསྔལ་འབྲས་བུས་བྱང་ཆུབ་ལམ་དང་རིང་༔ ཐོས་པའི་མིག་ཟུམ་བསམ་པའི་ཁོང་སྙིང་རུལ༔ བསྒོམ་པའི་ལུས་ཚུགས་ཤོར་ནས་སྐྱེ་འཆི་ཡི༔ མལ་དུ་ཆུད་ནས་འགྱུར་དང་འདུ་བྱེད་དང་༔ སྡུག་བསྔལ་བརྒྱུད་མས་བཅིངས་པ་འདིར་གཟིགས་ལ༔ དམིགས་པ་མེད་པའི་ཐུགས་རྗེས་རྒྱུད་བསྐུལ་ནས༔ ཚིག་དོན་གནས་ལ་རིག་པའི་སྒོ་འཕར་ཕྱེ༔ མདོ་རྒྱུད་མཁའ་ལ་རླབས་ཆེན་དགོངས་པས་བགྲོད༔ དཀའ་བའི་རྒྱུད་དོན་ཤེས་རབ་གསུམ་གྱིས་ཁྲོལ༔ རང་དོན་ཞི་མཐའ་ཚད་མེད་སྙིང་རྗེས་བརྒལ༔ སྲིད་པའི་མུན་སྨག་སྟོང་ཉིད་སྒྲོན་མེས་བསལ༔ གསོལ་བཏབ་འབྲས་བུ་དུས་འདིར་མཆིས་པར་མཛོད༔ ཀྱེ་མ་ཀྱེ་ཧུད་རྒྱལ་ཡུམ་ངག་གི་ལྷ༔ མཁྱེན་རབ་བདག་པོ་ཡབ་དང་སྤྲུལ་འཁོར་ལ༔ གསོལ་བ་འདེབས་སོ་བརྩེ་བའི་ཐུགས་ཀྱིས་དགོངས༔ དགྱེས་ཆགས་འཛུམ་པའི་སྤྱན་གྱིས་ཉེར་གཟིགས་ནས༔ བདག་སོགས་ཐོས་བསམ་སྒོམ་ལ་རྨོངས་པ་རྣམས༔ ཇི་ལྟར་ཉི་མའི་ཟེར་གྱིས་པདྨོ་ལྟར༔ བློ་གྲོས་ཤེས་བྱའི་གནས་ལ་འཇུག་སྤྲོ་ཞིང་༔ རུས་སྦལ་ངང་པས་ཆུ་ལས་འོ་མ་ལྟར༔ གནས་དང་གནས་མིན་འབྱེད་པའི་སྤོབས་པ་ཐོབ༔ ལེགས་པའི་འབྱུང་གནས་བཤེས་གཉེན་མ་བཞིན་བསྙེན༔ དགེ་བའི་རྩ་བ་ཚུལ་ཁྲིམས་མིག་ལྟར་སྲུང་༔ བདེ་ལེགས་ཉེ་ལམ་ཏིང་འཛིན་ལས་སུ་རུང་༔ ས་བཅུའི་ཐེམ་སྐས་ཤེས་རབ་སྙིང་པོ་རྟོགས༔ དོན་གཉིས་མྱུར་དུ་འགྲུབ་པ་ཁྱེད་རང་མཁྱེན༔ ཤེས་བྱའི་གནས་ཀུན་རྟོགས་པ་ཁྱེད་རང་མཁྱེན༔ བར་ཆད་གཡུལ་ལས་རྒྱལ་བ་ཁྱེད་རང་མཁྱེན༔ དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས༔ བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས༔ དེ་ལྟར་བརྒྱ་འམ་ཉི་ཤུ་གཅིག༔ བདུན་ནམ་གསུམ་སོགས་ཅི་ནུས་འབད༔ རྗེས་རིམ་གཤེགས་གསོལ་བྱ་བ་ནི༔ ཧྲཱིཿ སྣང་བ་ཀུན་བརྟགས་སེམས་ཀྱིས་བསྐྱེད་པའི་ལྷར༔ རང་བཞིན་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ རང་གྲོལ་མཉམ་པ་ཆོས་ཀྱི་དབྱིངས་སུ་གཤེགས༔ སླར་ཡང་བདག་ཅག་དུས་ཀུན་སྐྱོང་བར་མཛོད༔ ཡང་ན་རྟེན་ལ་བསྟིམ་བཞུགས་མེ་ཏོག་འཐོར༔ ཐུན་མཚམས་འཇམ་དཔལ་སྐུ་དང་དབྱངས་ཅན་མའི༔ སྐུ་ལ་སེམས་བཟུང་ཕྱག་སྐོར་ཤེས་རབ་ལྷའི༔ གཟུངས་དང་མཚན་བརྗོད་ཐུགས་རྟེན་ལ་སོགས་བརྩོན༔ དུས་ཀུན་དགེ་བའི་ཤིས་བརྗོད་བྱ་བ་ནི༔ ཧྲཱིཿ རང་བྱུང་གཉུག་མ་ཤེས་རབ་དབྱིངས་ཀྱི་ཡུམ༔ འགྲོ་འདུལ་སྤྲུལ་པ་ངག་གི་ལྷ་མོ་མཆོག༔ དུས་ཀུན་ཤེས་རབ་སྣང་བའི་དཔལ་འབར་བས༔ བདག་སོགས་རྨོངས་མུན་སེལ་བའི་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་འཐོར་ཞིང་སྨོན་ལམ་ནི༔ ཧྲཱིཿ བདག་གིས་དུས་ཀུན་རྩ་གསུམ་བསྙེན་དང་བསྒྲུབས༔ དགེ་བཅུའི་ལམ་ཞུགས་དེ་བཞིན་འགྲོ་རྣམས་ཀྱི༔ ལེགས་བྱས་དངོས་པོ་མ་ལུས་གཅིག་བསྡུས་ནས༔ ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་ཕྱིར་བསྔོ༔ མཐའ་ཡས་འཕགས་པ་རྣམས་ཀྱི་ཐུགས་བསྐྱེད་མཐུས༔ བསྟན་འཛིན་རྣམས་ཀྱི་བཞེད་དོན་འཆད་རྩོད་རྩོམ༔ སྐལ་བཟང་རྣམས་ཀྱིས་ཉམས་ལེན་ཀློག་དང་སྒོམ༔ དེ་ཀུན་རྣམ་གྲོལ་མཆོག་ལ་རེག་གྱུར་ཅིག༔ ཕ་མཐའ་ཡས་པའི་སྐྱེ་འཕགས་ཐམས་ཅད་ཀྱིས༔ རང་གཞན་དོན་དུ་འབད་པ་མ་ལུས་པ༔ དགེ་བ་གསུམ་ལྡན་རྣམ་མཁྱེན་གོ་འཕང་ལ༔ འདུ་འབྲལ་མེད་པར་དོན་གཉིས་ལྷུན་གྲུབ་ཤོག༔ དེ་ལྟར་ཤེས་རབ་བློ་འཕེལ་དབྱངས་ཅན་མ༔ སྒྲུབ་ཐབས་གཏི་མུག་མུན་སེལ་ཟབ་མོ་འདི༔ རྒྱལ་ཡུམ་དབྱངས་ཅན་བླ་མ་འཇམ་པའི་དབྱངས༔ མི་དང་མི་ཡིས་ལབ་པའི་ཚུལ་ལྟ་བུར༔ བདག་ཉིད་བློ་ལྡན་མཆོག་སྲེད་རྩལ་གྱིས་ཞུས༔ ད་ལྟ་མངའ་བདག་ཡབ་སྲས་གྲོགས་ཀྱི་མཆོག༔ མི་བརྗེད་གཟུངས་ཐོབ་མཚོ་རྒྱལ་སྙིང་སྒྲོམ་སྦོས༔ དུས་བབས་ལས་དང་སྐལ་ལྡན་དམ་པ་དེའི༔ རང་བྱུང་དགོངས་པའི་ཀློང་ལས་རང་བབས་ཆོས༔ རྟོག་གེའི་ཡུལ་མིན་བཅོས་བསྒྱུར་མེད་པར་ཕབ༔ ཤེས་རབ་སྣང་བ་འཕེལ་བའི་གྲོགས་སུ་ཤོག༔ ས་མ་ཡཱ༔ གུ་ཧྱ༔ ཞེས་པའང་དགོངས་གཏེར་དག་སྣང་ཟབ་མོའི་ཆོས་སྡེ་ལས་བྱུང་བ་བཞིན་ལུང་ཟིན་སྤྲུལ་པའི་གང་ཟག་རྣམས་ཀྱིས་བསྐུལ་ངོར༔ རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ཡབ་ཡུམ་དང་རིགས་བདག་གྲུབ་དབང་བླ་མའི་བྱིན་རླབས་ཀྱི་བདུད་རྩིས་དབུགས་དབྱུང་ཐོབ་པའི་རིག་འཛིན་སྐལ་ལྡན་ལུང་རིག་གླིང་པས་སྤེལ་བ་དུས་གསུམ་དགེ་བའི་རྒྱུར་གྱུར་ཅིག༔ སརྦ་མངྒ་ལཾ༔


previousདབྱངས་ཅན་སྒྲུབ་ཐབས་གཏི་མུག་མུན་སེལ།next