Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབང་ཆོག་བར་ཆད་གཡུལ་ལས་རྣམ་རྒྱལ།
   
   
   
   
   


 
previousདབང་ཆོག་བར་ཆད་གཡུལ་ལས་རྣམ་རྒྱལ། next

དབང་ཆོག་བར་ཆད་གཡུལ་ལས་རྣམ་རྒྱལ།

འོད་ཟེར་ཅན་གྱི་དབང་ཆོག་བར་ཆད་གཡུལ་ལས་རྣམ་རྒྱལ་བཞུགས༔

རང་བྱུང་ཡེ་ཤེས་མཁའ་འགྲོའི་གཙོ༔ མཚན་ཐོས་ཙམ་གྱིས་འཇིགས་ཀུན་སྐྱོབས༔ ལྷ་མོ་འོད་ཟེར་ཅན་ལ་འདུད༔ དབང་ཆོག་གཡུལ་ལས་རྣམ་རྒྱལ་བསྟན༔ དང་པོ་དཀྱིལ་འཁོར་བཀོད་ལེགས་སྟེང༔ གཞུང་ལྟར་དབང་རྫས་ཡོ་བྱད་ཚང་བར་བཤམས༔ བསྙེན་སྒྲུབ་གཞུང་བསྲང་བུམ་པ་བསང༔ སྟོང་པའི་ངང་ལས་བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་རང་སེམས་ཀྱི་རྩལ་ལས་མཱུྃ༔ཡིག་གསེར་བཙོ་མ་ལྟ་བུ་ཞུ་བ་ལས་དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་མཆོག་བར་ཆད་གཡུལ་ལས་རྣམ་པར་རྒྱལ་བའི་ལྷ། དཔའ་མོ་འོད་ཟེར་ཅན་མ་གཙོ་འཁོར་སྤྲུལ་པར་བཅས་པ་མཁའ་ལ་འཇའ་ཚོན་བཞིན་བཀྲ་ལམ་མེར་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ཡི་གེ་འབྲུ་གསུམ་དང་རང་རང་གི་ཐུགས་སྲོག་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས། སླར་འདུས་པ་ལས་འོད་ཟེར་བདུད་རྩི་ཁ་དོག་སྣ་ལྔའི་བཅུད་དུ་ཁོལ་བས་བུམ་པ་ལྟེམ་གྱིས་གང་བར་བསམ༔ རྩ་སྔགས་ཤམ་བུར་ཨ་བྷི་ཥིཉྩ་བཏགས༔ ལས་བུམ་བདུད་རྩི་འཁྱིལ་བ་བསྐྱེད༔ སྔགས་བཟླས་འོད་ཞུ་བུམ་ཆུར་བསྟིམས༔ མཆོད་བསྟོད་དངོས་གྲུབ་དབང་ཡིད་ལེན༔ བསྲུང་མ་སྤྱི་དང་བྱེ་བྲག་གསོལ༔ ཚོགས་ཀྱི་འཁོར་ལོས་ཉམས་ཆགས་བསྐང༔ དེ་ནས་སློབ་མ་མདུན་དུ་འཁོད༔ ལས་བུམ་ཆུ་ཡིས་སྡིག་པ་འཁྲུ༔ ལན་ཆགས་བགེགས་ལ་གཏོར་མ་ནི༔ རཾ་ཡཾ་ཁཾ་གིས་བསང་སྦྱངས་ནས༔ ཨོཾ་ཨཱ༔ཧཱུྃ་གིས་བདུད་རྩིར་བསྒྱུར༔ ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་བསྔོ༔ ཧཱུྃ༔ ཚེ་རབས་སྔོན་ནས་ད་ལྟའི་བར་དག་ཏུ༔ ལན་ཆགས་བསྙེགས་ཤིང་བུ་ལོན་མ་འཁོར་བའི༔ གནོད་བྱེད་བགེགས་རིགས་ཚེ་ལ་རྐུ་བ་དང༔ སྲོག་ལ་འཇབ་ཤིང་ལུས་ལ་ན་ཚ་གཏོང༔ ཆོས་སྲིད་བར་ཆད་བྱེད་པའི་ལོག་འདྲེན་རྣམས༔ འདོད་ཡོན་ལྔ་ལྡན་གཏོར་མས་ཚིམས་གྱིས་ལ༔ ཞི་བདེའི་སེམས་དང་ལྡན་པས་གཞན་དུ་དེངས༔ གལ་ཏེ་མི་འགྲོ་གནས་འདིར་འཚེ་བྱེད་ན༔ བདག་ཉིད་གཤིན་རྗེ་གཤེད་པོའི་ཏིང་འཛིན་གྱིས༔ ཐལ་བའི་རྡུལ་དུ་བརླགས་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད་ནས་བསྲུང་འཁོར་བསྒོམས༔ མི་རྟག་ལས་འབྲས་ཆོས་བཤད་ཀྱིས༔ རྒྱུད་སྦྱང་བྱས་རྗེས་གདམས་པ་འདིའི༔ ལོ་རྒྱུས་མདོར་བསྡུས་འདི་ཉིད་བརྗོད༔ དེ་ཡང་རྒྱལ་བ་ཐབས་ལ་མཁས་པས་གདུལ་བྱ་རྣམས་ཞི་བ་དང་དྲག་པོའི་སྒོ་ནས་ཡང་དག་པའི་ས་ལ་འགོད་པར་མཛད་པའི་ཕྱིར། ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་རྣམས་ཀྱང་། བཀའ་གཏེར་དག་སྣང་གི་སྲོལ་ཀ་གསུམ་དུ་འདུས་པ་ལས། ད་ལམ་འདི་ཉིད་ནི་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན་ཅིང་། དེ་ཡང་འཕགས་མ་འོད་ཟེར་ཅན་མ་འདི་ཉིད་ཡེ་ནས་འཕོ་འགྱུར་མེད་པ་ཆོས་དབྱིངས་ཀུན་ཏུ་བཟང་མོ་དང་དབྱེར་མ་མཆིས་པ་ལས། སླར་གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོར་བཅོམ་ལྡན་འདས་འཇམ་དཔལ་ཡ་མནྟའི་སྦྱོར་ཡུམ་གྱི་སྐུར་བསྟན་ནས་མུ་སྟེགས་ལོག་པར་འདྲེན་པ་རྣམས་དྲག་པོའི་སྒོ་ནས་གསད་པ་དང་། དབྱེ་བ་སོགས་རྨད་དུ་བྱུང་བའི་མཛད་པས་གསང་སྔགས་ཀྱི་རྣལ་འབྱོར་པ་རྣམས་དབུགས་དབྱུང་བར་མཛད་ཅིང་། གདུལ་བྱ་མ་དག་པ་རྣམས་ཀྱི་སྣང་ངོར། དེ་བཞིན་གཤེགས་པ་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ལས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཚུལ་བསྟན་པའི་ཚེ། བདག་གི་མིང་ཙམ་ཡིད་ལ་དྲན་པས་ཀྱང་ཕ་རོལ་གྱི་དགྲ་དང་བདུད་ཀྱི་ཚོགས་བྱེ་བ་ཁྲག་ཁྲིག་དུ་མས་བལྟར་མེད་པ་དང་། གཞུར་མེད་པ་དང་། མགོ་བྲེག་ཏུ་མེད་པ་དང་། རྣམ་པར་གཞོམ་དུ་མེད་པར་གྱུར་ཅིག་ཅེས་པ་ལ་སོགས་པའི་སྨོན་ལམ་བཏབ་ཅིང་། ཉི་མ་དང་ཟླ་བའི་མདུན་དུ་འགྲོ་ཞིང་རྒྱ་གར་མྱ་ངན་མེད་པའི་ཤིང་གི་དྲུང་དུ་ཏིང་འཛིན་བསྒོམ་པ་ལས་རིགས་སྔགས་གྲུབ་པའི་ལྷ་མོ་རྣམས་ཀྱི་གཙོ་མོར་གྱུར་པ་དེ་ཉིད་ཀྱི་རྒྱུད་དང་རྟོགས་་པ་བརྗོད་པ་སོགས་གསང་བའི་བདག་པོས་རིག་པ་འཛིན་པའི་འཁོར་རྣམས་་བསྟན་ཅིང་ཆགས་བྲལ་སྤྲུལ་པའི་སྐུ་མཉམ་མེད་ཤཱཀྱའི་རྒྱལ་པོས་འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་གཟུངས་དང་ཕན་ཡོན་མཐའ་ཡས་པ་བསྟན། དེ་དག་གི་དོན་སྐུ་གསུམ་རྒྱལ་བའི་བདག་ཉིད་པདྨ་སཾ་བྷ་ཝས་ཐུགས་ཀྱི་གཟུངས་མ་ཡེ་ཤེས་མཚོ་རྒྱལ་དང་། མངའ་བདག་ཡབ་སྲས། དཔལ་གྱི་དབང་ཕྱུག་སོགས་ལ་བསྩལ་བ་ཉིད་མ་འོངས་པའི་དོན་དུ་སྒྲུབ་ཐབས་སུ་བྱས་ཏེ་དངོས་དང་། ཐུགས་གཏེར་ཅི་རིགས་པར་སྦས་པ་ལས། འདི་ཉིད་ནི་མཁར་ཆེན་བཟའ་ཉིད་ཀྱི་ཐུགས་དབྱིངས་བདེ་སྟོང་བརྗོད་བྲལ་གྱི་ཀློང་དུ་མི་བརྗེད་པའི་རྒྱས་བཏབ་པ་ཉིད། སླར་ཁམས་དབུས་གཙང་གསུམ་དུ་མཚོ་རྒྱལ་གྱི་སྤྲུལ་པ་གཏེར་ཆེན་དང་གཏེར་ཕྲན་སོགས་མ་ངེས་པའི་སྤྲུལ་བསྒྱུར་འགྱེད་པ་ལས་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པའི་གཏེར་བློན་གྱི་ཚུལ་དུ་བྱུང་བ་སྐལ་ལྡན་ལུང་རིག་གླིང་པ་རྩལ་དུ་འབོད་པ་ཉིད་ཕྱོགས་མེད་ཀྱི་ལྷ་དང་བླ་མའི་ཚོགས་ལ་ཁྱེད་ཤེས་ཀྱི་བློ་གཏད་ནུས་པའི་དག་སྣང་འབྱམས་ཀླས་པ་ལས། ཁྱད་པར་གྲུབ་དབང་བླ་མ་ཀུན་བཟང་གཞན་ཕན་ཉིད་ཚེ་རབས་ཀྱི་ཡོངས་འཛིན་དུ་ངེས་ཤེས་རྙེད་ནས་རྩེ་གཅིག་གསོལ་འདེབས་ལ་བརྩོན་པའི་སྐབས་སུ། དམ་པ་དེ་ཉིད་དང་མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་གྱིས་ཉམས་སྣང་རྨི་ལམ་གྱི་སྣང་བར་པོ་ཊ་ལ་དང་པདྨ་འོད་སོགས་སུ་ཁྲིད་ཅིང་གུ་རུ་རིན་པོ་ཆེ་དང་། རྗེ་བཙུན་འཕགས་མ་སྒྲོལ་མ། གཞན་ཡང་ལྷ་དང་རིག་འཛིན་དུ་མས་དགོངས་གཏེར་ཟབ་མོའི་ཆོས་ལ་མངའ་གསོལ་ཞིང་དབུགས་དབྱུང་བའི་སྣང་བ་ཤར་བའི་ཚེ། སྒྲུབ་ཐབས་ཟབ་མོ་མང་དུ་བབས་པ་ཡང་བདུད་དང་བདུད་ཀྱི་རིས་ཀྱི་ལྷས་བརླབས་པ་སོགས་མ་ཡིན་པར་རྡོ་རྗེའི་ལུང་གིས་དཔང་པོ་བྱས་ན། སྤྲུལ་པའི་གཏེར་སྟོན་རིག་འཛིན་ཉི་མ་གྲགས་པའི་ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་གཏེར་ལུང་ལས། བྱ་འམ་ཁྱི་ཡི་ལོ་པ་གསང་སྨེ་ཅན༔ འདི་ནི་རྩ་བའི་ཆོས་བདག་སྐྱེས་བུ་ཡིན༔ ཞེས་པ་དང་། རིག་འཛིན་གསང་སྔགས་གླིང་པའི་གཏེར་བྱོན་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡེ་ཤེས་སྙིང་པོའི་ལུང་བྱང་ལས། མདོ་ཁམས་སྨད་ནས་ཀླུ་དབང་གི༔ སྐྱེ་མཐའ་མ་ཧཱ་ཙི་ནའི་རིགས༔ ཤེས་རབ་ཆེ་ཞིང་བྱང་སེམས་ལྡན༔ ལས་ཀྱི་རིགས་རྟགས་འཆང་བ་འབྱུང་༔ ཞེས་པ་སོགས་ཡིད་ཆེས་པའི་ལུང་བྱང་མང་དུ་སྣང་བ་ལྟར་དགོངས་གཏེར་དག་སྣང་ཟབ་མོའི་ནང་ཚན་དགྲ་རྐུན་ལོག་འདྲེན་ཐམས་ཅད་རྨིང་མེད་དུ་བྱེད་པ་ལྷ་མོ་འོད་ཟེར་ཅན་མའི་དབང་ཆོག་བར་ཆད་གཡུལ་ལས་རྣམ་རྒྱལ་འདི་ཉིད་ཞུ་བའི་ཡོན་དུ་མཎྚལ་ཕུལ་མཛོད། སློབ་མས་མཎྚལ་ཕུལ་རྗེས་གདོང་གཡོག་དང་། རིགས་བརྟགས་མེ་ཏོག་གཏད་རྗེས་འདི་སྐད་དུ༔ གསོལ་བ་འདེབས་པའི་ཚིག་ནི་འདི་བཞིན་བརྗོད༔ ཀྱཻ་ཧོ༔ རྡོ་རྗེ་སློབ་དཔོན་འགྲོ་མགོན་བླ་མ་རྗེ༔ བར་ཆད་གཡུལ་ལས་རྣམ་པར་རྒྱལ་བའི་ཕྱིར༔ གཤིན་རྗེའི་ཡུམ་གཅིག་འོད་ཟེར་ཅན་མ་ཡི༔ དབང་ཆོག་ཟབ་མོ་བདག་ལ་སྩལ་དུ་གསོལ༔ ཅེས་པས་གསོལ་བ་བཏབ་རྗེས་ལན་འདི་བརྗོད༔ ཀྱེ་ཧོ་གསང་སྔགས་ཟབ་མོའི་སྣོད་རུང་བའི༔ སྐལ་ལྡན་ཁྱོད་ཉིད་འོད་ཟེར་ཅན་མ་ཡི༔ དབང་དང་སྒྲུབ་ཐབས་ཟབ་མོར་རབ་མོས་ཤིང་༔ ལྷ་རུ་བསྙེན་ན་ངེས་པར་སྦྱིན་པར་བྱ༔ མནའ་ཆུ་བླུད་ཅིང་ཚིག་འདིས་བརྡ་སྤྲོད་བྱ༔ ཤིན་ཏུ་ཟབ་མོ་གསང་སྔགས་དབང་འདི་ལ༔ མོས་ཤིང་འདུན་པ་ལས་ཀྱི་འཕྲོ་ལྡན་ཡང་༔ བདག་ལ་བརྙས་ཤིང་དམ་ཚིག་ཁྱད་བསད་ན༔ མནར་མེད་མེ་ཡིས་བསྲེག་ཅིང་འཚོད་ངེས་པས༔ མི་ཉམས་རྟག་ཏུ་བསྲུང་བའི་མནའ་དོར་ཅིག༔ བཛྲ་ས་མ་ཡཱ་ན་ར་ཀན༔ དེ་ནས་དཀྱིལ་འཁོར་ཤར་སྒོར་ཕྱག་འཚལ་ཏེ༔ སྒོ་དབྱེའི་ཐོག་མར་བྱིན་ཆེན་དབབ་པ་ནི༔ ཤཱུ་ནྱའི་སྔགས་ཀྱིས་སློབ་མ་བསངས་བྱས་ཏེ༔ སློབ་མའི་རྣམ་སྨིན་ཤ་ཁྲག་སྟོང་པར་སྦྱང་༔ སྟོང་པའི་ངང་ལས་སྐད་ཅིག་གིས་སློབ་མའི་རིག་པ་མཱུཾ་ཡིག་གསེར་གྱི་མདོག་ཅན་གསལ་བ་ལས༔ འོད་ཟེར་ཡར་འཕྲོས་རྒྱལ་བ་སྲས་དང་བཅས་པ་མཆོད༔ མར་འཕྲོས་འགྲོ་དྲུག་དུ་སྣང་བའི་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་བག་ཆགས་དང་བཅས་པ་དབྱིངས་སུ་སྦྱངས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ དེ་དག་གི་དཔའ་རྩལ་ནུས་པ་ཐམས་ཅད་ཚུར་བསྡུས་རང་ལ་ཐིམ་པ་ལས་མཁའ་ལ་འཇའ་ཚོན་ཤར་བ་ལྟར་སློབ་མའི་ཕུང་ཁམས་འོད་སེར་པོའི་རང་བཞིན་དུ་ལྟེམས་ཀྱིས་ཞུ་བ་ལས་འཕགས་མ་འོད་ཟེར་ཅན་མ་ཁྲོ་གཏུམ་དྲག་ཤུལ་གྱི་རྩལ་གྱིས་ས་གསུམ་ལོག་འདྲེན་འབྱུང་པོ་རྨིང་མེད་དུ་བྱེད་པའི་དཔའ་རྩལ་ཉི་མ་འབུམ་ཕྲག་ཤར་བ་ལས་ཀྱང་བལྟར་མི་བཟོད་པའི་རྣམ་འགྱུར་ཅན༔ ཞལ་གཅིག་ཁྲོ་འཛུམ་བཞད་པའི་ང་རོས་བདུད་དང་མུ་སྟེགས་ཡོངས་ཀྱི་ཀླད་པ་འགེམས་པ༔ ཕྱག་གཉིས་གཡས་པས་སྣང་བྱེད་ཉི་མའི་དཀྱིལ་འཁོར་དམར་གྱི་ལི་ལི་བསྐོར་བས་དགྲ་རྐུན་ཇག་ཆོམ་བྱེད་པ་ཐམས་ཅད་ཀྱི་མིག་གཉིས་དྲུང་ནས་འབྱིན་པ༔ གཡོན་པས་གསལ་བྱེད་ཟླ་བའི་དཀྱིལ་འཁོར་དཀར་ལ་དྭངས་པ་ཕྱོགས་བཅུར་གཡུགས་པས་བགེགས་དང་ལོག་འདྲེན་བར་ཆད་རྩོམས་པ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་རྨོངས་ཤིང་རེངས་པར་བྱེད་པ༔ ཞབས་གཉིས་གྱད་ཀྱི་དོར་སྟབས་སུ་བགྲད་ནས་མ་རུང་བདུད་བཞིའི་སྙིང་གར་བྲོ་ཁྲིག་ཁྲིག་ཏུ་བརྡུང་བ༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་ཞིང་ཐུར་དུ་གྲོལ་བ་ཐོད་སྐམ་རིགས་ལྔའི་ཅོད་པཎ་གྱིས་སྤྲས་པ༔ སྐུ་སྟོད་ལ་དར་སྔོན་པོའི་སྟོད་གཡོག་དང་སྐུ་སྨད་ལ་དར་དཀར་པོའི་སྨད་དཀྲིས་སྟག་གི་ཤམ་ཐབས་ཁྲག་འཛག་པ་དང་བཅས་པས་ཀླུབ་པ༔ དུག་སྦྲུལ་འཇིགས་པའི་སྐ་རགས་ཀྱིས་བཅིངས་པ༔ འདུ་བྱེད་གནས་སུ་དག་པའི་མགོ་ཕྲེང་ལྔ་བཅུ་དང་༔ མེ་ཏོག་སྣ་ཚོགས་པའི་དོ་ཤལ་སོགས་ཞི་དྲག་སྤེལ་མའི་ཆས་ཅན༔ འཆོལ་བའི་ཁྲོ་མོ་ཆེན་མོ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་བདག་ཉིད་ཅན་དུ་གསལ་བའི་གནས་གསུམ་ཨོཾ་དཀར་ཨཱ༔དམར་ཧཱུྃ་མཐིང་གིས་མཚན་དང་༔ ཧ་ཁོག་ཏུ་མཱུཾ་ཡིག་གསེར་གྱི་མདོག་ཅན་གསལ་བ་ལས་འོད་ཟེར་ལྕགས་ཀྱུ་ལྟར་ཕྱོགས་བཅུར་འཕྲོས་པས་རྒྱ་གར་མྱ་ངན་མེད་པའི་ཤིང་དྲུང་༔ རྩུབ་འགྱུར་གཤིན་རྗེ་རོལ་བའི་དུར་ཁྲོད་སོགས་གནས་ཡུལ་ཐམས་ཅད་ན་བཞུགས་པའི་ལྷ་མོ་འོད་ཟེར་ཅན་མ་དང་༔ གཞན་ཡང་སྐུ་གསུམ་རྒྱལ་བ་རྒྱ་མཚོ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བས༔ མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་བྱིན་ཆེན་དབབ་པའི་མོས་པ་རྩེ་གཅིག་ཏུ་གྱིས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་སྐུ་སྤྲོས་པ་ཉེར་ཞིའི་མཁའ་དབྱིངས་ལས༔ གཟུགས་སྐུ་འགགས་མེད་ཞི་དང་ཁྲོ་བོའི་གར༔ དགྲ་བགེགས་འདུལ་མཛད་ལྷ་མོ་འོད་ཟེར་ཅན༔ བཞེངས་ཤིག་བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ ཁྲོས་པའི་གར་གྱིས་ས་གསུམ་གཡོ་ཞིང་འགུལ༔ དཔའ་བའི་རྩལ་གྱིས་ལོག་འདྲེན་སྙིང་རྩ་འདར༔ བཞད་པའི་གད་རྒྱངས་བདུད་སྲིན་ཀླད་པ་འགེམས༔ ཞི་བའི་ཐུགས་ཀྱིས་སྒྲུབ་མཆོག་བུ་བཞིན་སྐྱོངས༔ དེང་འདིར་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི༔ ལུས་ངག་ཡིད་གསུམ་བྱིན་གྱིས་རླབ་ཏུ་གསོལ༔ བགེགས་དང་ལོག་འདྲེན་བར་ཆད་བསལ་དུ་གསོལ༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩལ་དུ་གསོལ༔ ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནི་མ་རི་ཙྱཻ་མཱུཾ་ཛྙཱ་ན་བཛྲ་ཨ་བཻ་ཤ་ཡ་ཕཻཾ༔ སྤོས་རོལ་དང་བཅས་བྱིན་ཆེན་དབབ་པའི་རྟགས༔ ལུས་འདར་དབུགས་དངངས་བདེ་གསལ་མི་རྟོག་འབྱུང༔ སྤྱན་དྲངས་ལྷ་རྣམས་སློབ་མའི་སྒོ་གསུམ་དང༔ དབྱེར་མེད་བསམ་ལ་ཏིཥྛ་བཛྲ་གྱིས༔ བརྟན་པར་བྱས་རྗེས་དཀྱིལ་འཁོར་སྒོ་དབྱེའི་ཕྱིར༔ གསོལ་བ་འདེབས་ཕྱིར་ཚིག་འདིས་སྙན་གསན་དབབ༔ ཀྱཻ་ཧོ་ཚད་མེད་རྣམ་བཞིའི་བདག་ཉིད་ཆེན་མོ་བཞི༔ རང་བྱུང་ལྷ་ཞལ་མ་རིག་འཛིན་པས་སྒྲིབ༔ དཀྱིལ་འཁོར་སྒོ་ཕྱེ་ཐར་བའི་གྲོང་མཆོག་ཏུ༔ དེ་རིང་ཉིད་ནས་སྨིན་པར་མཛད་དུ་གསོལ༔ ཅེས་པས་གསོལ་བཏབ་དཀྱིལ་འཁོར་ཤར་སྒོ་ནས༔ རིག་པའི་མེ་ཏོག་ལྷ་ལ་འབུལ་བ་ནི༔ ཨེ་མ་ངོ་མཚར་དཀྱིལ་འཁོར་ལྷག་པའི་ལྷ༔ ལས་ཀྱིས་འབྲེལ་བ་གང་ཡིན་དེ་ཉིད་ལ༔ བདག་གི་རིག་པའི་མེ་ཏོག་འདི་ཕུལ་བས༔ བཞེས་ནས་མཆོག་ཐུན་ལས་བཞིའི་དངོས་གྲུབ་སྩོལ༔ བཛྲ་པུཥྤེ་པྲ་ཏིཙྪ་ཧོ༔ ཞེས་པས་ལྟོས་མེད་བློ་ཡིས་ཕུལ་བ་ན༔ དབུས་སུ་མཆོག་དང་ཕྱོགས་བཞིར་ལས་བཞི་འགྲུབ༔ གསང་བའི་མིང་ལ་ཕོ་མོའི་ཁྱད་པར་གྱིས༔ དཔལ་ཆེན་འོད་ཟེར་མཆོག་དང་དེ་བཞིན་དུ༔ ཞི་རྒྱས་དབང་དྲག་འོད་ཟེར་ཞེས་པས་བརྒྱན༔ སླར་ཡང་ལྷ་རྣམས་དགྱེས་པས་མེ་ཏོག་དེ༔ དབང་རྟགས་ཅོད་པཎ་ཚུལ་དུ་བསྩལ་བར་བསམ༔ མིག་དར་དབྱེ་བ་རྡོ་རྗེའི་ཐུར་མ་ཐོགས༔ ཧོ༔ སྐལ་ལྡན་ཁྱོད་ཀྱིས་མ་རིག་གཉིས་འཛིན་ལ༔ རྟག་ཏུ་སྤྱོད་པས་རང་བྱུང་ལྷ་ཞལ་བསྒྲིབས༔ ད་ནི་འཁྲུལ་རྟོག་ཐེ་ཚོམ་ལིང་ཐོག་བསལ༔ ཆོས་དབྱིངས་གདོད་མའི་ཡེ་ཤེས་མངོན་གྱུར་ཤོག༔ ཛྙཱ་ན་བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་པས་གདོང་གཡོག་བཀྲོལ་ཞིང་དཀྱིལ་འཁོར་གྱི༔ རྣམ་དག་བཤད་པ་ཕྱག་ཤིང་གིས་བསྟན་ཏེ༔ ཧོ༔ ཡེ་ནས་རིག་པ་སྤྲོས་པས་དབེན་མོད་ཀྱང༔ ཀུན་རྫོབ་དཀྱིལ་འཁོར་བརྡ་རྟགས་གཉིས་ལ་བརྟེན༔ དཀྱིལ་འཁོར་གྲུ་བཞི་ལས་བཞི་ལྷུན་གྱིས་གྲུབ༔ ཚད་མེད་བཞི་མཚོན་ཡེ་ཤེས་སྒོ་བཞིར་བྱུང༔ འཕགས་ལམ་ཡན་ལག་བརྒྱད་ཀྱི་རྟ་བབས་མཛེས༔ འདོད་ཡོན་སྣམ་བུ་དམར་པོ་དབང་གི་བརྡ༔ ཡུལ་དྲུག་མ་སྤངས་མཆོད་པའི་ལྷ་མོའི་གར༔ ཕ་གུ་སེར་པོ་ཚོགས་གཉིས་ཟུང་དུ་འབྲེལ༔ དྲྭ་བ་དཀར་པོ་དགེ་བཅུའི་ཡོན་ཏན་རྫོགས༔ ཤར་བུ་ཆུ་འབེབས་དབང་ལྔའི་ནུས་སྟོབས་རྒྱས༔ རི་དྭགས་ཕོ་མོ་སྟོང་ཉིད་སྙིང་རྗེར་འབྲེལ༔ ཆོས་ཀྱི་འཁོར་ལོ་རང་བྱུང་མཐའ་དང་བྲལ༔ ཀུན་ལ་ཁྱབ་པའི་ཡེ་ཤེས་གདུགས་ཀྱི་ཚུལ༔ གདོད་ནས་འཕོ་མེད་རང་རིག་དཔའ་མོའི་སྐུ༔ ཉོན་མོངས་རྣམ་གྲོལ་ཞི་རྒྱས་དབང་དྲག་བཞིའི༔ ལས་བཞི་སྒྲུབ་མཛད་རིགས་བཞིའི་འོད་ཟེར་ཅན༔ འབྱུང་བཞི་གནས་དག་སྤྱན་སོགས་རིགས་བཞིའི་ཡུམ༔ ཚད་མེད་རྣམ་བཞིའི་ཕྱག་རྒྱས་སྒོ་བཞི་སྲུང་༔ དེ་ལྟར་ལྟོས་ལ་རང་བྱུང་རིག་པའི་གཤིས༔ འདུ་འབྲལ་མེད་པའི་རང་ངོ་ཤེས་པར་གྱིས༔ དེ་རྗེས་དངོས་གཞི་བུམ་པའི་དབང་དོན་དུ༔ མཎྚལ་ཕུལ་རྗེས་གསོལ་བ་འདི་བཞིན་འདེབས༔ ཀྱཻ་ཧོ༔ རིག་འཛིན་རྒྱལ་པོ་ཧེ་རུ་ཀ༔ བུམ་པའི་དབང་གིས་ལུས་ཀྱི་སྒྲིབ་སྦྱང་ནས༔ བསྐྱེད་རིམ་གོམས་ཤིང་བླ་མ་སྤྲུལ་པའི་སྐུ༔ ད་ལྟ་ཉིད་དུ་འགྲུབ་པར་མཛད་དུ་གསོལ༔ ཞེས་པས་གསོལ་བཏབ་བུམ་དབང་བསྐུར་བ་ནི༔ ཧཱུྃ༔ སྟོང་གསལ་དབྱེར་མེད་ཆོས་དབྱིངས་བུམ་པ་རུ༔ རང་བྱུང་སྐུ་གསུམ་དཀྱིལ་འཁོར་ལྷ་ཚོགས་བཞུགས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ བསྐྱེད་རིམ་མཐར་ཕྱིན་ལུས་ཀྱི་སྒྲིབ་དག་ཤོག༔ ཅེས་པས་བུམ་པ་མགོ་བོའི་གནས་ལྔར་བཞག༔ ཨོཾ་མ་རི་ཙྱཻ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་བཞིན་བཛྲ་རཏྣ་པདྨ་དང༔ ཀརྨ་ཞེས་མཐར་ཨ་བྷི་ཥིཉྩ་བཏགས༔ བུམ་ཆུ་བླུད་ཅིང་དབུ་རྒྱན་མགོར་བཅིངས་ཏེ༔ ཧཱུྃ༔ ཉོན་མོངས་ང་རྒྱལ་བདག་ཏུ་ལྟ་བ་ལས༔ རྣམ་པར་རྒྱལ་ནས་རྒྱལ་བའི་རྒྱལ་ཚབ་ཏུ༔ དེ་རིང་འཕགས་མས་ཁྱོད་ལ་དབང་བསྐུར་བས༔ རྟག་ཏུ་བྱང་ཆུབ་རྒྱལ་སྲིད་མ་ཉམས་མཛོད༔ ཨོཾ་མ་རི་ཙྱཻ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་མཾ༔ དེ་ནས་སློབ་དཔོན་གཤིན་རྗེ་གཤེད་པོར་གསལ༔ ཐུགས་ཀའི་འོད་ཀྱིས་འཕགས་མའི་ལྷ་ཚོགས་རྣམས༔ སྐུ་རྟེན་དབྱེར་མེད་སློབ་མའི་སྤྱི་བོར་བྱོན༔ བྱིན་རླབས་ནུས་མཐུའི་རྩལ་ཆེན་རྫོགས་པར་བསམ༔ དང་པོ་གཙོ་མོའི་སྐུ་སྤྱི་བོར་བཞག་ཏེ༔ ཧཱུྃ་ཧྲཱིཿ ཉོན་མོངས་བརྒྱད་ཁྲིའི་རྩ་བ་བདག་ལྟའི་དགྲ༔ དེ་ལས་བསྐྱེད་པའི་ལོག་འདྲེན་ཕས་རྒོལ་ཚོགས༔ ཐམས་ཅད་སྒྲོལ་མཛད་འོད་ཟེར་ཅན་མ་ཡིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་བསྐུར་བས༔ བདུད་དང་ལོག་འདྲེན་གཡུལ་ལས་རྣམ་རྒྱལ་ནས༔ ཁམས་གསུམ་དཔའ་མོའི་གོ་འཕང་ཐོབ་པར་ཤོག༔ ཨོཾ་མ་རི་ཙྱཻ་མཱུཾ་སྭཱ་ཧཱ༔ ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཤར་ཕྱོགས་ཞི་བའི་འོད་ཟེར་ཅན་མའི་སྐུ་ཐོགས་ཏེ༔ ཧཱུྃ་ཧྲཱིཿ རྒྱལ་པོའི་ཆད་པ་ལ་སོགས་འཇིགས་པ་བརྒྱད༔ ཞི་མཛད་འོད་ཟེར་ཅན་མའི་དབང་བསྐུར་བས༔ དགྲ་བགེགས་ལོག་འདྲེན་གནོན་པའི་མཐུ་ལྡན་རྣམས༔ རྡོ་རྗེ་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་མ་རི་ཙྱཻ་ཤནྟིཾ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོ་ཕྱོགས་རྒྱས་པའི་འོད་ཟེར་ཅན་མའི་སྐུ་ཐོགས་ཏེ༔ ཧཱུྃ་ཧྲཱིཿ ཚེ་དང་དཔལ་འབྱོར་ལ་སོགས་ལེགས་རྒུའི་ཚོགས༔ རྒྱས་མཛད་འོད་ཟེར་ཅན་མའི་དབང་བསྐུར་བས༔ དགྲ་བགེགས་ལོག་འདྲེན་ཆུ་བོར་འདོར་བ་དང་༔ རིན་ཆེན་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་མ་རི་ཙྱཻ་པུཥྚིཾ་ཨ་བྷི་ཥིཉྩ་ཧཱུྃ༔ ནུབ་ཕྱོགས་དབང་གི་འོད་ཟེར་ཅན་མའི་སྐུ་ཐོགས་ཏེ༔ ཧཱུྃ་ཧྲཱིཿ བརྟན་གཡོའི་དངས་བཅུད་དབང་དུ་སྡུད་མཛད་མ༔ དབང་མཛད་འོད་ཟེར་ཅན་མའི་དབང་བསྐུར་བས༔ དགྲ་བགེགས་ལོག་འདྲེན་བསྲེག་པའི་ལས་ཀྱིས་གཞོམས༔ པདྨ་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་མ་རི་ཙྱཻ་པ་ཤཾ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་ཕྱོགས་དྲག་པོའི་འོད་ཟེར་ཅན་མའི་སྐུ་ཐོགས་ཏེ༔ ཧཱུྃ་ཧྲཱིཿ ཕས་རྒོལ་བསམ་ངན་སྦྱོར་རྩུབ་མ་ལུས་པ༔ ཚར་གཅོད་མ་རི་ཙྱཻ་ཡི་དབང་བསྐུར་བས༔ ལོག་འདྲེན་མ་ལུས་རླུང་གིས་གཏོར་བ་དང༔ ལས་ཀྱི་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་མ་རི་ཙྱཻ་ད་ཧ་པ་ཙ་ཨ་བྷི་ཥིཉྩ་ཧཱུྃ༔ མཚམས་བཞིའི་སེམས་མ་བཞི་ཡི་དབང་བསྐུར་ཞིང༔ ཧཱུྃ་ཧྲཱིཿ རྡོ་རྗེའི་ཡུམ་མཆོག་སངས་རྒྱས་སྤྱན༔ རིན་ཆེན་ཡུམ་མཆོག་མ་མ་ཀཱི༔ པདྨ་ཡུམ་མཆོག་གོས་དཀར་མོ༔ ལས་ཀྱི་ཡུམ་མཆོག་དམ་ཚིག་སྒྲོལ༔ ཡུམ་བཞི་སེམས་མའི་སྐུར་སྤྲུལ་བས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རིགས་ཀྱི་སེམས་མ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་བུདྡྷ་ལོ་ཙ་ནི་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་བཛྲ་མ་མ་ཀི་ཏྲཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་བཛྲ་པཉྩ་རེ་དེ་ཧེ་དེ་ཧེ་སིདྡྷི་བི་དྷི་ལོ་ཀ་ཏ་རཾ་པ་ཡེ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ མཆོད་པའི་ལྷ་མོ་བཞིའི་སྐུ་ཐོགས་ཏེ༔ ཧཱུྃ་ཧྲཱིཿ གཟུགས་ཀྱི་ལྷ་མོ་པུཥྤེ་མེ་ཏོག་འཐོར༔ བདུག་པའི་ལྷ་མོ་དྲི་ཞིམ་སྤྲིན་ཕུང་འཐིབས༔ སྣང་གསལ་ལྷ་མོ་འོད་འབར་མར་མེ་སྒྲོན༔ རྒྱན་ཕྲེང་ལྷ་མོས་ནོར་བུའི་དོ་ཤལ་སྤུད༔ ཡིད་འོང་ལྷ་མོ་བཞི་ཡི་དབང་བསྐུར་བས༔ ཕྱོགས་བཅུའི་རྒྱལ་བ་མཆོད་པས་མཉེས་པ་དང་༔ ཡོ་བྱད་ཕུན་སུམ་ཚོགས་པའི་དབང་ཐོབ་ཤོག༔ བཛྲ་པུ་ཙ་ཙ་ཏུར་ཨ་བྷི་ཥིཉྩ་ཧཱུྃ༔ སྒོ་སྲུང་བཞིའི་སྐུ་ཐོགས་ཏེ༔ ཛཿ འགུགས་པའི་ཁྲོ་མོས་དགྲ་བགེགས་སྙིང་ལ་གཟིར༔ ཧཱུྃ༔ འཆིང་བའི་ལྷ་མོས་དགྲ་བགེགས་ཡན་ལག་བཅིང༔ བཾ༔ སྡོམ་བྱེད་དཔའ་མོས་དགྲ་བགེགས་དབང་པོ་བསྡམ༔ ཧོ༔ མྱོས་བྱེད་མཁའ་འགྲོས་ལོག་འདྲེན་རྡུལ་དུ་རློགས༔ སྒོ་སྲུང་ཁྲོ་མོ་བཞི་ཡི་དབང་བསྐུར་བས༔ ལོག་འདྲེན་བདུད་བཞིའི་གཡུལ་ལས་རྒྱལ་བར་ཤོག༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་རྗེས་གསང་བའི་དབང་བསྐུར་ནི༔ བླ་མ་ཡབ་ཡུམ་བྱང་ཆུབ་སེམས༔ ཐོད་པའི་བདུད་རྩི་ལྕེ་ལ་བཞག༔ ཧཱུྃ་ཧྲཱིཿ རང་བྱུང་བྷནྡྷ་དུམ་བུ་གཅིག་པའི་ནང༔ ཟག་མེད་ཡེ་ཤེས་དཀར་དམར་བདུད་རྩིས་གཏམས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བཟླས་པ་སྔགས་ཀྱིས་ངག་སྒྲིབ་གནས་དག་ནས༔ བླ་མ་ལོངས་སྐུའི་གོ་འཕང་མྱུར་ཐོབ་ཤོག༔ ཨོཾ་མ་རི་ཙྱཻ་བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེས་རབ་དབང་གི་རྗེས་གནང་བྱ་བ་ནི༔ མུ་ཏྲའི་གཟུགས་ཀྱི་གསང་བའི་གནས་བསྟན་ཏེ༔ ཧཱུྃ་ཧྲཱིཿ དུག་ལྔ་ཡེ་ནས་ངོ་བོས་སྟོང་པ་ལ༔ གཙང་སྨེའི་བློ་དང་ཐོ་ཅོར་སྤྱད་པ་ན༔ ངན་སོང་གནས་ནས་སྡུག་བསྔལ་མྱོང་འགྱུར་བས༔ རྣམ་ཐར་གསུམ་ལྡན་ང་ཡི་པདྨོར་ལྟོས༔ དགའ་བཞི་བདེ་བའི་ཡེ་ཤེས་ངོས་ཟུང་ལ༔ ཚེ་འདིར་སངས་རྒྱས་གསང་སྔགས་ཉེ་ལམ་སྒྲུབས༔ ཨོཾ་བཛྲ་མུ་ཏྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ འདི་ནི་ཤིན་ཏུ་གསང་བའི་དབང་ཡིན་ཏེ༔ དམ་ཚིག་ཤེས་རབ་མ་ལ་མི་སྨོད་ཅིང༔ བླ་མར་བསྙེན་བཀུར་མར་ངོའི་ཚེས་བཅུ་ལ༔ ཚོགས་ཀྱི་མཆོད་པ་དམ་རྫས་མི་སྤངས་ཤིང༔ རང་སེམས་བདེ་སྟོང་ཡེ་ཤེས་ལམ་ཁྱེར་བྱ༔ ཚིག་དབང་ཞུ་ཕྱིར་མཎྚལ་ཕུལ་རྗེས་སུ༔ གསོལ་བ་འདེབས་པ་འདི་བཞིན་བརྗོད་པར་བྱ༔ ཀྱཻ་ཧོ༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཧེ་རུ་ཀ༔ བརྡ་རྟགས་ཙམ་གྱིས་རང་རིག་མངོན་སུམ་དུ༔ སྟོན་བྱེད་ཚིག་གི་དབང་མཆོག་བསྐུར་ནས་ཀྱང༔ ཆོས་སྐུའི་རྒྱལ་སར་དབུགས་དབྱུང་མཛད་དུ་གསོལ༔ དེ་རྗེས་བླ་མས་མན་ཤེལ་ཟུར་དྲུག་དང་༔ མེ་ལོང་བསྟན་ལ་ཚིག་འདིས་ངོ་སྤྲོད་བྱ༔ ཀྱཻ་ཧོ༔ འཁོར་ཚོགས་འདུས་པའི་སྐལ་ལྡན་རྣམས༔ རང་བྱུང་སྤྲོས་བྲལ་སེམས་ཀྱི་གཤིས༔ གང་དུ་མ་གྲུབ་ངོ་བོ་སྟོང་༔ རང་བཞིན་གསལ་བ་དྭངས་ཤེལ་ལྟར༔ ཡེ་ཤེས་ལྔ་ཡི་འཇའ་ཚོན་འཁྱུད༔ བརྡ་དོན་རང་ངོ་འཕྲོད་པའི་ཚེ༔ རང་བྱུང་ངང་དུ་མཉམ་པར་ཞོག༔ ཛྙཱ་ན་དྷརྨ་དྷརྟུ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ནི་དབང་བཞི་ཡོངས་རྫོགས་ཐོབ༔ བཟླས་པ་སྔགས་ཀྱི་རྗེས་གནང་ནི༔ སྔགས་ཕྲེང་ཐོགས་ཏེ༔ སློབ་མ་ལྷ་མོ་འོད་ཟེར་ཅན་དུ་གསལ་བའི་ཐུགས་ཀར་མཱུཾ་ལ་སྔགས་ཕྲེང་གསེར་གྱི་བ་ཐག་ལྟ་བུས་བསྐོར་བ་ལ༔ བླ་མ་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་དུ་གསལ་བའི་ཐུགས་ཀར་ཧཱུྃ་ལས་འོད་ཟེར་མཐིང་ནག་འཕྲོས་པས་བསྐུལ་ཏེ་སྔགས་ཕྲེང་གཡོན་དུ་ཀྱི་ལི་ལི་འཁོར་བའི་འོད་ཀྱིས་ལོག་འདྲེན་གྱི་བར་ཆད་ལས་རྣམ་པར་རྒྱལ་བར་གྱུར༔ ཨོཾ་མ་རི་ཙྱཻ་མཱུཾ་སྭཱ་ཧཱ༔ རྩ་སྔགས་དང་ནི་ལས་སྦྱོར་སྔགས་རྣམས་ཀྱི༔ རྗེས་ཟློས་བྱས་རྗེས་བླ་མས་སྔགས་ཕྲེང་ནི༔ སྤྱི་བོར་བཀོད་དེ་དབྱངས་གསལ་སྔགས་དང་བཅས༔ བཅོམ་ལྡན་དཔལ་ཆེན་ཡ་མནྟ་ཀའི་ཡུམ༔ འཕགས་མ་འོད་ཟེར་ཅན་མའི་ལྷ་ཚོགས་ཀྱི༔ སྔགས་ཀྱི་དངོས་གྲུབ་ཚེ་འདིར་ཐོབ་པ་དང༔ བར་ཆད་དགྲ་ལས་རྣམ་པར་རྒྱལ་བར་ཤོག༔ ཅེས་བརྗོད་དེ་རྗེས་གཏོར་མ་སྤྱི་བོར་བཞག༔ བརྒྱུད་པའི་གསོལ་འདེབས་བཀའ་གཏད་འདི་བཞིན་བྱ༔ ཨོཾ་ཨཱ༔ཧཱུྃ༔ བརྗོད་བྲལ་ཆོས་སྐུ་ཡུམ་ཆེན་ཀུན་ཏུ་བཟང་༔ ངེས་པ་ལྔ་ལྡན་ཡུམ་མཆོག་རིགས་ལྔའི་གཙོ༔ ཐུགས་རྗེའི་སྤྲུལ་པ་ལྷ་མོ་འོད་ཟེར་ཅན༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ༔ རྡུལ་བྲལ་སྟོན་པ་མཚོན་ཆའི་རྒྱལ་པོའི་སྡེ༔ བཅོམ་ལྡན་མཉམ་མེད་ཤཱཀྱ་སེང་གེ་དང༔ རྒྱལ་ཀུན་སྤྱི་གཟུགས་པདྨ་ཐོད་ཕྲེང་རྩལ༔ ཆོས་རྒྱལ་རྗེ་འབངས་ཡོངས་ལ་གསོལ་བ་འདེབས༔ སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ༔ ཅེས་སོགས་བརྒྱུད་པའི་གསོལ་འདེབས་ཡང་ཡང་བྱ༔ གཞན་ཡང་བཀའ་གཏད་སྨོན་ལམ་མཐའ་རྒྱས་བྱ༔ དེ་རྗེས་རྡོ་རྗེ་སློབ་དཔོན་འོས་པ་ཡི༔ སློབ་མ་ལ་ནི་རྡོ་རྗེ་དྲིལ་བུ་དང༔ གླེགས་བམ་གཏད་ཅིང་ཚིག་འདིས་མངའ་ཡང་གསོལ༔ ཨེ་མ་ཧོ༔ ཀ་དག་འཕོ་མེད་རིག་པའི་རྡོ་རྗེ་དང༔ རིག་རྩལ་ཆོས་ཀྱི་སྒྲ་སྙན་དྲིལ་བུ་ཟུང༔ ཐབས་ཤེས་དབྱེར་མེད་བརྡ་དོན་རྟགས་ཀྱི་དབང༔ སྒྲུབ་ཐབས་ཡང་གསང་ཟབ་གཏེར་ཌཱཀྐིའི་ཆོས༔ རྟག་ཏུ་རང་གིས་ཉམས་སུ་ལེན་པ་དང༔ གཞན་ལ་བཤད་ཅིང་སྒོམ་སྒྲུབ་འགྲོ་དོན་གྱིས༔ ཅེས་པས་གཏད་ཅིང་གཞན་ཡང་མཐའ་རྟེན་དབང༔ རྒྱལ་སྲིད་རིན་ཆེན་བདུན་པོ་གཏད་བཞིན་དུ༔ ཧཱུྃ་ཧྲཱིཿ ཆོས་ཀྱི་འཁོར་ལོས་སྲིད་པའི་བག་ཆགས་སྦྱངས༔ ཡང་དག་དགེ་བཅུའི་སྔོན་འགྲོ་མཁའ་ལ་འཕར༔ དད་པ་འཁོར་ལོ་རིན་ཆེན་དབང་བསྐུར་བས༔ མི་ཁོམ་བདུད་བཞིའི་དགྲ་ལས་རྒྱལ་བར་ཤོག༔ ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ འཕགས་པའི་ཡོན་ཏན་འདོད་རྒུ་དཔལ་སྟེར་ཅིང༔ ཐར་དང་མངོན་མཐོའི་བདེ་དགའ་ལ་སྦྱོར་བའི༔ བག་ཡོད་བཙུན་མོ་རིན་ཆེན་དབང་བསྐུར་བས༔ རྟག་ཏུ་ཐེག་ཆེན་ཆོས་ལ་སྤྱོད་པར་ཤོག༔ ཨོཾ་ས་ཏྲི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ བསོད་ནམས་རྒྱ་མཚོ་ལས་བསྐྲུན་ཕན་བདེའི་གཏེར༔ འགྲོ་རྣམས་ཕོངས་པའི་སྡུག་བསྔལ་ལས་སྒྲོལ་བའི༔ ལྷག་བསམ་ནོར་བུ་རིན་ཆེན་དབང་བསྐུར་བས༔ སྨོན་འཇུག་བྱང་ཆུབ་སེམས་དང་མི་འབྲལ་ཤོག༔ ཨོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཤིན་ཏུ་བགྲོད་དཀའི་ལམ་ཡང་མྱུར་དུ་ཕྱིན༔ རྫུ་འཕྲུལ་ཤུགས་ལྡན་འགྲོ་རྣམས་འགྲོ་རྣམས་སྨོན་པའི་གནས༔ བརྩོན་འགྲུས་རྟ་མཆོག་རིན་ཆེན་དབང་བསྐུར་བས༔ ཕྱི་བཤོལ་ལེ་ལོའི་བདུད་ལས་རྒྱལ་བར་ཤོག༔ ཨོཾ་དུ་རཾ་ག་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ གནོད་བྱེད་གང་གིས་མི་ཚུགས་ཕ་རོལ་འཇོམས༔ ཐམས་ཅད་དབང་བྱེད་དཔའ་བའི་གོ་ཆ་ཅན༔ བཟོད་པ་དམག་དཔོན་རིན་ཆེན་དབང་བསྐུར་བས༔ ངན་འགྲོ་ལོག་པའི་དཔུང་རྣམས་ཚར་གཅོད་ཤོག༔ ཨོཾ་ཁརྒ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ བཟོད་དཀའ་ཉོན་མོངས་མཐའ་དག་ལས་རྒྱལ་ཞིང༔ ཤིན་ཏུ་དེས་པས་གཞན་དག་དགའ་བར་བྱེད༔ བློ་གྲོས་ཁྱིམ་བདག་རིན་ཆེན་དབང་བསྐུར་བས༔ འཇིག་རྟེན་ཀུན་གྱི་དབང་ཕྱུག་ཐོབ་པར་ཤོག༔ ཨོཾ་མ་ཏི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཆོས་ཀུན་རྟོགས་ཤིང་ཡངས་པའི་དོན་ལ་གནས༔ ཁྱུ་མཆོག་རླབས་ཆེན་ཚོགས་ཀུན་མཛེས་པའི་རྒྱན༔ བསམ་གཏན་གླང་པོ་རིན་ཆེན་དབང་བསྐུར་བས༔ ཀུན་རྫོབ་དོན་དམ་དབྱིངས་གཅིག་རྟོགས་པར་ཤོག༔ ཨོཾ་ཧསྟི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བསྐུར་བཀྲ་ཤིས་ཅི་མང་བརྗོད་མཐའ་རྒྱས་བྱ༔ དམ་ཚིག་ཁས་བླངས་མཎྚལ་འབུལ་བ་དང༔ རང་ལུས་ལོངས་སྤྱོད་དགའ་སྟོན་ཡང་དག་བྱ༔ ས་མ་ཡཱ༔ དབང་ཆོག་བར་ཆད་ཀུན་སེལ་འདིས༔ གནས་སྐབས་རྐྱེན་ངན་ཀུན་ལས་གྲོལ༔ མཐར་ཐུག་སྐུ་བཞིའི་དཔལ་ལ་སྤྱོད༔ བདག་ཉིད་པདྨ་སཾ་བྷ་ཝས༔ རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་ལ༔ དབང་བརྒྱུད་གདམས་པ་ཡོངས་རྫོགས་ཞུས༔ ཐུགས་ཀྱི་གཟུངས་མ་མཚོ་རྒྱལ་དང༔ མངའ་བདག་རྒྱལ་པོ་ཡབ་ཡུམ་སྲས༔ མཁར་ཆེན་སྲས་པོ་ལ་སོགས་པའི༔ སྐལ་ལྡན་འགའ་ལ་གཏད་རྒྱ་བྱས༔ ཕལ་ཆེར་ས་འོག་གཏེར་དུ་སྦས༔ འགའ་ཞིག་དགོངས་གཏེར་སྨོན་ལམ་བྱས༔ དུས་བབས་སྒྲགས་མདའི་རྒྱལ་པོ་ཡི༔ སྐྱེ་རྒྱུད་རིག་པ་འཛིན་ལ་གཏོད༔ བརྡ་འགྲོལ་ལང་གྲོའི་རྣམ་རོལ་དེས༔ ཚུལ་བཞིན་ཡི་གེར་ཕབ་ནས་ཀྱང༔ བསྟན་འགྲོའི་དོན་ཆེན་སྤྱོད་པར་ཤོག༔ ཅེས་འཕགས་མ་འོད་ཟེར་ཅན་མའི་དབང་ཆོག་བར་ཆད་གཡུལ་ལས་རྣམ་པར་རྒྱལ་བ་འདི་ཉིད་སྐྱབས་རྗེ་འཁོར་ལོའི་མགོན་པོ་ཨོ་རྒྱན་ཆེན་པོ་དང་དབྱེར་མེད་པ་དུས་མཐའི་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་བའི་བཀའ་གསུང་གསེར་གྱི་ཅོད་པཎ་གྱིས་དབུགས་དབྱུང་ཐོབ་ཅིང་དམ་པ་དེ་ཉིད་ཀྱི་བཀའ་དྲིན་ཁོ་ནས་ཟབ་མོའི་གཏེར་ལ་ལོངས་སྤྱོད་པར་འདོད་པའི་རྒྱ་སྤྲུལ་མིང་ལུང་རིག་གླིང་བས་སུག་བྲིས་སུ་བགྱིས་ཏེ་ཕུལ་བས་དུས་གསུམ་ཀུན་ཏུ་བར་ཆད་བདུད་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག དགེའོ། །དགེའོ། །དགེའོ། །


previousདབང་ཆོག་བར་ཆད་གཡུལ་ལས་རྣམ་རྒྱལ། next