Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
རྒྱུན་ཁྱེར་རཱ་གའི་ལྕགས་ཀྱུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱུན་ཁྱེར་རཱ་གའི་ལྕགས་ཀྱུ།next

རྒྱུན་ཁྱེར་རཱ་གའི་ལྕགས་ཀྱུ།

རིག་བྱེད་ལྷ་མོའི་ཐུགས་སྒྲུབ་ལས༔ རྒྱུན་ཁྱེར་རཱ་གའི་ལྕགས་ཀྱུ་བཞུགས༔

རྒྱལ་ཀུན་འདུས་པའི་ལྷ་ལ་འདུད༔ འཕགས་མ་རིག་བྱེད་ལྷ་མོ་ཡི༔ རྒྱུན་ཁྱེར་པདྨ་དམར་པོའི་ཕྲེང་༔ ནོར་བུའི་ལྕགས་ཀྱུ་འདི་རུ་བསྟན༔ ས་མ་ཡཱ༔ རྣལ་འབྱོར་སྒོ་གསུམ་བག་ཕབ་སྟེ༔ བདེ་བའི་སྟན་ལ་ལེགས་བསྡད་ནས༔ ཐོག་མར་སྐྱབས་སེམས་ཚོགས་བསགས་ནི༔ མཆོག་གསུམ་ངོ་བོ་རྒྱལ་བའི་ཡུམ༔ འཕགས་མ་རིག་བྱེད་ལྷ་མོ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གཞན་དོན་སྨོན་འཇུག་སེམས་བསྐྱེད་དོ༔ ང་རྒྱལ་སྤངས་ཏེ་གུས་ཕྱག་འཚལ༔ སེར་སྣའི་གཉེན་པོར་མཆོད་ཚོགས་འབུལ༔ ཤེས་བྱའི་སྒྲིབ་སྦྱངས་སྡིག་ཀུན་བཤགས༔ ཕྲག་དོག་སྤངས་ལ་རྗེས་ཡི་རང༔ གཏི་མུག་མུན་སེལ་ཆོས་འཁོར་བསྐུལ༔ ལོག་པར་མི་ལྟ་བཞུགས་པར་གསོལ༔ འདོད་ཞེན་སྤངས་ཏེ་དགེ་རྩ་ཀུན༔ གཞན་དོན་རྫོགས་བྱང་ཐོབ་ཕྱིར་བསྔོ༔ དངོས་གཞི་སྐད་ཅིག་དྲན་རྫོགས་སུ༔ ཧྲཱིཿ ཆོས་ཀུན་མི་དམིགས་སྟོང་པའི་ངང་༔ སྐད་ཅིག་རང་སེམས་རྒྱལ་བའི་ཡུམ༔ ཀུ་རུ་ཀུལླེ་སྐུ་མདོག་དམར༔ ཞལ་གཅིག་ཕྱག་བཞི་ཁྲོ་ཆགས་བཞད༔ བྱི་རུའི་ལྷུན་པོར་ཉི་ཤར་བཞིན༔ ལྷམ་མེར་གཟི་བརྗིད་འོད་དུ་འབར༔ དང་པོའི་ཕྱག་གཉིས་མེ་ཏོག་གི༔ མདའ་གཞུ་སྐྱེ་འགྲོའི་སྙིང་ལ་གཟིར༔ འོག་གཉིས་ལྕགས་ཀྱུས་དམིགས་བྱ་འགུགས༔ ཞགས་པས་འཆིང་ཞིང་ཐར་ལམ་འགོད༔ ཞབས་གཉིས་པད་ཉི་དབང་ཕྱུག་གི༔ སོག་ཕྲག་ཨུ་མའི་སྙིང་གར་བརྫིས༔ དབུ་ལ་པདྨའི་རྒྱན་ལྡན་པའི༔ པྲོག་ཟེ་རུས་རྒྱན་རྣམ་ལྔ་དང་༔ དར་གོས་ཨུཏྤལ་དམར་པོའི་ཕྲེང་༔ ཞི་ཁྲོ་འཆོལ་བའི་རྒྱན་ཆས་སྒེག༔ སྤྱི་བོར་རིགས་བདག་སྣང་མཐའ་ཡས༔ གནས་གསུམ་འཁོར་ལོ་པདྨ་དང་༔ རྡོ་རྗེ་རྩེ་ལྔའི་ལྟེ་བ་རུ༔ འབྲུ་གསུམ་འོད་ཟེར་དཔག་མེད་འཕྲོས༔ བདེ་ཆེན་ཞིང་དང་རྔ་ཡབ་གླིང་༔ གསུང་གི་གནས་ཡུལ་དུར་ཁྲོད་ནས༔ རིག་བྱེད་ལྷ་མོའི་རྣམ་པ་རུ༔ སངས་རྒྱས་བྱང་སེམས་ཆར་ལྟར་བབས༔ རང་ཉིད་བསྐྱེད་པའི་ལྷ་ལ་ཐིམ༔ དབང་ལྷ་རིགས་ལྔས་དབང་བསྐུར་བས༔ འདོད་ཆགས་ལ་སོགས་སྒྲིབ་ཀུན་དག༔ གསུང་གི་བདེ་གཤེགས་དབུ་རྒྱན་གྱུར༔ ཧྲཱིཿ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་སོགས༔ སྐུ་གསུམ་རྒྱལ་བའི་ཞིང་རྣམས་ནས༔ རིག་བྱེད་ལྷ་མོ་སྤྱན་འདྲེན་གཤེགས༔ རང་དང་དབྱེར་མེད་བརྟན་པར་བཞུགས༔ རང་ལས་སྤྲུལ་པའི་ལྷ་མོ་ཡིས༔ མེ་ཏོག་དྲི་ཞིམ་སྣང་གསལ་སྒྲོན༔ དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ༔ དབང་པོ་དྲུག་ལ་གུས་པས་མཆོད༔ སོ་སོར་ཐིམ་པས་དགྱེས་པ་བསྐྱེད༔ འགྱུར་མེད་སྟོང་གསལ་སྒྱུ་མའི་སྐུར༔ འགགས་མེད་ཚངས་དབྱངས་ཞི་བའི་གསུང་༔ འཁྲུལ་མེད་ཡེ་ཤེས་རྣམ་ལྔའི་ཐུགས༔ རིག་བྱེད་ལྷ་མོར་ཕྱག་འཚལ་བསྟོད༔ རང་ཉིད་རིག་བྱེད་ལྷ་མོ་ཡི༔ ཐུགས་དབུས་ཨུཏྤལ་ལྟེ་བ་རུ༔ ཧྲཱིཿདམར་ནོར་བུའི་འོད་ལྟར་འཚེར༔ སྔགས་ཕྲེང་གཡོན་བསྐོར་འོད་ཟེར་འཕྲོས༔ རྒྱལ་ཀུན་བྱིན་རླབས་ནུས་མཐུ་བསྡུས༔ འགྲོ་བའི་ལས་ཉོན་སྒྲིབ་པ་སྦྱངས༔ དབང་བསྡུས་ཐར་ལམ་མཆོག་བཀོད་ནས༔ སྣང་སྲིད་དག་པ་རབ་འབྱམས་ངང་༔ ཡེངས་མེད་སྔགས་ཀྱི་རྒྱལ་པོ་བཟླ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱི་སྭཱ་ཧཱ༔ རྩ་བའི་སྔགས་གྲངས་འབྲུ་འབུམ་མོ༔ ས་མ་ཡཱ༔ ལས་སྦྱོར་དབང་སྡུད་བཞི་ཡིན་ཏེ༔ དང་པོ་དགེ་འདུན་དབང་སྡུད་ནི༔ རང་ཉིད་རིག་བྱེད་ལྷ་མོ་ཡི༔ ཐུགས་ལས་དབང་གི་ལྷ་ཡི་མཆོག༔ འཇམ་དབྱངས་དམར་པོ་རལ་པོད་འཛིན༔ འཆད་རྩོད་རྩོམ་པའི་ཆོས་སྒྲ་སྒྲོག༔ དགེ་འདུན་ཐམས་ཅད་དབང་བསྡུས་ནས༔ བདག་གིས་ཅི་བཅོལ་དགེ་བའི་ལས༔ ཐམས་ཅད་སྒྲུབ་པའི་གྲོགས་བྱེད་བསམ༔ རྩ་སྔགས་ཤམ་བུར་འདི་ཉིད་བཟླ༔ སངྒ་སརྦ་པ་ཤཾ་ཀུ་རུ་སིདྡྷི་ཧོ༔ དེ་ཡང་ཅི་མང་བཟླས་པར་བྱ༔ དེས་ནི་དགེ་འདུན་ཀུན་དབང་འདུ༔ ས་མ་ཡཱ༔ གཉིས་པ་སྐྱེས་པ་དབང་སྡུད་ནི༔ རང་ཉིད་ཀུ་རུ་ཀུལླེ་ཡི༔ ཐུགས་ལས་སྤྲུལ་པའི་ལྷ་མོ་ནི༔ ཨུ་མ་དྷེ་ཝི་སྐུ་མདོག་དམར༔ ཆགས་པའི་ལང་ཚོའི་བྷ་ག་རྒྱས༔ ལྕགས་ཀྱུ་ཞགས་པས་སྒོ་གསུམ་འཆིང་༔ དབང་བསྡུས་གནས་སྐབས་བྲན་དུ་བཀོལ༔ མཐར་ཐུག་ཐར་ལམ་མཆོག་འགོད་བསམ༔ རྩ་སྔགས་ཤམ་བུར་སྔགས་འདི་བཟླ༔ མ་ཧཱ་རཱ་ག་ན་ར་པ་ཤཾ་ཀུ་རུ་ཧོ༔ དེ་ཡང་ཅི་མང་བཟླས་པར་བྱ༔ དེས་ནི་སྐྱེས་པ་ཀུན་དབང་འདུས༔ གསུམ་པ་བུད་མེད་དབང་སྡུད་ནི༔ རང་ཉིད་རིག་བྱེད་ལྷ་མོ་ཡི༔ ཐུགས་ལས་སྤྲུལ་པའི་དབང་གི་ལྷ༔ མ་ཧཱ་དེ་ཝ་དམར་གསལ་བཞད༔ ལྕགས་ཀྱུ་རླུང་གི་ཞགས་པ་བསྣམས༔ ལིང་ག་དམར་པོ་གྱེན་དུ་བསྒྲེངས༔ འཇིག་རྟེན་བུད་མེད་བཙུན་མོ་དང་༔ དཔལ་ཆེན་མོ་དང་མཛེས་མ་ཀུན༔ ཆགས་པས་བདག་གི་དབང་དུ་འདུས༔ བྲན་བཀོལ་ཅི་བསྒོའི་ལས་སྒྲུབ་ཅིང་༔ མཐར་ཐུག་འཕགས་མའི་གསང་གསུམ་དང༔ དབྱེར་མེད་ཐར་ལམ་མཆོག་འགོད་བསམ༔ རྩ་སྔགས་ཤམ་བུར་སྔགས་འདི་བཟླས༔ མ་ཧཱ་རཱ་ག་ན་རཱི་སརྦ་པ་ཤཾ་ཀུ་རུ་སིདྡྷི་ཧོ༔ དེ་ཡང་ཅི་མང་བཟླས་པར་བྱ༔ དེས་ནི་བུད་མེད་ཀུན་དབང་འདུས༔ བཞི་བ་ནོར་རྫས་དབང་སྡུད་ནི༔ རང་ཉིད་རིག་བྱེད་དབང་མོ་ཡི༔ ཐུགས་ལས་འདོད་པའི་ལྷ་མོ་དམར༔ གཡས་པས་ལྕགས་ཀྱུས་གང་འདོད་ནོར༔ ཁབ་ལེན་རྡོ་ཡིས་ལྕགས་བཞིན་སྡུད༔ གཡོན་པས་ཞགས་པས་རང་ཁྱིམ་དྲངས༔ གསེར་དངུལ་ལ་སོགས་རིན་ཆེན་རིགས༔ འབྲུ་སྨན་རྐང་འགྲོས་དར་གོས་ཟས༔ ཡོ་བྱད་སྣ་ཚོགས་བྱུར་བུར་སྤུངས༔ གནས་སྐབས་དབུལ་ཕོངས་བཀྲེས་སྐོམ་སེལ༔ མཆོད་སྦྱིན་དགེ་བའི་ཚོགས་འཕེལ་ཞིང་༔ དོན་གཉིས་འགྲུབ་པའི་རྒྱུར་གྱུར་བསམ༔ རྩ་སྔགས་ཤམ་བུར་འདི་ཉིད་བསྙེན༔ བ་སུ་རཏྣ་མ་ཎི་པ་ཤཾ་ཀུ་རུ་སིདྡྷི་ཧོ༔ དེ་ཡང་ཅི་མང་བཟླས་པར་བྱ༔ དེས་ནི་ནོར་རྫས་གང་དམིགས་འདུ༔ ཀུན་ལ་དམིགས་པའི་འཕྲོ་འདུ་དང་༔ གཞན་ཕན་སེམས་བསྐྱེད་ཀྱིས་ཟིན་གཅེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྗེས་ལ་མཆོད་བསྟོད་ནོངས་པ་བཤགས༔ བསྔོ་སྨོན་ཤིས་བརྗོད་རིམ་པ་ནི༔ ཧྲཱིཿ ཡུལ་དྲུག་འདོད་ཡོན་ལྷ་མོ་ལྔས༔ མཆོད་རྫས་དཔག་མེད་རབ་ཐོགས་ནས༔ རིག་བྱེད་དབང་པོ་དྲུག་ལ་འབུལ༔ དགྱེས་ནས་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་པུཥྤེ་དྷུཔྤེ་སོགས་ནས་ཤཔྟ་སརྦ་པཱུ་ཙ་ཧོ༔ ཆགས་མེད་སྟོང་ཉིད་དབྱིངས་ཀྱི་ཡུམ༔ ཆགས་པའི་དབང་གིས་འགྲོ་དོན་དུ༔ འདོད་པའི་ལྷ་མོའི་སྐུར་སྟོན་པ༔ འཕགས་མའི་གསང་གསུམ་བསྟོད་པར་བགྱི༔ འདིས་མཚོན་དགེ་བ་འགྲོ་ལ་བསྔོ༔ ཀུན་ཀྱང་དབང་གི་ཕྲིན་ལས་ཀྱིས༔ ལོག་རྟོག་འཁྲུལ་བ་དབྱིངས་གྲོལ་ནས༔ ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག༔ གཞན་ཕན་བྱང་སེམས་མཆོག་ལྡན་པས༔ གང་བརྩམས་གེགས་མེད་ཕྲིན་ལས་འགྲུབ༔ ས་ལམ་མཐར་ཕྱིན་དོན་གཉིས་འགྲུབ༔ དུས་གསུམ་དགེ་བའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ རིག་བྱེད་རྒྱུན་ཁྱེར་ཟབ་མོ་འདི༔ ལས་སྐལ་ལྡན་པའི་གང་ཟག་གིས༔ བསྐུལ་ངོར་དག་སྣང་ཆོས་མཛོད་ནས༔ སྤེལ་བའི་བཀའ་ཡི་གནང་བ་ནི༔ ཏཱ་རེ་ཡུམ་གྱིས་བརྡས་གནང་ལྟར༔ སྐལ་ལྡན་ལུང་རིག་གླིང་པས་བྲིས༔ ལོག་རྟོག་ཅན་ལ་གུ་ཧྱ་རྒྱ༔ གྲུབ་པའི་རྟགས་མཚན་མ་བྱུང་བར༔ འཆལ་བར་གྱུར་ན་དབང་གིས་ལྷས༔ བཀའ་ཆད་འབྱུང་བར་གདོན་མི་ཟ༔ དེ་ཕྱིར་སྙིང་གི་དཀྱིལ་དུ་སྦོས༔ ཟབ་གཏེར་སྲུང་མས་བྱ་ར་གྱིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔


previousརྒྱུན་ཁྱེར་རཱ་གའི་ལྕགས་ཀྱུ།next