Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཡང་འགུགས་དབུལ་བ་ཀུན་སེལ་ཞབས་དཀར་བས་མཛད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཡང་འགུགས་དབུལ་བ་ཀུན་སེལ་ཞབས་དཀར་བས་མཛད་པ། next

གཡང་འགུགས་དབུལ་བ་ཀུན་སེལ་ཞབས་དཀར་བས་མཛད་པ།

༄༅།། གཡང་འགུགས་དབུལ་བ་ཀུན་སེལ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ། གཡང་འགུགས་བྱེད་པར་འདོད་པས། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ཡི་དམ་མངོན་རྟོགས་སྒོམ་པ་རྣམས་སྔོན་དུ་བཏང་། དེ་ནས་དངོས་གཞི་ལ་གཡང་རྟེན་མཆོད་པ་རྒྱས་པར་བཤམས། མདའ་དར་ཕྱོགས་ཀུན་ཏུ་གཡོ་བཞིན་དུ་འདི་སྐད་དོ།། ཀྱཻ། ནོར་བདག་ཛཾ་ལྷ་འཁོར་བཅས་ཀྱིས། །གནས་འདིར་ཕྱྭ་གཡང་འགུགས་པའི་ཕྱིར། །འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། །ཁབ་ལེན་རྡོ་ཡིས་ལྕགས་བླངས་ལྟར། །སྟེང་ཕྱོགས་ལྷ་ཡི་གོས་གཡང་ཁུག །འོག་ཕྱོགས་ཀླུ་ཡི་ནོར་གཡང་ཁུག །བར་གྱི་མི་ཡི་བུ་གཡང་ཁུག །འཇིག་རྟེན་ཁམས་ཀྱི་ཟས་གཡང་ཁུག །ལུས་འཕགས་ཡུལ་གྱི་ལུས་གཡང་ཁུག །འཛམ་བུའི་གླིང་གི་ཆོས་གཡང་ཁུག །བ་གླང་སྤྱོད་ཀྱི་ནོར་གཡང་ཁུག །སྒྲ་མི་སྙན་གྱི་ཚེ་གཡང་ཁུག །རྒྱ་གར་རྒྱལ་པོའི་འབྲས་གཡང་ཁུག །རྒྱ་ནག་རྒྱལ་པོའི་ཇ་གཡང་ཁུག །རོང་པ་རྣམས་ཀྱི་ནས་གཡང་ཁུག །འབྲོག་པ་རྣམས་ཀྱི་མར་གཡང་ཁུག །རྒྱལ་སྲིད་སྣ་བདུན་གཡང་ཁུག་ཅིག །བཀྲ་ཤིས་རྟགས་བརྒྱད་གཡང་ཁུག་ཅིག །རིན་ཆེན་སྣ་བདུན་གཡང་ཁུག་ཅིག །བཀྲ་ཤིས་རྫས་བརྒྱད་གཡང་ཁུག་ཅིག །གཡང་རྣམས་གཅིག་ཀྱང་མ་ལུས་པ། །སྟེང་འོག་ཕྱོགས་མཚམས་ཀུན་ནས་འོང་། །གཡང་རྟེན་འདི་དག་ཐམས་ཅད་ལ། །ཐིམ་ནས་གཉིས་སུ་མེད་པར་གྱུར། །གཡང་ཀུན་འཕེལ་ནས་ནང་རྣམས་གང་། །གཡས་གཡོན་ཁྱིམ་མཚེས་ནང་དུ་སོང་། །ས་ཆ་ཡུལ་ཕྱོགས་ཐམས་ཅད་ལ། །བཀྲ་ཤིས་གཡང་ཀུན་འཁྱིལ་བར་ཤོག །བསྭོ་བསྭོ་ཆའོ་ལྷ་རྒྱལ་ལོ།། ཡང་རྒྱས་པར་སྤྲོ་ན་མདའ་དར་གཡབ་བཞིན། ཨོཾ་ཕན་བདེའི་འབྱུང་གནས་ཆོས་ཀྱི་གཡང་། །རྒྱལ་བ་ཡབ་སྲས་བཤད་པའི་གཡང་། །མི་ལ་རས་པའི་སྒོམ་པའི་གཡང་། །དེ་རིང་གནས་འདིར་གཡང་དུ་ལེན། །ཚེ་དཔག་མེད་མགོན་ཚེ་ཡི་གཡང་། །རྣམ་ཐོས་སྲས་ཀྱི་མཛོད་ཀྱི་གཡང་། །རྗེ་བཙུན་སྒྲོལ་མའི་བུ་ཡི་གཡང་། །དེ་རིང་གནས་འདིར་གཡང་དུ་ལེན། །ཚེ་རིང་རྣམ་དྲུག་ཚེ་ཡི་གཡང་། །མཐུན་པ་སྤུན་བཞིའི་མཐུན་པའི་གཡང་། །རྒྱ་ནག་ཧྭ་ཤང་བུ་ཡི་གཡང་། །དེ་རིང་གནས་འདིར་གཡང་དུ་ལེན། །གེ་སར་རྒྱལ་པོའི་རྟ་ཡི་གཡང་། །འདོད་འཇོ་བ་ཡི་འོ་མའི་གཡང་། །གཡང་མོ་ལུག་གི་བལ་དཀར་གཡང་། །དེ་རིང་གནས་འདིར་གཡང་དུ་ལེན། །ཁམས་གསུམ་ཀུན་གྱི་ཟས་ནོར་ཀུན། །རང་དབང་མེད་པར་འདུ་བར་ཤོག །སྲིད་ཞིའི་བདེ་སྐྱིད་མ་ལུས་པ། །རང་བཞིན་ཤུགས་ཀྱིས་འབྱུང་བར་ཤོག །ཡིད་བཞིན་ནོར་དང་དཔག་བསམ་ཤིང་། །གཏེར་ཆེན་བུམ་བཟང་ཇི་བཞིན་དུ། །གཡང་རྟེན་འདི་ལས་དགོས་འདོད་ཀུན། །འབད་རྩོལ་མེད་པར་འབྱུང་བར་ཤོག །ཁ་གཡང་བཀྲ་ཤིས་བརྗོད་པ་བཞིན།།མི་གཡང་རབ་ཏུ་འཕེལ་དུ་གསོལ།།ནོར་གཡང་རབ་ཏུ་འཕེལ་དུ་གསོལ།།ཟས་གཡང་རབ་ཏུ་འཕེལ་དུ་གསོལ། །མཇུག་ཏུ། ཡུལ་ཕྱོགས་ཐམས་ཅད་ལ་བཀྲ་ཤིས་པར་གྱུར་ཅིག །ས་གཞི་ཐམས་ཅད་ལ་བྱིན་ཆགས་པར་གྱུར་ཅིག །ཕྱི་ནང་ཐམས་ཅད་ལ་གཡང་འཁྱིལ་བར་གྱུར་ཅིག །ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ། གཞན་ཡང་སྨོན་ལམ་བཀྲ་ཤིས་ཤེས་ཚད་བརྗོད་པར་བྱའོ།། ཞེས་གཡང་འགུགས་དབུལ་བ་ཀུན་སེལ་ཞེས་བྱ་བ་འདི་ནི་ཁྱུང་དགོན་སྤྲུལ་སྐུ། ཉང་གི་མཚམས་པ། ལྷ་ཁང་དབུ་མཛད་སོགས་རེབ་ཀོང་སྔགས་མང་གིས་བསྐུལ་ངོར་བླ་མ་ཞབས་དཀར་བས་བཀྲ་ཤིས་འཁྱིལ་བ་ནས་སྦྱར་བའོ།། འདིས་ཀྱང་སེམས་ཅན་དབུལ་བའི་སྡུག་བསྔལ་སེལ་བར་གྱུར་ཅིག །སརྦ་མངྒ་ལཾ།།


previousགཡང་འགུགས་དབུལ་བ་ཀུན་སེལ་ཞབས་དཀར་བས་མཛད་པ། next