Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནོར་རྒྱུན་མའི་རྗེས་གནང་ནོར་བུའི་ལྕགས་ཀྱུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནོར་རྒྱུན་མའི་རྗེས་གནང་ནོར་བུའི་ལྕགས་ཀྱུ།next

ནོར་རྒྱུན་མའི་རྗེས་གནང་ནོར་བུའི་ལྕགས་ཀྱུ།

ནོར་རྒྱུན་ལྷ་མོའི་ཐུགས་སྒྲུབ་ལས༔ རྗེས་གནང་ནོར་བུའི་ལྕགས་ཀྱུ་བཞུགས༔

རྒྱལ་བ་ཀུན་གྱི་ཕྲིན་ལས་ནི༔ འགྲོ་བའི་དབུལ་བ་སེལ་བའི་ཕྱིར༔ ནོར་རྒྱུན་ལྷ་མོའི་སྐུར་བཞེངས་ནས༔ འདོད་རྒུའི་རེ་བ་སྐོང་ལ་འདུད༔ དེ་ཉིད་བསྒྲུབ་པའི་ཐབས་ཚུལ་གྱི༔ ཐོག་མར་སྨིན་བྱེད་རྗེས་གནང་ལ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ དང་པོ་དཀྱིལ་འཁོར་མདའ་གང་སྟེང་༔ དཀྱིལ་འཁོར་གཞུང་བཞིན་རྡུལ་ཚོན་ནམ༔ རས་བྲིས་ཡང་ན་འབྲས་དཀར་གྱི༔ ཚོམ་བུ་ལྷ་ཡི་གྲངས་མཉམ་བཀོད༔ དབུས་སུ་རིན་ཆེན་བུམ་པ་ནི༔ ཕྱི་རྒྱུད་ཉེར་ལྔའི་བུམ་བཅུད་དང་༔ བ་ཡི་འོ་མས་སུམ་ཆ་བཀང༔ ཤར་དུ་རྡོ་རྗེ་ཐུགས་ཀྱི་རྟེན༔ སྤྱན་མའི་སྐུ་དང་ལྷན་ཅིག་འགོད༔ ལྷོ་རུ་པྲོག་ཞུ་ཡོན་ཏན་རྟེན༔ མ་མཱ་ཀི་ཡི་སྐུ་གཟུགས་དང་༔ ནུབ་ཏུ་དྲིལ་བུ་གསུང་གི་རྟེན༔ གོས་དཀར་མོ་ཡི་སྣང་བརྙན་བཤམས༔ བྱང་དུ་གཏོར་མ་ཕྲིན་ལས་རྟེན༔ ལྷ་ཡི་གྲངས་དང་མཉམ་པ་ལ༔ དམ་ཚིག་སྒྲོལ་མའི་སྐུ་གཟུགས་དང་༔ ལྷན་ཅིག་དར་ལྗང་ཅོད་པཎ་གཟུངས༔ ཤར་ལྷོར་རིན་ཆེན་སྣ་ལྔ་དང་༔ ལྷོ་ནུབ་དྲི་ལྔ་དེ་བཞིན་དུ༔ ནུབ་བྱང་སྨན་ལྔ་བྱང་ཤར་མཚམས༔ འབྲུ་སྣ་ལྔ་ཡི་ཕུར་མ་བཀོད༔ དེ་ནི་སྔོན་འགྲོའི་རིམ་པ་འོ༔ གཉིས་པ་དངོས་གཞིར་རྣམས་གྲངས་ལྔ༔ དང་པོ་བུམ་པ་བསྒྲུབ་པ་ནི༔ སྭ་བྷ་ཝ་ཡིས་སྟོང་པར་སྦྱངས༔ མི་དམིགས་སྟོང་པའི་ངང་ཉིད་ལས༔ རིན་པོ་ཆེ་ཡི་བུམ་པ་ནི༔ ཞབས་ཞུམ་ལྟོ་ལྡིར་མགྲིན་པ་ཕྲ༔ ཁ་གཡེལ་མཚན་ཉིད་ཀུན་ཚང་བའི༔ ནང་ནི་རིན་ཆེན་གཞལ་ཡས་ཁང་༔ ནོར་རྒྱུན་ལྷ་མོའི་ལྷ་ཚོགས་ཀུན༔ སྣང་སྟོང་དབྱེར་མེད་ཟུང་འཇུག་སྐུ༔ མཁའ་ལ་འཇའ་ཚོན་བཀྲ་བ་བཞིན༔ མ་འདྲེས་ཡོངས་རྫོགས་ཆེན་པོར་བསྒོམ༔ བདག་ཉིད་ལྷ་རུ་གསལ་བ་ཡི༔ ཐུགས་སྲོག་སྔགས་ལས་འོད་ཟེར་འཕྲོས༔ བུམ་ནང་ལྷ་ཡི་ཐུགས་རྒྱུད་བསྐུལ༔ བདག་མདུན་བུམ་པའི་ལྷ་རྣམས་ལས༔ འོད་ཟེར་སྤོས་རེང་དུ་བ་ལྟར༔ ཕྱོགས་བཅུར་འཕྲོས་པས་རྩ་གསུམ་ལྷའི༔ ཐུགས་རྗེ་ནུས་མཐུ་ཐམས་ཅད་དང་༔ སྐྱེ་རྒུ་ཡོངས་ཀྱི་ཕྱྭ་གཡང་བཅུད༔ ཐམས་ཅད་བསྡུས་ནས་བུམ་ལྷར་ཐིམ༔ སྐུ་ལས་བདུད་རྩིའི་རྒྱུན་བབ་པས༔ བུམ་པ་ལྟེམ་གྱིས་གང་བར་བསྒོམ༔ རྩ་སྔགས་ཤམ་བུར་དབྱངས་གསལ་དང་༔ ཨ་བྷི་ཥིཉྩའི་སྔགས་ཀྱང་གདགས་༔ གཟུངས་ཐག་བུམ་པའི་ཁ་རུ་དགོད༔ བདག་བསྐྱེད་བཟླས་པའི་སུམ་ཆ་ཙམ༔ བཟླས་པ་སྒྲུབ་པ་ལས་རུང་སྟེ༔ དེ་བཞིན་ལས་བུམ་གཞལ་ཡས་ཁང་༔ དག་བྱེད་བདུད་རྩི་ཐབས་སྦྱོར་བསྐྱེད༔ ཨ་མྲྀ་ཏ་ཡི་སྔགས་གྲངས་ཀྱང་༔ བརྒྱ་རྩ་བརྒྱད་བཟླས་དེ་ཡི་མཐར༔ མཆོད་བསྟོད་བྱ་ཞིང་བུམ་པའི་ལྷ༔ འོད་དུ་ཞུ་ནས་བུམ་ཆུར་བསྟིམས༔ དེ་བཞིན་དབང་རྫས་སོ་སོ་ཡང་༔ ལྷ་བསྐྱེད་དམིགས་པའི་སྤྲོ་བསྡུར་འབད༔ ལྷ་ལ་དབང་མི་ཟ་བའི་ཕྱིར༔ བདག་འཇུག་རྒྱས་བསྡུས་གང་རུང་བྱ༔ གཉིས་པ་སློབ་མ་མདུན་དུ་འཁོད༔ ཁྲུས་བྱས་བགེགས་ལ་གཏོར་མ་བྱིན༔ སྔགས་དང་ཡུངས་ཐུན་རོལ་མོས་བསྐྲད༔ སྲུང་འཁོར་བསྒོམ་ཞིང་བློ་སྦྱོང་བའི༔ ཆོས་བཤད་ཅི་རིགས་སྔོན་སོང་ནས༔ འདོད་དོན་འདིས་ཀྱང་གསལ་གདབ་བྱ༔ ད་ལམ་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་འདི་ནི་ཇི་ལྟར་བྱུང་བའི་ལོ་རྒྱུས་དང་༔ བརྒྱུད་པའི་རིམ་པ་རྗེས་གནང་ཐོབ་པའི་ཕན་ཡོན་བསྟན་པ་དང་གསུམ་ལས༔ དང་པོ་ལོ་རྒྱུས་ནི༔ སྔོན་ཚེ་བསྐལ་པ་དང་པོའི་དུས་སུ་འཇིག་རྟེན་གྱི་ཁམས་རིན་ཆེན་འབྱུང་བ་ཞེས་བྱ་བར་རྫོགས་པའི་སངས་རྒྱས་རིན་ཆེན་མང་མཚན་དཔེའི་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ བ་སྤུའི་བུ་ག་རེ་རེ་ལས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་ཆར་ཆེན་པོ་བབས་པས་སེམས་ཅན་བགྲང་དུ་མེད་པའི་དབུལ་བའི་སྡུག་བསྔལ་མཐའ་དག་སེལ་ནུས་པའི་བདག་ཉིད་ཅན་དེའི་ཐུགས་རྗེས་ཉེ་བར་བསྐུལ་ཏེ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་ཀྱི་རང་གཟུགས་ནོར་རྒྱུན་ལྷ་མོ་མཆེད་ལྔ་དང་༔ གཞན་ཡང་འཇིག་རྟེན་གྱི་ཕྱྭ་གཡང་ལ་དབང་བའི་ནོར་ལྷ་ཆེན་པོ་དཔག་ཏུ་མེད་པ་འཇིག་རྟེན་གྱི་ཁམས་འདིར་འབྱུང་ཞིང་༔ ཁྱད་པར་སྤྲུལ་པའི་ལྷ་མོ་ཆེན་མོ་འདི་ཉིད་ཚོང་དཔོན་དེས་པ་བཞིན་བཟང་ཞེས་བྱ་བའི་བུ་མོ་ནོར་ལྡན་ཞེས་བྱ་བར་སྐུ་འཁྲུངས་པའི་ཚུལ་བསྟན༔ དེ་ཉིད་ཀྱིས་ནོར་བུ་རིན་པོ་ཆེ་བསམ་འཕེལ་ཞེས་བྱ་བ་བདེ་བར་གཤེགས་པ་དེ་ལ་ཕུལ་ནས་སེམས་ཅན་ཉམ་ཐག་པ་རྣམས་སྐྱོབ་པའི་མགོན་དང་དཔུང་གཉེན་དུ་འགྱུར་བར་ཐུགས་བསྐྱེད་ནས་སྨོན་ལམ་ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ༔ དེ་བཞིན་གཤེགས་པ་དགོས་འདོད་འབྱུང་བའི་གཏེར༔ ཟླ་བ་ཉ་རྒྱས་དྲི་མ་མེད་པའི་ཞལ༔ མགོན་མེད་སེམས་ཅན་ཉམ་ཐག་སྐྱོབ་མཛད་པ༔ བདག་གི་སྨོན་ལམ་བཏབ་པ་འདི་དག་གསོན༔ ཇི་སྲིད་འཁོར་བའི་མཐའ་འདི་མ་སྟོངས་བར༔ བདག་ནི་མངོན་པར་རྫོགས་པར་འཚང་མི་རྒྱ༔ བཀྲེས་སྐོམ་ནོར་གྱིས་ཕོངས་པ་གང་དག་ལ༔ ཟས་གོས་གནས་མལ་ཡོ་བྱད་ལ་སོགས་པ༔ འབད་མེད་འབྱུང་བའི་གཏེར་དུ་བདག་གྱུར་ཅིག༔ སེམས་ཅན་དེ་དག་ཚེ་རབས་ཐམས་ཅད་དུ༔ ལྷ་མིའི་འབྱོར་བ་ཅན་གྱི་ལུས་ཐོབ་ནས༔ བདེ་གཤེགས་བསྟན་པ་སྲི་ཞུས་མཆོད་པ་དང་༔ དབུལ་བའི་སེམས་ཅན་གཞན་དག་རྗེས་འཛིན་ཤོག༔ ཅེས་པ་ལ་སོགས་པའི་སྨོན་ལམ་མང་དུ་བཏབ་པའི་མཐར༔ བདེ་བར་གཤེགས་པ་དེ་ཉིད་ལས་བསླབ་པའི་གཞི་ལྔ་མནོས་ཤིང་༔ ཏིང་འཛིན་གྱི་སྒོ་དུ་མ་དང་ཁྱད་པར་དུ་ནམ་མཁའ་མཛོད་ཅེས་བྱ་བའི་ཏིང་འཛིན་དང་༔ དགོས་འདོད་མ་ལུས་ཡོངས་སུ་འབྱུང་བའི་ཏིང་འཛིན་ལ་སོགས་པ་དཔག་ཏུ་མེད་པ་ལ༔ ལོ་དུ་མར་སྦྱངས་ཤིང་གོམས་པར་བྱས༔ དེ་ནས་བཟུང་སྟེ་ཚེ་རབས་བརྒྱ་ཕྲག་མང་པོར་ཚོགས་གཉིས་ཀྱི་བྱ་བ་མཐའ་དག་མཐར་ཕྱིན་པར་བྱས་པས༔ ས་བརྒྱད་པའི་བྱང་ཆུབ་སེམས་མར་གྱུར་པ་དང་༔ སླར་ཡང་ནོར་གྱི་རྒྱུན་ཞེས་བྱ་བའི་ཏིང་འཛིན་ལ་འཇུག་ལྡང་གི་སྒོ་ནས་ལྷ་མོའི་སྐུ་རུ་སྤྲུལ་ཏེ༔ བྱང་ཕྱོགས་ལྕང་ལོ་ཅན་ཞེས་བྱ་བའི་སྟེང་གི་ནམ་མཁར་ཡིད་ལས་བྱུང་བའི་གཞལ་མེད་ཁང་བཀོད་པ་ཕུན་སུམ་ཚོགས་པར་ལྷ་དང་དྲང་སྲོང་སེམས་དཔའ་དང་སེམས་མ་གྲངས་མེད་པའི་འཁོར་དང་ལྷན་ཅིག་པར་བཞུགས་ཏེ༔ གང་ཞིག་གསོལ་བ་ཇི་ལྟར་བཏབ་པའི་སེམས་ཅན་རྣམས་ལ་འདོད་རྒུའི་རེ་བ་མ་ལུས་པ་སྐོང་བར་བྱེད་པ་དཔག་བསམ་གྱི་ཤིང་ལྗོན་པ་དང་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ལས་ཀྱང་ལྷག་པར་བཞུགས་སོ༔ གཉིས་པ་ཇི་ལྟར་བརྒྱུད་པའི་རིམ་པ་ནི༔ ཡེ་ཐོག་གདོད་མའི་རྒྱལ་བ་ཁྱད་ཆོས་དྲུག་གིས་མངོན་པར་འཕགས་ཏེ་སེམས་ཉིད་དགོས་འདོད་འབྱུང་བའི་གཏེར་ཆེན་པོ་ལ་དབང་བསྒྱུར་ནས༔ རིགས་ལྔའི་འཁོར་རྣམས་ལ་དགོངས་བརྒྱུད་ཀྱི་ཚུལ་དང་༔ རྒྱལ་བ་ཀུན་གྱི་ཡོན་ཏན་མ་ལུས་པའི་མཛོད་ལ་མངའ་བརྙེས་པའི་བདེ་གཤེགས་རིན་ཆེན་འབྱུང་ལྡན་གྱིས་རིན་ཆེན་རིགས་ཀྱི་སེམས་དཔའ་སེམས་མ་དང་གཞན་ཡང་རིག་པ་འཛིན་པའི་འཁོར་རྣམས་ལ་མཚན་དཔེ་འབར་བའི་སྐུའི་བརྡ་དང་བརྡའི་སྒོ་ནས་བརྒྱུད་ཅིང་དེ་ཡི་སྤྲུལ་པའི་རང་གཟུགས་ནོར་རྒྱུན་ལྷ་མོ་རིགས་ལྔའི་རྣམ་པར་བྱོན་པས་བདག་ཉིད་ཆེན་པོ་པདྨ་སཾ་བྷ་ཝ་ལ་གདམས་པ་ཟབ་མོ་སྙན་བརྒྱུད་དུ་བསྩལ་ནས་བདག་གིས་ཀྱང་སྤྲུལ་པའི་རྗེ་འབངས་སྐལ་བ་དང་ལྡན་པ་རྣམས་ལ་སྨོན་ལམ་གཏད་རྒྱ་དང་བཅས་ཏེ་དགོངས་པ་འཕོ་འགྱུར་མེད་པའི་དབྱིངས་སུ་གསལ་སྣང་སྟོང་ལ་མ་འགགས་པ་ཆོས་ཀྱི་གཏེར་དང་གཞན་ཡང་འབྱུང་བའི་ཁམས་སུ་སྦས་པ་གཏད་རྒྱ་སྨོན་ལམ་གྱི་བརྒྱུད་པ་ཡིན་ནོ༔ ཁྱད་པར་གྱི་གདམས་པ་ཟབ་མོ་འདི་ཡང་ཐུགས་ཀྱི་གཟུངས་མ་མཁར་ཆེན་མཚོ་རྒྱལ་ལ་གདམས་ཤིང་དེའི་སྤྲུལ་པའི་གང་ཟག་དམན་པའི་ཚུལ་འཆང་བ་ཞིག་ལ༔ རྟེན་འབྲེལ་རབ་འབྲིང་ཐ་མའི་དབང་གིས་དངོས་སམ་དགོངས་པའི་གཏེར་དུ་འབྱུང་བར་ལུང་བསྟན་པ་ནི༔ བཀའ་བབས་ལུང་བསྟན་གྱི་བརྒྱུད་པ་ཡིན་ནོ༔ གསུམ་པ་རྗེས་གནང་ཐོབ་པའི་ཕན་ཡོན་ནི༔ གདམས་པ་འདི་ལྟ་བུ་ལ་གུས་ཞིང་ཡིད་ཆེས་པའི་འཕགས་མའི་རྗེས་གནང་ཟབ་མོ་འདི་ཉིད་བསྙེན་སྒྲུབ་དང་འབྲེལ་བར་འབོགས་པས་ཚེ་རབས་ཐམས་ཅད་དུ་བཀྲེས་སྐོམ་གྱི་སྡུག་བསྔལ་མི་འབྱུང་ཞིང་ནོར་དང་ཡོ་བྱད་ཕུན་སུམ་ཚོགས་པར་གྱུར་པ་དང་༔ སྐྱེ་བ་འདི་ཉིད་ལའང་འབད་རྩོལ་གྱི་རྐྱེན་ཕྲན་བུ་ཙམ་གྱིས་གང་འདོད་པའི་ཟས་གོས་ལོངས་སྤྱོད་ཅི་རིགས་པ་འབྱུང་བ་དང་༔ ཁྱད་པར་དུ་བདེ་གཤེགས་རིན་ཆེན་མང་གི་མཚན་ཙམ་ཐོས་པས་ཀྱང་ངན་སོང་གསུམ་དུ་འགྲོ་བའི་གོ་སྐབས་མ་མཆིས་པར་བདེ་འགྲོའི་ལམ་ནས་བདེ་འགྲོར་འགྲོ་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་སོགས་ཕན་ཡོན་ཚད་མ་མཆིས་པར་འབྱུང་བའི་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད༔ རཏྣ་ལྔ་དང་འབྲུ་ལྔ་སོགས༔ ཡིད་འཐད་ཡོ་བྱད་སློབ་བུས་དབུལ༔ གསུམ་པ་རྗེས་གནང་ཐོག་མ་རུ༔ ཐལ་སྦྱར་གསོལ་བ་འདི་བཞིན་གདབ༔ ཨེ་མ་ཧོ༔ འགྲོ་བའི་མགོན་པོ་བདེ་བར་གཤེགས༔ རིན་ཆེན་མང་དང་དབྱེར་མེད་པའི༔ སློབ་དཔོན་བདག་ལ་དགོངས་སུ་གསོལ༔ དབུལ་སེལ་ལྷ་མོ་ནོར་རྒྱུན་མའི༔ རྗེས་གནང་ཟབ་མོའི་བཀའ་དྲིན་ཞུ༔ ལན་གསུམ་གསོལ་བ་བཏབ་རྗེས་སུ༔ རྡོ་རྗེ་འཛིན་པས་ལན་འདི་སྦྱིན༔ ཀྱཻ་ཧོ༔ སྔོན་གྱི་ཚེ་རབས་དུ་མ་རུ༔ ཚོགས་གཉིས་བསགས་པའི་སྐལ་ལྡན་གྱིས༔ འཕགས་མ་བསྙེན་ཅིང་སྒྲུབ་འདོད་ན༔ སྨིན་བྱེད་རྗེས་གནང་སྦྱིན་པར་བྱ༔ དེ་ནས་དངོས་གཞིའི་རིམ་པ་ལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིས༔ རྗེས་གནང་ལྔ་དང་འཁོར་རྣམས་ཀྱི༔ བྱིན་རླབས་སོ་སོར་སྦྱིན་པ་ཡི༔ ཐོག་མར་བྱིན་འབེབས་འདི་ལྟར་བྱ༔ སློབ་བུ་ནོར་རྒྱུན་ལྷ་མོར་གསལ༔ སྤོས་བདུག་རོལ་མོའི་སྒྲ་ཡང་འཁྲོལ༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ ཨ་བེ་ཤ་ཡ་ཕེཾ་ཕེཾ་བརྗོད༔ བུམ་པ་སྐུ་ཡི་རྗེས་གནང་ནི༔ ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང་༔ ནོར་ལྷ་རྒྱ་མཚོའི་བཅུད་ཀྱིས་གཏམས༔ སྐུ་ཡི་རྗེས་གནང་འདི་སྦྱིན་པས༔ ལུས་ཀྱི་རྐུ་འཕྲོག་རྣམ་སྨིན་དག༔ སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག༔ མཱུཾ་དྷ་ཏུ་ཤྭ་རི་བ་སུ་དྷ་རཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་སློབ་བུའི་སྤྱི་བོར་བཞག༔ བུམ་ཆུ་བདུད་རྩི་ལྕེ་ལ་སྦྱིན༔ ཡོན་ཏན་རྗེས་གནང་པྲོག་ཞུ་ནི༔ སློབ་བུའི་མགོ་ལ་བསྐོན་བྱས་ཏེ༔ ཏྲཾ༔ གང་ཞིག་འབད་རྩོལ་མི་དགོས་པར༔ བསམ་པ་ཙམ་གྱིས་དགོས་འདོད་ཀུན༔ ལྷུན་གྱིས་གྲུབ་པའི་ཡོན་ཏན་དབང་༔ སློབ་བུའི་ཡིད་ཤེས་ལ་བསྐུར་བས༔ སྣ་ཚོགས་རྟོག་པའི་སྒྲིབ་ཀུན་དག༔ དབུལ་སེལ་འདོད་འབྱུང་དབང་ཐོབ་ཤོག༔ བཛྲ་མ་མ་ཀཱི་ཏྲཾ་བཱ་སུ་དྷ་རཱི་གུརྣ་ཨ་བྷི་ཥིཉྩ་ཧཱུྃ༔ དྲིལ་བུ་སློབ་བུའི་ལག་གཡོན་བཞག༔ དཀུ་ལ་བརྟེན་ནས་ལན་གསུམ་དཀྲོལ༔ ཧྲཱིཿ རྟོག་པ་མེད་ལས་ཆོས་ཀྱི་སྒྲ༔ གདུལ་བྱའི་མཐུན་སྣང་བཞིན་སྟོན་པའི༔ གསུང་གི་རྗེས་གནང་འདི་བྱིན་པས༔ ལས་ཉོན་ངག་གི་སྒྲིབ་པ་དག༔ ཚངས་དབྱངས་དྲུག་ཅུའི་དཔལ་ཐོབ་ནས༔ གང་སྨྲས་འགྲོ་ལ་ཕན་པར་ཤོག༔ ཧྲཱིཿར་ག་ར་ཏི་ཛྙཱ་ན་པུནྡྷ་བཱ་སུ་དྷ་རཱི་ཝཀྐ་ཨ་བྷི་ཥིཉྩ་ཧྲཱིཿ ཕྲིན་ལས་གཏོར་མའི་རྗེས་གནང་ནི༔ སྤྱི་བོར་གཞག་ཅིང་ཚིག་འདི་བརྗོད༔ ཧཱ༔ ཇི་ལྟར་མཁའ་ལས་འཇའ་ཚོན་བཞིན༔ སེམས་ཅན་བསམ་པའི་ཁྱད་པར་ལྟར༔ རྒྱལ་བའི་ཕྲིན་ལས་མི་བཟད་པ༔ གཏོར་མའི་རྗེས་གནང་འདི་བྱིན་པས༔ མཆོད་སྦྱིན་བཀག་པའི་ལས་སྒྲིབ་དག༔ ཅི་འདོད་འགྲོ་ལ་སྦྱིན་ནུས་པའི༔ དཔལ་ཡོན་ཁྱོད་ཀྱི་ཐོབ་པར་ཤོག༔ ཏཱཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་བ་སུ་དྷ་རི་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་ཐུགས་ཀྱི་རྗེས་གནང་ནི༔ སྙིང་གར་བཞག་ཅིང་བརྡ་དོན་སྤྲད༔ ཧཱུྃ༔ སེམས་ཀྱི་རང་བཞིན་སྤྲོས་དང་བྲལ༔ དེ་ཉིད་རྟོགས་པས་དགོས་འདོད་འབྱུང་༔ ཐུགས་ཀྱི་རྗེས་གནང་འདི་བྱིན་པས༔ རློམ་སེམས་སེར་སྣའི་སྒྲིབ་པ་དག༔ སྨོན་འཇུག་བྱང་ཆུབ་སེམས་གཉིས་འབྱུང་༔ རྒྱལ་བའི་ཐུགས་ཀྱི་དབང་ཐོབ་ཤོག༔ བུདྡྷ་ལོ་ཙཱ་ནི་ཛྙཱ་ན་ཝརྡྷ་བཱ་སུ་དྷ་རཱི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་བཞིན་རིགས་ཀྱི་ཡུམ་ལྔ་ལས༔ དབྱིངས་ཕྱུག་མ་ཡི་རྗེས་གནང་ནི༔ སྐུ་གཟུགས་སློབ་བུའི་སྤྱི་བོར་བཞག༔ ཧཱུྃ༔ སེམས་དང་ནམ་མཁའ་གནས་དག་པའི༔ བདེ་གཤེགས་རིགས་ཀྱི་ཡུམ་མཆོག་མ༔ གཙོ་མོའི་རྗེས་གནང་འདི་བྱིན་པས༔ རྟོག་པ་མེད་ལས་འདོད་འབྱུང་གཏེར༔ ནམ་མཁའ་མཛོད་ལ་དབང་བསྒྱུར་ཤོག༔ མཱུཾ་དྷ་ཏུ་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱན་མའི་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ༔ གཟུགས་དང་ས་ཁམས་གནས་དག་པའི༔ རྡོ་རྗེ་རིགས་ཀྱི་ཡུམ་མཆོག་མ༔ སྤྱན་མའི་རྗེས་གནང་འདི་བྱིན་པས༔ མིག་གིས་མཐོང་བའི་འགྲོ་ཀུན་ལ༔ ཅི་འདོད་སྦྱིན་ནུས་དབང་ཐོབ་ཤོག༔ ཧཱུྃ་བུདྡྷ་ལོ་ཙཱ་ནི་ཨ་བྷི་ཥིཉྩ་ཧཱུྃ༔ མ་ཀཱིའི་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ༔ ཚོར་བ་ཆུ་ཁམས་གནས་དག་པའི༔ རིན་ཆེན་རིགས་ཀྱི་ཡུམ་མཆོག་མ༔ བདག་ཉིད་མ་ཡི་རྗེས་གནང་གིས༔ སྐལ་ལྡན་ཁྱོད་ཀྱི་རྒྱུད་གྲོལ་ནས༔ མཚན་ཐོས་ཙམ་གྱིས་འགྲོ་བ་ཀུན༔ ཕོངས་པའི་འཇིགས་ལས་སྒྲོལ་ནུས་ཤོག༔ བཛྲ་མ་མཱ་ཀི་ཏྲཾ་ཨ་བྷི་ཥིཉྩ་ཧཱུྃ༔ གོས་དཀར་སྐུ་གཟུགས་སྤྱི་བོར་བཞག༔ ཧྲཱིཿ འདུ་ཤེས་མེ་ཁམས་གནས་དག་པའི༔ པདྨ་རིགས་ཀྱི་ཡུམ་མཆོག་མ༔ གོས་དཀར་རྗེས་གནང་འདི་བྱིན་པས༔ ཡིད་ལ་དྲན་པའི་སེམས་ཅན་རྣམས༔ མགོན་སྐྱབས་དཔུང་གཉེན་ནུས་པ་ཡི༔ དབང་འདི་ཁྱོད་ཀྱི་ཐོབ་པར་ཤོག༔ ཧྲཱིཿསནྡྷ་རེ་ཀ་ཛྙཱ་ན་ཝ་མེ་ཨ་བྷི་ཥིཉྩ་ཧཱུྃ༔ སྒྲོལ་མའི་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ༔ འདུ་བྱེད་རླུང་ཁམས་གནས་དག་པའི༔ ལས་ཀྱི་རིགས་ཀྱི་ཡུམ་མཆོག་མ༔ སྒྲོལ་མའི་རྗེས་གནང་འདི་སྦྱིན་པས༔ རླུང་གིས་རེག་པའི་སེམས་ཅན་ཀྱང་༔ ཕན་བདེའི་དཔལ་ལ་འགོད་ནུས་ཤོག༔ ས་མ་ཡཱ་ཏཱ་རེ་བཱི་ཤྭ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ གཙོ་མོའི་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ༔ བསྐལ་པ་དཔག་མེད་སྔོན་རོལ་ནས༔ བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས༔ ཚོགས་གཉིས་ཡོངས་སུ་རྫོགས་པ་ཡི༔ ཡིད་བཞིན་འདོད་སྟེར་ནོར་རྒྱུན་མའི༔ གསང་གསུམ་རྗེས་གནང་འདི་བྱིན་པས༔ ལུས་ངག་ཡིད་ཀྱི་སྒྲིབ་དག་ནས༔ སྒོ་གསུམ་འགྲོ་བའི་དཔལ་དུ་ཤོག༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ ཨ་བྷི་ཥིཉྩའི་སྔགས་ཀྱང་གདགས༔ སྔགས་ཕྲེང་སློབ་བུའི་ལག་ཏུ་བྱིན༔ སྔགས་རྣམས་རྗེས་ཟློས་ལན་གསུམ་བྱ༔ སློབ་བུས་ལུས་གནད་དྲང་པོར་བསྲང་༔ རླུང་གནད་སྟེང་འོག་ཁ་སྦྱོར་འཆང་༔ སེམས་གནད་སྤྲོས་པ་བྲལ་བ་ལས༔ རང་གདངས་འོད་གསལ་ལྷུན་གྱིས་གྲུབ༔ སྲིད་དང་ཞི་བའི་འདོད་འབྱུང་གཏེར༔ ནོར་རྒྱུན་ལྷ་མོའི་ཐུགས་དང་བསྲེ༔ ཐུགས་ཀྱི་རྗེས་གནང་ཟབ་མོ་འོ༔ རྣམ་སྲས་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ༔ བདེ་གཤེགས་རིན་ཆེན་འབྱུང་གནས་ཉིད༔ གནོད་སྦྱིན་རྒྱལ་པོའི་སྐུ་རུ་སྤྲུལ༔ དྲན་པ་ཙམ་གྱིས་འདོད་འབྱུང་གཏེར༔ རྣམ་མང་ཐོས་སྲས་ངལ་བསོའི་བུས༔ བྱང་ཆུབ་བར་དུ་རྗེས་བཟུང་ནས༔ སྐལ་ལྡན་ཁྱོད་དང་འབྲལ་མེད་ཤོག༔ ཨོཾ་བཱཻ་ཤྲཱ་མ་ཎ་ཡཀྴ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ ནོར་ལྷ་བརྒྱད་ཀྱི་སྐུ་རྟེན་རྣམས༔ སྤྱི་བོར་བཞག་ནས་འདི་སྐད་བརྗོད༔ ཧོ༔ སྔོན་དུས་རྒྱལ་བའི་སྤྱན་སྔ་རུ༔ འགྲོ་ལ་ཕན་པར་དམ་བཅས་ཏེ༔ རླབས་ཆེན་ཚོགས་གཉིས་བསགས་པའི་མཐུས༔ བསྟན་འགྲོའི་དབུལ་བ་སེལ་བའི་ལྷ༔ ནོར་ལྷ་ཆེན་པོ་མཆེད་བརྒྱད་ཀྱི༔ རྗེས་གནང་ཟབ་མོ་འདི་སྦྱིན་པས༔ ཚེ་རབས་རྐུ་འཕྲོག་ལན་ཆགས་བྱང་༔ འཕགས་ལམ་ཡན་ལག་བརྒྱད་ལ་དབང་༔ བསྟན་འགྲོའི་དཔལ་དུ་འགྱུར་བར་ཤོག༔ ཨོཾ་བཱ་སུ་དྷ་རཱི་དེ་ཝ་ཨཥྚ་པུཥྚཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་སྣ་ལྔ་ལག་ཏུ་གཏད༔ ཧཱུྃ༔ གསེར་དངུལ་ཟངས་ལྕགས་བྱུ་རུ་དང་༔ དགོས་འདོད་འབྱུང་བའི་རིན་པོ་ཆེ༔ རྒྱལ་བའི་ཐུགས་བསྐྱེད་ལས་བྱུང་བའི༔ ནོར་གྱི་དམ་པ་འདི་སྦྱིན་པས༔ དཀོན་མཆོག་མཆོད་དང་ཉམ་ཐག་འགྲོའི༔ དབུལ་བའི་སྡུག་བསྔལ་སེལ་ནུས་ཤོག༔ ཨོཾ་བཱ་སུ་དྷ་རི་པཱཉྩ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཡིད་འོང་དྲི་ལྔ་ལག་ཏུ་སྦྱིན༔ བདེན་ཚིག་སྨོན་ལམ་འདི་བཞིན་བརྗོད༔ ཧོ༔ ཙནྡན་དཀར་དམར་ཨ་ཀ་རུ༔ ཛ་ཏི་ཡིད་འོང་ག་བུར་ཏེ༔ ཡིད་འཕྲོག་དྲི་ལྔ་འདི་བྱིན་པས༔ དབང་པོ་སྒོ་ལྔ་དང་འབྲེལ་བའི༔ མཐོང་ཐོས་དྲན་རེག་འགྲོ་བ་ཀུན༔ མངོན་མཐོའི་དཔལ་ལ་འགོད་ནུས་ཤོག༔ ཨོཾ་བཱ་སུ་དྷ་རི་དྲི་མ་དྷུ་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ སྨན་སྣ་ལྔ་རྣམས་ལག་ཏུ་གཏད༔ ཧོ༔ ཚ་གྲང་འབྱུང་བ་འཁྲུག་པ་ལས༔ འདུ་བའི་ནད་རྣམས་སེལ་བའི་སྨན༔ འབྲས་བུ་གསུམ་དང་སླེ་ཏྲེས་དང་༔ དྲོད་སྨན་རྣམ་པ་ལྔ་སྦྱིན་པས༔ དུག་ལྔའི་ནད་ཀྱིས་གཟིར་བའི་འགྲོ༔ དད་དང་བརྩོན་འགྲུས་དྲན་པ་སོགས༔ སྟོབས་ལྔའི་དཔལ་ལ་འགོད་ནུས་ཤོག༔ ཨོཾ་བཱ་སུ་དྷ་རི་བྷཻ་ཥ་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ འབྲུ་སྣ་རྣམ་ལྔ་ལག་ཏུ་བྱིན༔ ཧོ༔ བཀྲེས་པའི་དབུལ་བ་འདོར་ནུས་པའི༔ ནས་འབྲས་གྲོ་དང་སྲན་མ་ཏིལ༔ འཕགས་པའི་ཐུགས་བསྐྱེད་ལས་བྱུང་བའི༔ འབྲུ་སྣ་ལྔ་པོ་འདི་གཏད་པས༔ བཀྲེས་ཕོངས་དབུལ་བའི་སེམས་ཅན་རྣམས༔ ཚད་མེད་ཐུགས་རྗེས་རྗེས་འཛིན་ཤོག༔ ཨོཾ་བཱ་སུ་དྷ་རི་ར་ས་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཀུན་གྱི་མཐའ་རྟེན་དུ༔ ཡོངས་སུ་རྫོགས་པའི་རྗེས་གནང་ནི༔ བདེ་གཤེགས་རིན་ཆེན་མང་གི་སྐུ༔ གསེར་མདོག་དར་གྱི་སྦུབས་སུ་གཞུགས༔ དེ་ཡི་སྔགས་བྱང་གསེར་བྲིས་དང་༔ རྣམ་རྒྱལ་མཆོད་རྟེན་རྣམ་པ་གསུམ༔ སློབ་བུའི་གནས་གསུམ་ལ་གཏུགས་ཏེ༔ ཨོཾ༔ ལུས་ཀྱི་སྐྱོན་སྤངས་མཚན་དཔེར་ལྡན༔ བདེ་གཤེགས་རིན་ཆེན་མང་གི་སྐུའི༔ རྗེས་གནང་དམ་པ་འདི་སྦྱིན་པས༔ ལུས་སྒྲིབ་དག་ནས་བསྐྱེད་རིམ་དབང་༔ བདེ་གཤེགས་སྐུ་ཡི་དཔལ་ཐོབ་ཤོག༔ བདེ་གཤེགས་མཚན་གྱི་སྔགས་ཤམ་དུ༔ ཀཱ་ཡ་ཨ་བྷི་ཥིཉྩ་གདགས༔ ཨཱཿ ངག་གི་སྐྱོན་སྤངས་ཚངས་དབྱངས་ལྡན༔ བདེ་གཤེགས་རིན་ཆེན་འབྱུང་ལྡན་གྱི༔ གསུང་གི་རྗེས་གནང་འདི་སྦྱིན་པས༔ ངག་གི་སྒྲིབ་དག་བཟླས་བརྗོད་དབང་༔ བདེ་གཤེགས་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར་ཝཀྐ་གདགས༔ ཧཱུྃ༔ སེམས་ཀྱི་སྐྱོན་སྤངས་མཁྱེན་བརྩེར་ལྡན༔ ཆོས་ཀུན་གཟིགས་པ་རྒྱལ་བའི་ཐུགས༔ བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་རྫོགས༔ ཐུགས་ཀྱི་རྗེས་གནང་འདི་བྱིན་པས༔ སེམས་ཀྱི་སྒྲིབ་དག་རྫོགས་རིམ་དབང་༔ བདེ་གཤེགས་ཐུགས་ཀྱི་དཔལ་ཐོབ་ཤོག༔ རྩ་བའི་མཚན་སྔགས་ཤམ་བུ་རུ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཞན་ཡང་རྒྱལ་སྲིད་སྣ་བདུན་དང་༔ བཀྲ་ཤིས་རྫས་རྟགས་དག་ཀྱང་སྦྱིན༔ ཚིག་གི་ཁ་བསྒྱུར་གཞན་དུ་ཤེས༔ ས་མ་ཡཱ༔ བཞི་པ་དམ་ཚིག་བསྒྲག་པ་ནི༔ ཨེ་མ་ཧོ༔ སྐལ་བ་ལྡན་པའི་སློབ་བུ་རྣམས༔ བསྟན་དང་འགྲོ་བའི་དོན་ཆེད་དུ༔ དབུལ་སེལ་ནོར་ལྷ་བསྒྲུབ་འདོད་ན༔ རྐུ་འཕྲོག་ཚོང་དང་གཡོ་ཁྲམ་སྤོངས༔ ནོར་ལ་སེར་སྣས་མ་བཅིང་བར༔ བདེ་གཤེགས་སྐུ་དང་གསུང་རྟེན་བཞེངས༔ ཞིང་མཆོག་དགེ་འདུན་སྡེ་ལ་ཕུལ༔ འབྱུང་པོ་འཕྲོག་མ་གཏོར་མས་བརྔན༔ ཉམ་ཐག་འགྲོ་ལ་ཟས་སྐོམ་སྦྱིན༔ འབྱོར་ལྡན་ནོར་ལ་ཕྲག་དོག་སྤོངས༔ དེ་ལྟར་འབད་པས་བསྒྲུབ་པ་ན༔ མི་འདོད་བཞིན་དུ་ཟས་ནོར་འདུ༔ ཅི་འདོད་དཔལ་ཀུན་ནོར་ལྷས་སྟེར༔ དེ་ཕྱིར་སྙིང་ནས་དམ་བཅའ་ཟུང་༔ དེ་ལྟར་བསྒྲུབ་པར་ཁས་བླངས་པ༔ རྗེས་ཟློས་བྱ་ཞིང་སེམས་ལ་བཞག༔ ལྔ་པ་དགའ་སྟོན་ཅི་ནུས་བྱ༔ རྗེས་ཀྱི་རིམ་པ་འདི་ལྟ་སྟེ༔ དེ་ལྟར་དབང་ཞུས་བླ་མ་ལ༔ རྟག་ཏུ་བརྙས་པའི་སེམས་སྤོང་ཞིང་༔ སངས་རྒྱས་བྱང་སེམས་དངོས་སུ་བསྒོམ༔ ཉམ་ཐག་འགྲོ་བ་གང་མཐོང་ཡང་༔ སྙིང་རྗེའི་སེམས་ཀྱིས་སྦྱིན་གཏོང་བྱ༔ དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད༔ ཅེས་ནོར་རྒྱུན་ལྷ་མོའི་རྗེས་གནང་འདི་ཟབ་གསང་སྙིང་པོའི་དོན་ལ་སྤྱོད་པའི་སློབ་བུ་གཞན་ཕན་བཟང་པོས་བསྐུལ་ཞིང་སུག་བྲིས་བགྱིས་པ་རིག་འཛིན་ལུང་རིག་གླིང་པས་སྙིང་མཛོད་སྨུག་པོའི་སྒྲོམ་ནས་ལེགས་པར་བསྩལ་པ་འགྲོ་རྣམས་དབུལ་བའི་འཇིགས་པ་བསལ་ཏེ་ཏ་ཐཱ་ག་ཏ་རཏྣ་སམ་བྷའི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ལ་དབང་འབྱོར་བར་ཤོག་ཅིག༔ མངྒ་ལམ༔


previousནོར་རྒྱུན་མའི་རྗེས་གནང་ནོར་བུའི་ལྕགས་ཀྱུ།next