Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཚོ་རྒྱལ་ཕྱི་སྒྲུབ་འདོད་འབྱུང་གཏེར་བུམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཚོ་རྒྱལ་ཕྱི་སྒྲུབ་འདོད་འབྱུང་གཏེར་བུམ།next

མཚོ་རྒྱལ་ཕྱི་སྒྲུབ་འདོད་འབྱུང་གཏེར་བུམ།

མཚོ་རྒྱལ་སྒྲུབ་པའི་ཟབ་ཏིག་ལས༔ ཕྱི་སྒྲུབ་འདོད་འབྱུང་གཏེར་བུམ་བཞུགས༔

ཌཀྐི་ནི་ན་མོ༔ དབེན་པར་ཆོས་མཐུན་རྣལ་འབྱོར་པས༔ མལ་ནས་ལངས་ཏེ་རླུང་རོ་བསལ༔ ཤེས་པ་གཉུག་མའི་བབ་དེ་རུ༔ བདག་ཉིད་མཚོ་རྒྱལ་རྣལ་འབྱོར་ལ༔ བརྟེན་ནས་བྱིན་རླབས་འཇུག་འདོད་ན༔ ལུས་གནད་ཆོས་བདུན་གཡོ་མེད་བཞག༔ ཨེ་མ་ཧོ༔ རང་ཉིད་ཐ་མལ་སྤྱི་གཙུག་ཏུ༔ པདྨ་དམར་པོ་འདབ་སྟོང་བརྡལ༔ ཉི་ཟླ་དར་གྱི་ལྷུབ་གདན་སྟེང་༔ གསུམ་ལྡན་རྩ་བའི་བླ་མ་དང་༔ དབྱེར་མེད་རྒྱལ་ཡུམ་མཁར་ཆེན་བཟའ༔ ཡེ་ཤེས་མཚོ་རྒྱལ་དཀར་དམར་མདངས༔ མཛེས་སྡུག་འཛུམ་མདངས་ཆགས་པའི་ཉམས༔ ཐིག་ལེ་ཉག་གཅིག་ཆོས་སྐུའི་ཞལ༔ ཐབས་ཤེས་ཟུང་འཇུག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་བྷནྡྷ་ལྟེ་བར་འཛིན༔ ཟག་མེད་ཡེ་ཤེས་བདུད་རྩིས་གཏམས༔ སྐུ་སྟོད་དར་སྔོན་སྟོད་གཡོགས་ལ༔ རྣམ་གྲོལ་མུ་ཏིག་རྒྱན་ཕྲེང་མཛེས༔ སྐུ་སྨད་དབང་མདོག་ཤམ་ཐབས་ལ༔ གསེར་སྐེད་ནོར་བུའི་སྐ་རགས་བསྡམས༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་འགྱིང་༔ གནག་སྣུམ་དབུ་སྐྲའི་ལན་ཚར་ལ༔ སྣ་ཚོགས་ནོར་བུའི་པྲོག་ཞུ་དང་༔ ལྷབ་ལྷུབ་དར་གྱི་ཅོད་པཎ་འཕུར༔ སྤྱི་བོར་པད་ཟླའི་གདན་གྱི་སྟེང་༔ རིགས་བདག་པདྨ་སཾ་བྷ་ཝ༔ རྒྱ་གར་པཎ་གྲུབ་ཆས་སུ་བཞུགས༔ མཁའ་འགྲོའི་ཐུགས་ཀར་པདྨ་དང༔ ཟླ་སྟེང་རྗེ་བཙུན་སྒྲོལ་མ་ལྗང་༔ གཡས་གཡོན་མཆོག་སྦྱིན་ཨུད་པ་ལ༔ ཕྱེད་དཀྱིལ་ལོངས་སྤྱོད་རྫོགས་པའི་ཚུལ༔ སྟེང་འོག་འཇའ་ཟེར་ཐིག་ལེའི་ཀློང༔ བརྒྱུད་གསུམ་རིག་འཛིན་བླ་མ་དང་༔ ཡི་དམ་རྒྱུད་སྡེ་དྲུག་གི་ལྷ༔ མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འཁྲིགས༔ བྱིན་རླབས་ཆར་འབེབས་མཆོག་ཐུན་གྱི༔ དངོས་གྲུབ་འདོད་རྒུ་འབྱུང་བའི་གཏེར༔ སྐྱབས་ཀུན་འདུས་པའི་ངོ་བོ་རུ༔ ཁྱེད་ཤེས་དད་པས་ཡང་ཡང་དམིགས༔ ཡན་ལག་བདུན་པའི་ཚོགས་བསགས་ནི༔ ཧྲཱིཿ རྡུལ་སྙེད་ལུས་སྤྲུལ་སྐྱབས་ཡུལ་ལྷར༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ བདག་ལུས་ལོངས་སྤྱོད་དགེ་བའི་སྤྲིན༔ ཕངས་མེད་བློ་ཡིས་མཆོད་པར་འབུལ༔ སྒོ་གསུམ་ཉེས་བྱས་སྡིག་པའི་ཚོགས༔ སྟོབས་བཞིའི་སྒོ་ནས་བཤགས་པར་བགྱི༔ སྐྱེ་འཕགས་ཟག་བཅས་ཟག་མེད་ཀྱི༔ དགེ་བའི་ཚོགས་ལ་རྗེས་ཡི་རང༔ ཐེག་གསུམ་ཆོས་ཀྱི་འཁོར་ལོ་ནི༔ གདུལ་བྱའི་བློ་མཐུན་བསྐོར་བར་བསྐུལ༔ འགྲོ་ཀུན་བྱང་ཆུབ་མ་ཐོབ་བར༔ སྲིད་ཞི་མཉམ་བརྡལ་བཞུགས་གསོལ་འདེབས༔ དུས་གསུམ་ཀུན་ཏུ་བསགས་པ་ཡི༔ དགེ་ཚོགས་འགྲོ་དོན་བྱང་ཆུབ་རྒྱུར༔ དམིགས་མེད་ཡོངས་དག་ངང་དུ་བསྔོ༔ ཚེ་འདིར་རྣམ་མཁྱེན་མཆོག་ཐོབ་ཤོག༔ ཅེས་བརྗོད་གདུང་བའི་ཤུགས་བསྐྱེད་དེ༔ སྤྱན་འདྲེན་གསོལ་བ་འདི་ལྟར་གདབ༔ ཀྱཻ༔ ལྷོ་ནུབ་རྔ་ཡབ་པདྨ་འོད༔ རང་བཞིན་སྤྲུལ་པའི་ཞིང་ཁམས་ནས༔ རྗེ་བཙུན་ཨོ་རྒྱན་ཐོད་ཕྲེང་རྩལ༔ བདག་གི་ཚོགས་བསགས་དད་པའི་ཞིང་༔ སྤྱི་གཙུག་བདེ་ཆེན་འཁོར་ལོ་རུ༔ བྱོན་ནས་དགྱེས་བཞིན་བཞུགས་པར་གསོལ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ༔ རང་བྱུང་ཤེས་རབ་ཕ་རོལ་ཕྱིན༔ གསང་ཆེན་བསྟན་པ་སྤེལ་བའི་ཕྱིར༔ མི་མོའི་གཟུགས་སུ་ལེགས་སྤྲུལ་པ༔ ཡུམ་ཆེན་ཡེ་ཤེས་མཚོ་རྒྱལ་མ༔ བདག་གི་གཙུག་ཏོར་ནོར་བུའི་རྩེར༔ དགྱེས་པ་ཆེན་པོས་བྱོན་ནས་ཀྱང་༔ བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ༔ ཀྱཻ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ མཁྱེན་བརྩེ་ནུས་པའི་བྱིན་རླབས་ཀུན༔ གཅིག་བསྡུས་ཨོ་རྒྱན་སྤྲུལ་པའི་སྐུ༔ ཁྱེད་ལས་སྐྱབས་གཞན་བདག་ལ་མེད༔ རྒྱལ་དང་དེ་སྲས་རིག་འཛིན་ཚོགས༔ ཀུན་གྱི་བསྐྱེད་ཡུམ་མཁའ་འགྲོའི་གཙོ༔ གུ་རུའི་ཐུགས་ཀྱི་གཟུངས་མ་མཆོག༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་མ༔ འཇིགས་བརྒྱད་སྐྱོབས་མཛད་གསང་སྔགས་དང་༔ གཟུངས་སྔགས་རིག་སྔགས་ལྷ་མོའི་ཚོགས༔ ཀུན་འདུས་འཕགས་མ་སྒྲོལ་མཛད་ཡུམ༔ རྣམ་གསུམ་དབྱེར་མེད་གཅིག་པ་རུ༔ ངེས་ཤེས་གཏིང་ནས་རྙེད་ལགས་ན༔ ཐ་དད་མེད་པར་གསོལ་བ་འདེབས༔ བདག་སོགས་སྙིགས་མ་ལྔ་བདོའི་འགྲོ༔ ལས་དང་ཉོན་མོངས་དབང་སོང་བས༔ དགེ་བའི་ལས་ཀུན་རིང་དུ་སྤངས༔ མི་དགེ་སྡིག་པ་རྟག་ཏུ་སྤྱོད༔ སྡུག་བསྔལ་གསུམ་གྱི་རྦ་ལ་གཡེང༔ ཐར་མེད་རིགས་དྲུག་འཁོར་བའི་མཚོར༔ ཐར་འདོད་ངེས་འབྱུང་བློ་དང་བྲལ༔ སྐྱེ་རྒ་ན་འཆིས་བརྒྱུད་མར་མནར༔ ད་ནི་ཐར་འདོད་སེམས་ཡོད་ཀྱང་༔ ཐར་བའི་ནུས་པ་བདག་ལ་མེད༔ དེ་ཕྱིར་སྐྱབས་མཆོག་ཁྱེད་རྣམས་ལ༔ བདག་གི་ལུས་དང་ལོངས་སྤྱོད་དང་༔ དུས་གསུམ་དགེ་ཚོགས་མཆོད་པར་འབུལ༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ སྐྱིད་སྡུག་ལེགས་ཉེས་བདེ་སྡུག་སོགས༔ རྗེ་བཙུན་འཕགས་མ་ཁྱེད་རང་མཁྱེན༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས༔ ཐུགས་རྗེས་ལྕགས་ཀྱུས་དྲང་དུ་གསོལ༔ མི་གཙང་སྒྱུ་མའི་འདུ་ཕུང་འདི༔ དག་པ་སྒྱུ་མའི་ལྷ་སྐུ་རུ༔ ད་ལྟ་ཉིད་དུ་བསྒྱུར་ཏུ་གསོལ༔ ཐ་མལ་ལས་རླུང་འཁྲུལ་བའི་ངག༔ བདེན་གཉིས་ཟབ་རྒྱས་ཚངས་པའི་དབྱངས༔ རྒྱལ་བའི་གསུང་དུ་བསྒྱུར་ཏུ་གསོལ༔ སྣ་ཚོགས་རྟོག་པས་བསླུས་པའི་ཡིད༔ རྟོག་བྲལ་མཁྱེན་བརྩེ་ནུས་པའི་བདག༔ རྒྱལ་བའི་ཐུགས་གསང་ཟབ་མོ་རུ༔ ད་ལྟ་ཉིད་དུ་བསྒྱུར་ཏུ་གསོལ༔ དུས་མིན་འཆི་བའི་བར་ཆད་རྐྱེན༔ ནད་དང་གདོན་དང་ཉེར་འཚེའི་རིགས༔ མདོར་ན་མི་མཐུན་གནོད་པའི་ཚོགས༔ མ་ལུས་ཞི་བར་མཛད་དུ་གསོལ༔ ཚེ་རིང་ལོངས་སྤྱོད་དཔལ་འབྱོར་དང་༔ ལུང་རྟོགས་བཤད་སྒྲུབ་ཉམས་རྟོགས་ཀྱི༔ ལེགས་པའི་ཡོན་ཏན་མ་ལུས་པ༔ གོང་དུ་འཕེལ་བར་མཛད་དུ་གསོལ༔ གནས་སྐབས་འཚོ་བའི་ཟས་དང་ནོར༔ རྒྱལ་བློན་བཙུན་མོ་འབངས་དང་འཁོར༔ སྣང་སྲིད་འདོད་པའི་ཡོ་བྱད་རྣམས༔ ཐོགས་མེད་དབང་དུ་འདུ་བར་མཛོད༔ གཟུགས་ཅན་མི་དང་གཟུགས་མེད་བགེགས༔ བྱད་ཕུར་རྦོད་གཏོང་གཏད་ཁྲམ་མཁན༔ ལོག་པར་འདྲེན་པའི་རིགས་མཐའ་དག༔ རྡུལ་དུ་བརླག་པར་མཛད་དུ་གསོལ༔ ནམ་ཞིག་འཆི་བའི་དུས་ཀྱི་ཚེ༔ མཁའ་སྤྱོད་མཁའ་འགྲོའི་ཕོ་བྲང་དུ༔ མཁའ་འགྲོའི་གཙོ་མོ་མཁར་ཆེན་བཟས༔ ལུང་བསྟན་དབུགས་དབྱུང་མཛད་དུ་གསོལ༔ རྒྱལ་དབང་པདྨ་ཡབ་ཡུམ་དང་༔ སྐད་ཅིག་ཙམ་ཡང་འབྲལ་མེད་པར༔ ས་བཅུའི་ཡོན་ཏན་མཐར་ཕྱིན་ནས༔ སྟོན་འཁོར་དགོངས་པ་མཉམ་པར་མཛོད༔ རང་དོན་ཆོས་སྐུ་མངོན་གྱུར་ནས༔ གཞན་དོན་འཁོར་བ་མ་སྟོང་བར༔ གང་འདུལ་སྤྲུལ་པ་དཔག་མེད་ཀྱང་༔ འགྲོ་དོན་ལྷུན་གྱིས་གྲུབ་པར་མཛོད༔ འདི་ནས་བཟུང་སྟེ་བྱང་ཆུབ་བར༔ བྱིན་གྱིས་རློབས་ཤིག་པདྨ་འབྱུང་༔ དངོས་གྲུབ་སྩོལ་ཅིག་ཡི་དམ་ལྷ༔ རྗེས་སུ་ཟུངས་ཤིག་མཚོ་རྒྱལ་ཡུམ༔ ཞེས་པས་གསོལ་བ་ཕུར་ཚུགས་གདབ༔ བསྙེན་པ་འདི་ཉིད་ཡེངས་མེད་དུ༔ བརྒྱ་སྟོང་ཁྲི་འབུམ་རྟགས་མཐོང་བྱ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་ཌཱཀྐི་སརྦ་སིདྡྷི་ཧཱུྃ༔ ཞེས་པ་བརྒྱ་ཕྲག་རེ་རེའི་མཚམས༔ གསོལ་འདེབས་བསྒྲགས་ཏེ་ནན་ཏན་བསྐྱེད༔ ཀ ས་མ་ཡཱ༔ རྗེས་སུ་དབང་བཞི་ལེན་པ་ནི༔ ཨེ་མ་ཧོ༔ རིགས་བརྒྱའི་ཁྱབ་བདག་ཌཱཀྐིའི་གཙོ༔ དགྱེས་པའི་སྨིན་མཚམས་ཨོཾ་དཀར་པོ༔ འོད་ཟེར་བུང་བའི་ཚོགས་ལྟ་བུ༔ འཕྲོས་ཏེ་བདག་གི་དཔྲལ་བར་ཐིམ༔ བུམ་པའི་དབང་ཐོབ་བསྐྱེད་རིམ་ལྷ༔ བསྒོམ་པའི་སྣོད་དུ་རུང་བར་བྱས༔ སྐུ་ཡི་དམ་ཚིག་ཉམས་པ་བསྐང་༔ སྤྲུལ་སྐུའི་ས་བོན་རྒྱུད་ལ་བཞག༔ མགྲིན་པའི་ལྗགས་རྩེར་ཨཱཿདམར་ལས༔ འོད་ཟེར་གློག་ཞགས་ལྟར་འཕྲོས་པས༔ གསང་བའི་དབང་ཐོབ་བཟླས་བརྗོད་སྔགས༔ བཟླས་པའི་སྣོད་དུ་རུང་བར་བྱས༔ གསུང་གི་དམ་ཚིག་ཉམས་པ་བསྐང་༔ ལོངས་སྐུའི་ས་བོན་རྒྱུད་ལ་བཞག༔ ཐུགས་ཀའི་དཔལ་བེའུ་ཧཱུྃ་སྔོན་ལས༔ འོད་ཟེར་སྤྲིན་གྱི་ཚོགས་བྱུང་བས༔ ཤེས་རབ་དབང་ཐོབ་ལྷན་སྐྱེས་ཀྱི༔ ཞུ་བདེའི་སྣོད་དུ་རུང་བར་བྱས༔ ཐུགས་ཀྱི་དམ་ཚིག་ཉམས་པ་བསྐང་༔ ཆོས་སྐུའི་ས་བོན་རྒྱུད་ལ་བཞག༔ ལྟེ་བར་དགའ་བ་འཁྱིལ་བར་ཧྲཱིཿ འོད་ཟེར་ལྔ་ལྡན་ཆར་རྒྱུན་བབས༔ ཚིག་གི་དབང་ཐོབ་རྫོགས་པ་ཆེའི༔ ཉམས་རྟོགས་འཕེལ་བའི་སྣོད་རུང་བྱས༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་བསྐང་༔ ངོ་བོ་ཉིད་སྐུའི་ས་བོན་བཞག༔ དེ་ལྟར་བདག་ལུས་གནས་བཞི་རུ༔ འོད་ཟེར་ཕོག་པས་སྒྲིབ་བཞི་དག༔ མཐར་ནི་རིགས་བདག་འོད་དུ་ཞུ༔ རང་དང་དབྱེར་མེད་ཐིམ་མ་ཐག༔ རང་ལུས་འོད་ལྔའི་ཐིག་ལེའི་དཀྱིལ༔ རང་སེམས་ཨཿཡིག་མཐིང་གར་གྱུར༔ དམིགས་མེད་སྟོང་པའི་དབྱིངས་སུ་ཡལ༔ ཨ་ཨ༔ མཐར་ནི་དགེ་བ་འགྲོ་ལ་བསྔོ༔ ཐུན་མཚམས་ཆོས་སྤྱོད་བཅུ་ལ་འབད༔ འདི་ཉིད་སྒྲུབ་པའི་དམ་ཚིག་ཏུ༔ བུད་མེད་ཡོངས་ལ་མི་སྨོད་ཅིང་༔ གཉུག་མ་རང་བབས་གནས་ལུགས་སྐྱོངས༔ འདིས་ནི་སྒྲིབ་དག་ཚོགས་གཉིས་རྫོགས༔ མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ལས་འཕྲོ་ཅན་གྱི་སྤྱོད་ཡུལ་ཡིན༔ བཀའ་གཏེར་སྲུང་མར་བཅོལ་ལོ་རྒྱ༔ སྐལ་མེད་འགྲོ་ལ་གསང་ངོ་རྒྱ༔ སྐལ་ལྡན་བུ་ལ་གཏད་དོ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཞེས་མཚོ་རྒྱལ་ཐུགས་ཀྱི་སྒྲུབ་པ་འདི་ཡང་གུ་རུ་མཚོ་སྐྱེས་རྡོ་རྗེའི་ལུང་གིས་བསྔགས་པའི་སྤྲུལ་པའི་གང་ཟག་ས་ར་ཧི་ཏ་བྷ་དྲས་ནན་གྱིས་བསྐུལ་ངོར༔ དུས་བབ་གཏེར་སྟོན་ལུང་རིག་གླིང་པ་རྩལ་གྱིས་རིག་པ་མཉམ་བཞག་གི་སྒྲོམ་ནས་བཏོན་ཏེ་སྤེལ་བ་སརྦ་ཛ་ཡནྟུ༔


previousམཚོ་རྒྱལ་ཕྱི་སྒྲུབ་འདོད་འབྱུང་གཏེར་བུམ།next