Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཚོ་རྒྱལ་གསང་སྒྲུབ་བདེ་ཆེན་མྱུར་ལམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཚོ་རྒྱལ་གསང་སྒྲུབ་བདེ་ཆེན་མྱུར་ལམ། next

མཚོ་རྒྱལ་གསང་སྒྲུབ་བདེ་ཆེན་མྱུར་ལམ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ མཚོ་རྒྱལ་གསང་སྒྲུབ་བདེ་ཆེན་མྱུར་ལམ་བཞུགས༔

ན་མོ་ཛྙཱ་ན་ཌཱཀྐི་ནི༔ བདག་འདྲ་མཁར་ཆེན་མཚོ་རྒྱལ་གྱིས༔ གསང་སྒྲུབ་བདེ་ཆེན་མྱུར་ལམ་འདི༔ དག་སྣང་ཆོས་ཀྱི་རྩ་བ་རུ༔མ་འོངས་སྐལ་ལྡན་བཙས་སུ་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྣལ་འབྱོར་སྒྲུབ་པོ་འཁོར་བ་ལ་ངེས་འབྱུང་དང་ཐར་པ་ལ་བློ་རྩེ་གཅིག་ཏུ་འདུན་པའི་གང་ཟག་གིས༔ འདུ་འཛི་དང་གཡེང་བ་མེད་པའི་གནས་རབ་གངས་རི་བརྟན་ཆགས༔ འབྲིང་གཡུ་མཚོ་གཏན་འཁྱིལ༔ བྲག་རི་ལྷུན་ཆགས༔ ནགས་ཚལ་འཐུག་པོ༔ ཐ་མ་ཡང་མི་ཡི་རྒྱུ་འགྲུལ་མེད་ཅིང་ཡིད་དུ་འོང་བར་སྐུ་གསུང་ཐུགས་རྟེན་དང་མཆོད་པ་རྣམས་ལྔ་སོགས་བཀོད་ལེགས་པར་བྱ་ཞིང་༔ རང་ཉིད་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་ཆོ་ག་འདི་ཉིད་བརྩམ་པར་བྱའོ༔ དེ་ལའང་སྦྱོར་དངོས་རྗེས་གསུམ་སྟེ༔ དང་པོ་སྦྱོར་བ་ལ༔ སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་༔ མཎྜལ་འབུལ་བ་དང་༔ སྡིག་སྒྲིབ་སྦྱང་ཕྱིར་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱ་བའོ༔ དང་པོ་རང་གི་མདུན་གྱི་ནམ་མཁར་བཀའ་དྲིན་གསུམ་ལྡན་གྱི་བླ་མ་དེ་ཉིད་དང་དབྱེར་མེད་པ་ཨོ་རྒྱན་སྤྲུལ་པའི་སྐུ་ལ་རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་རྒྱ་མཚོ༔ ཡི་དམ་རྒྱུད་སྡེའི་ལྷ་ཚོགས༔ གནས་གསུམ་དཔའ་བོ་མཁའ་འགྲོ༔ ནོར་ལྷ་གཏེར་བདག་དང་བཅས་པ་སྐྱབས་སུ་འོས་པའི་ཡུལ་ཐམས་ཅད་མངོན་སུམ་དུ་བཞུགས་པ་ལ་རྩ་བའི་ཕ་མ་དང་དགྲ་བགེགས་གཉིས་ཀྱི་གཙོས་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བར་མོས་ལ༔ ངག་ཏུ་ཚིག་འདི་སྐད་བརྗོད༔ ཀྱེ་ཀྱེ༔ བསླུ་མེད་གཏན་གྱི་སྐྱབས་གཅིག་བླ་མ་མཆོག༔ མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་དང་༔ དྲིན་ཆེན་མ་ཅིག་ཡེ་ཤེས་མཚོ་རྒྱལ་ལ༔ རྩ་གསུམ་དམ་ཅན་སྲུང་མས་བསྐོར་བ་རྣམས༔ བདག་གི་གཏན་གྱི་སྐྱབས་སུ་ངེས་ཤེས་པས༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ ཞེས་པ་བརྒྱ་སྟོང་ཁྲི་འབུམ་སོགས་བརྗོད་ཅིང་རྒྱུན་ཁྱེར་ཙམ་ལའང་གསུམ་དུ་ངེས་པར་བཀླག་གོ༔ དེའི་ཚེ་བྱིན་གྱིས་བརླབས་པའི་རྟགས་སྣ་ཚོགས་འབྱུང་ཞིང་རྨི་ལམ་དུའང་འཇིགས་པའི་གནས་ལས་གཞན་གྱིས་གྲོགས་བྱེད་པ་སོགས་འབྱུང་ངོ་༔ གཉིས་པ་སེམས་བསྐྱེད་པ་ནི༔ ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པར་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་བའི་ཕྱིར་སྒོ་གསུམ་གྱི་བྱ་བ་ཐམས་ཅད་ཆོས་ཡང་དག་པ་དང་བསྟུན་ནས་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྩེ་གཅིག་ཏུ་བསྙེན་ཅིང་བསྒྲུབ་པར་བྱའོ་སྙམ་པའི་འདུན་པས༔ ངག་ནས་འདི་སྐད་བརྗོད་དོ༔ ཀྱེ་མ་ཀྱེ་མ་ཕ་མ་མཁའ་ཁྱབ་འགྲོ༔ ཀུན་ཀྱང་སྡུག་བསྔལ་རྒྱུ་འབྲས་ལས་བསྒྲལ་ནས༔ རྣམ་མཁྱེན་གཏན་གྱི་བདེ་བ་ལ་འགོད་ཕྱིར༔ བདག་གི་སྒོ་གསུམ་དམ་པའི་ཆོས་དང་བསྟུན༔ རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མའི༔ གསང་སྒྲུབ་མྱུར་ལམ་ཉམས་སུ་ལེན་པར་བྱའོ༔ གསུམ་པ་མཎྜལ་འབུལ་བ་ནི༔ ཕྱི་སྣོད་ཀྱི་འཇིག་རྟེན་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ནོར་བུ་ལྷ་མིའི་ལོངས་སྤྱོད་དང་བཅས་པ་ཐམས་ཅད་ནང་བཅུད་ཀྱི་སེམས་ཅན་རང་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད་རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་ལ་ཕངས་པ་མེད་པའི་སེམས་ཀྱིས་འབུལ་བར་བགྱིའོ་སྙམ་པའི་འདུན་པ་རྩེ་གཅིག་པས༔ ངག་ནས་འདི་སྐད་བརྗོད༔ ཨེ་མ་ཧོ༔ ཕྱི་སྣོད་རིན་ཆེན་རི་གླིང་ཁོར་ཡུག་དང་༔ ནང་བཅུད་སེམས་ཅན་དབང་ལྔའི་ལོངས་སྤྱོད་ཚོགས༔ ཁྱད་པར་བདག་ལུས་ལོངས་སྤྱོད་དགེ་རྩར་བཅས༔ གཏན་གྱི་སྐྱབས་གཅིག་པད་འབྱུང་ཡབ་ཡུམ་དང་༔ རྩ་གསུམ་དམ་ཅན་སྲུང་མའི་ཚོགས་ལ་འབུལ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཡོངས་རྫོགས་ཤོག༔ ཏྲཾ་རཏྣ་མཎྜལ་ལ་པཱུ་ཙ་ཧོ༔ ཞེས་པའང་གྲངས་བསགས་ཤིང་ཅི་ནུས་ཕུལ་བས་དེའི་ཚེ་ཚོགས་རྫོགས་པའི་རྟགས་སྣ་ཚོགས་འབྱུང་ཞིང་རྨི་ལམ་དུའང་ལོ་ཏོག་ལེགས་ཤིང་ནོར་དང་འབྲུའི་གཏེར་ལ་སྤྱོད་པ་སོགས་དགེ་བའི་རྟགས་མཚན་ངེས་པར་འབྱུང་ངོ་༔ བཞི་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི༔ ཐར་པའི་ས་ལ་བར་དུ་གཅོད་པར་བྱེད་པའི་གེགས་སྡིག་སྒྲིབ་ལས་ཆེ་བ་གཞན་མེད་ཅིང་དེ་ཉིད་སྦྱང་བ་གལ་ཆེ༔ དེའང་སྟོབས་བཞིར་མ་འདུས་པ་མེད་པས༔ རང་གི་སྤྱི་བོར་རྩ་བའི་བླ་མ་ཨོ་རྒྱན་ཆེན་པོ་ཉིད་དཔལ་རྡོ་རྗེ་སེམས་དཔའི་རྣམ་པར་བསྒོམ་པ་རྟེན་གྱི་སྟོབས་དང་༔ དེའི་སྤྱན་སྔར་རང་གི་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་སྤྱི་དང་༔ ཁྱད་པར་སོ་བྱང་སྔགས་གསུམ་གྱི་སྡོམ་པ་དང་བསླབ་བྱ་དམ་ཚིག་ཉམས་ཆག་འགལ་རལ་འདས་པ་ཐམས་ཅད་གཏན་གྱི་སྡུག་བསྔལ་དྲག་པོའི་རྒྱུར་མཐོང་ནས་སྙིང་ཐག་པ་ནས་གནོང་འགྱོད་དྲག་པོས་བཤགས་པ་རྣམ་པར་སུན་འབྱིན་པའི་སྟོབས་དང་༔ ཕྱིན་ཆད་སྲོག་ལ་བབས་ཀྱང་གཏན་གྱི་སྡུག་བསྔལ་དྲག་པོའི་རྒྱུར་གྱུར་པའི་སྡིག་པའི་ལས་དེ་ལྟ་བུ་སྙིང་ཐག་པ་ནས་མི་བྱེད་སྙམ་པའི་དམ་བཅའ་ཕུར་ཚུགས་སུ་བྱེད་པ་རྣམ་པར་སོར་ཆུད་པའི་སྟོབས་དང་༔ ལུས་ངག་ཡིད་གསུམ་གྱི་སྡིག་པ་དེ་དག་སྦྱང་ཕྱིར་དཔལ་རྡོ་རྗེ་སེམས་དཔའི་སྐུ་སྤྱི་བོར་བསྒོམ༔ གསུང་ཡི་གེ་བརྒྱ་པ་ངག་ཏུ་བཟླས༔ ཐུགས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ༔ དེ་དག་ཚིག་དོན་དང་འབྲེལ་བར་ངག་ནས་འདི་སྐད་བརྗོད་དོ༔ ཨ༔ རང་ཉིད་ཐ་མལ་གནས་པའི་སྤྱི་གཙུག་ཏུ༔ པད་དཀར་ཟླ་བའི་གདན་ལ་ཧཱུྃ་ཡིག་ལས༔ རྩ་བའི་བླ་མ་རྡོ་རྗེ་སེམས་དཔའི་སྐུ༔ དཀར་གསལ་ཟླ་བ་ཞུན་མའི་ལང་ཚོ་ལ༔ ཐབས་ཤེས་དབྱེར་མེད་རྡོ་རྗེ་དྲིལ་ཕྱག་ཅན༔ བདེ་སྟོང་ཟུང་འཇུག་མཚོ་རྒྱལ་ཡུམ་དང་འཁྲིལ༔ ལོངས་སྤྱོད་རྫོགས་སྐུ་སྣང་ལ་རང་བཞིན་མེད༔ གསལ་སྟོང་འཛིན་མེད་ཆུ་ཟླ་ལྟ་བུར་བསྒོམས༔ བདག་ནི་ཚེ་རབས་ཐོག་མ་མེད་པ་ནས༔ ལས་ཉོན་དབང་གིས་སྡིག་པའི་ཁུར་གྱིས་ནོན༔ ཡང་དག་ཐར་པའི་ལམ་ལ་རྒྱབ་ཀྱིས་ཕྱོགས༔ བཟོད་དཀའི་སྡུག་བསྔལ་གསུམ་གྱིས་བཙོན་རར་བཅིངས༔ དེ་ལས་སྐྱོབ་ཕྱིར་ཁྱེད་ཤེས་དད་པའི་བློས༔ སྔར་བྱས་སྡིག་པ་བཤགས་ཤིང་ཕྱིན་ཆད་སྡོམས༔ སྐྱབས་མཆོག་ཁྱེད་ལ་རྩེ་གཅིག་གསོལ་འདེབས་ཕྱིར༔ སྐུ་བསྒོམ་སྔགས་བཟླས་ཏིང་འཛིན་རྩེ་གཅིག་ལ༔ བརྩོན་པར་བྱའོ་མགོན་ཁྱོད་ཐུགས་རྗེའི་མཐུས༔ ལས་ཉོན་སྡིག་སྒྲིབ་དག་པར་མཛད་དུ་གསོལ༔ ཡི་གེ་བརྒྱ་པ་ཐུན་དུ་བཅད་ལ་བཟླ༔ ཁྲི་འབུམ་བརྒྱ་སྟོང་ལ་སོགས་གྲངས་འཁྱོལ་ཚེ༔ སྡིག་སྒྲིབ་དག་པའི་རྟགས་མཚན་སྣ་ཚོགས་དང་༔ རྨི་ལམ་ནའང་ཁྲུས་བྱས་གངས་རིར་འཛེགས༔ ཉི་ཟླ་ཤར་དང་དངོས་སུ་ལུས་སེམས་ལ༔ དགེ་བའི་རྟགས་མཚན་སྣ་ཚོགས་འབྱུང་བར་ངེས༔ དེ་ཡན་ཆད་སྔོན་དུ་འགྲོ་བའི་ཆོས་ཏེ༔ སྣོད་དུ་བཅུད་བཟང་པོ་བླུགས་པ་ལ་ཐོག་མར་བཀྲུ་བཤལ་བྱེད་དགོས་པ་དང་ཆོས་མཚུངས་པས་འདི་རྣམས་ནི་ཟླ་བ་དྲུག་གམ་གསུམ་མམ་ཐ་ན་གཅིག་ལ་སོགས་པར་བརྩོན་པ་དྲག་པོས་ཉམས་སུ་ལེན་པར་བྱའོ༔ ས་མ་ཡཱ༔ གཉིས་པ་དངོས་གཞི་ལའང་རྣམ་གྲངས་བདུན་ཏེ༔ ཞིང་ཁམས་སྦྱངས་ནས་ལུས་ཀྱི་སྟོང་ར་བསྒོམ་པ་དང་གཅིག༔ ཡེ་ཤེས་འཆར་བའི་སྣོད་ལུས་ཀྱི་རྩ་གསུམ་བསྒོམ་པ་དང་གཉིས༔ ཉོན་མོངས་པའི་རྒྱུ་མ་དག་པའི་རླུང་རོ་ཕྱིར་བསལ་བ་དང་གསུམ༔ སྐུ་ལྔ་འགྲུབ་པའི་ཉེ་རྒྱུ་ཡེ་ཤེས་ལྔའི་རླུང་ནང་དུ་སྡུད་པ་དང་བཞི༔ བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་འཆར་ཕྱིར་ཨ་ཤད་འབར་འཛག་བསྒོམ་པ་དང་ལྔ༔ རྒྱལ་ཀུན་འདུས་པའི་བདག་ཉིད་རིགས་ལྔའི་ལྷ་ཚོགས་ལ་བདེ་སྟོང་ཡེ་ཤེས་ཀྱི་མཆོད་པ་འབུལ་བ་དང་དྲུག༔ སྤྲོས་པའི་ཆོས་ཀུན་རྣམ་ཀུན་མཆོག་ལྡན་སྟོང་ཆེན་རྡོ་རྗེ་བཙུན་མོའི་མཁའ་ཀློང་དུ་རྒྱས་འདེབས་པ་དང་བདུན་ནོ༔ དང་པོ༔ འདི་ལྟར་སྣང་བའི་ཡུལ་ཐམས་ཅད་དངོས་པོ་དང་མཚན་མ་མེད་པ་ནམ་མཁའ་ལྟ་བུ་ལ་གསལ་སྣང་མ་འགགས་པ་ཆུ་ཟླ་ལྟར་ཨོ་རྒྱན་མཁའ་འགྲོའི་གླིང་གི་བཀོད་པ་རུས་པའི་རི་རབ༔ རཀྟའི་རྒྱ་མཚོ༔ དུར་ཁྲོད་ཀྱི་ཆས་རྣམས་མ་ཚང་བ་མེད་པའི་དབུས་སུ་པདྨ་དང་བཾ་རོའི་གདན་ལ་རང་གི་རིག་པ་རྒྱུས་མ་བསྐྱེད་རྐྱེན་ལས་མ་བྱུང་འདི་ཞེས་བརྗོད་དུ་མེད་པ་དེ་ཉིད༔ སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་ཤར་ཏེ༔ ངོ་བོ་ཡེ་ཤེས་མཚོ་རྒྱལ་ལ༔ རྣམ་པ་རྡོ་རྗེ་ཕག་མོ་ཁམས་གསུམ་གྱི་འགྲོ་བ་རྣམས་ལ་དམིགས་པ་མེད་པའི་ཐུགས་རྗེའི་ཉམས་དམར་གསལ་ལང་ཚོ་རྒྱས་པའི་སྐུ་ཁྲོ་འཛུམ་ཆགས་པའི་རོས་རབ་ཏུ་མྱོས་པ༔ གཟུང་འཛིན་རྩ་བ་གཅོད་ཅིང་རྟོག་ཚོགས་དབྱིངས་སུ་རོལ་བའི་བརྡར་གྲི་ཐོད་ཀྱི་ཕྱག་རྒྱ་བསྒྱུར་ཞིང་འཁོར་བའི་སྐྱེ་སྒོ་དགག་ཕྱིར་ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ༔ ཞི་བར་གནས་ཀྱང་འགྲོ་བའི་ཁམས་སུ་ཐུགས་རྗེས་འཇུག་པ་མི་འདོར་བའི་བརྡར་ཞབས་གཡོན་པས་བཾ་རོ་སེར་པོའི་སྙིང་གར་བརྫིས་པ༔ ཕ་རོལ་ཏུ་ཕྱིན་པ་དྲུག་མཚོན་ཕྱིར་རུས་པའི་རྒྱན་དྲུག༔ དཔའ་བོ་པདྨ་བཛྲ་དང་འདུ་འབྲལ་མེད་པའི་བརྡར༔ དུག་གསུམ་རྩད་གཅོད་ཀྱི་ཁ་ཊཱཾ་ཀ་བརླ་གཡོན་པ་ལ་བརྟེན་པ༔ གཙང་རྨེའི་རྣམ་རྟོག་གཞོམ་པའི་བརྡར་རྣ་ལྟག་གཡས་སུ་ཕག་ཞལ་ནག་པོས་ངུར་སྒྲ་སྒྲོག་པ༔ སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ༔ གསལ་ལ་འཛིན་པ་མེད་པ་ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟ་བུ༔ སྐུའི་ནང་སྟོང་པ་ཕྲུ་མ་ཕུས་བརྒྱངས་པ་ལྟ་བུ་གཅིག་ཏུ་བསམས་ཏེ༔ ངག་ཏུའང་འདི་སྐད་བརྗོད་དོ༔ ཨེ་མ་ཧོ༔ སྐྱེ་འགག་གནས་གསུམ་བྲལ་བ་སྣང་བའི་ཡུལ༔ སྐྱེ་བ་མེད་ལས་སྐྱེ་བའི་རང་གཟུགས་ཤར༔ ཨོ་རྒྱན་མཁའ་འགྲོའི་ཞིང་ཁམས་འཇིགས་རུང་བ༔ རུས་པའི་རི་རབ་རཀྟའི་རྒྱ་མཚོ་འཁྱིལ༔ རྩི་ཤིང་མཚོན་ཆ་སྒྲ་སྐད་ཧཱུྃ་ཕཊ་བྷྱོ༔ དུར་མེ་རབ་འབར་དུར་རླུང་ཁམ་ནག་འཚུབས༔ ཀེང་རུས་བྱ་གཅན་མང་པོ་རོ་ལ་རྔམ༔ ཐ་མལ་དངོས་འཛིན་བྲལ་བའི་ཞིང་གི་དབུས༔ པད་ཉི་བཾ་རོའི་གདན་ལ་རང་རིག་ཉིད༔ ཡེ་ཤེས་མཚོ་རྒྱལ་རྡོ་རྗེ་ཕག་མོའི་སྐུ༔ འགྲོ་ལ་རྗེས་སུ་ཆགས་པའི་སྐུ་མདོག་དམར༔ གཟུང་འཛིན་རྩད་གཅོད་གྲི་གུག་ཐོད་ཁྲག་བསྣམས༔ ཕ་རོལ་ཕྱིན་དྲུག་རྫོགས་པའི་རུས་རྒྱན་མཛེས༔ གནག་སྣུམ་དབུ་སྐྲའི་ལྕང་ལོ་སྤྱི་བོར་བཅིངས༔ ལྷག་མ་ཐུར་གྲོལ་ཐོད་སྐམ་པྲོག་ཞུས་སྤྲས༔ རྣ་ལྟག་གཡས་སུ་ཕག་ཞལ་ངུར་སྒྲ་སྒྲོགས༔ ཡབ་དང་འབྲལ་མེད་ཁ་ཊཱཾ་མཆན་གཡོན་འཁྱུད༔ བརྐྱང་བསྐུམ་འདོར་སྟབས་སྣང་སྟོང་འོད་སྐུར་བསྒོམས༔ གཉིས་པ་རྩའི་སྟོང་ར་བསྒོམ་པ་ནི༔ རང་གི་སྐུའི་ནང་སྟོང་པའི་ལུས་ཀྱི་དབུས་དྲང་པོར་རྩ་ཨ་ཝ་དྷཱུ་ཏི་བདེ་བ་མཚོན་ཕྱིར་ཕྱི་དཀར་ལ༔ སྟོང་པ་མཚོན་ཕྱིར་ནང་དམར་བ༔ བྱང་ཆུབ་ཀྱི་ལམ་དུ་འགྲོ་བ་ལ་གཞན་དུ་གོལ་ས་མེད་པའི་བརྡར་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ༔ གསང་བ་ཆེན་པོའི་ཐབས་ཀྱིས་ཟིན་པས་ཡང་དག་པའི་ལམ་ལ་བསྒྱུར་ཏུ་བཏུབ་པའི་བརྡར་པདྨའི་འདབ་མ་ལྟར་སྲབ་པ༔ དོན་དམ་ཡེ་ཤེས་ཀྱི་རྩ་དེ་ཉིད་གཅུན་པས་མ་རིག་པའི་མུན་པ་སེལ་ཅིང་ཐར་ལམ་སྣང་བའི་སྒྲོན་མེ་གཅིག་པུར་གྱུར་པའི་བརྡར་ཏིལ་གྱི་མར་མེ་ལྟར་གསལ་བ༔ དངོས་པོ་དང་མཚན་མར་འཛིན་པ་མཐའ་དག་དོན་དམ་པའི་དབྱིངས་སུ་རྣམ་པར་དག་པའི་བརྡར་ནང་སྟོང་པ་སྟེ༔ མཚན་ཉིད་བཞི་དང་ལྡན་པ༔ རྩ་དེ་ཉིད་ལ་གནད་དུ་བསྣུན་པས་འཁོར་བ་དང་ངན་སོང་གི་སྐྱེ་སྒོ་རྩད་ནས་གཅོད་པའི་བརྡར་མར་སྣེ་ལྟེ་འོག་ཏུ་ཁ་ཟླུམ་པ༔ ཡང་དག་པའི་ལམ་ལ་འགྲོ་བའི་སྒོ་འཕྱུགས་པ་མེད་པའི་བརྡར་ཡར་སྣ་རྒྱ་མཐོང་ལྟར་ཁ་ཕྱེ་བ༔ རྩ་གཙོ་མོ་དེའི་གཡས་སུ་རོ་མ་དཀར་མོ༔ གཡོན་དུ་རྐྱང་མ་དམར་མོ་གཉིས་ཀའང་ཕྲ་ལ་དྲང་བ༔ མར་སྣ་གཉིས་དབུ་མའི་འདུས་མདོར་ཟུག་པ༔ ཡར་སྣ་གཉིས་དབུ་མ་དང་ལྷན་ཅིག་ཏུ་གནས་པ་དཔེར་ན་ཀ་བ་སུམ་སྒྲིལ་གྱི་རྣམ་པ་ལྟར་བསྒོམ་ལ༔ ངག་ཏུ་འདི་སྐད་བརྗོད་དོ༔ རང་ལུས་སྣང་སྟོང་འོད་ཀྱི་ཁང་པ་རུ༔ ཡེ་ཤེས་འཆར་བའི་རྩ་གསུམ་ཀ་བ་ལྟར༔ དབུ་མ་ཕྱི་དཀར་ནང་དམར་ཤིན་ཏུ་དྲང་༔ པད་འདབ་ལྟར་མཉེན་ཏིལ་གྱི་མེ་བཞིན་གསལ༔ མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་ཟླུམ༔ ཡར་སྣ་སྤྱི་བོ་ཚངས་བུག་ཟང་ཐལ་ལེ༔ གཡས་སུ་རོ་མ་དཀར་མོ་ཕྲ་ལ་ལྡེམ༔ གཡོན་དུ་རྐྱང་མ་དམར་མོ་གསལ་ལ་འཚེར༔ མར་སྣ་གཉིས་པོ་དབུ་མའི་འདུས་མདོར་ཟུམ༔ ཡར་སྣ་མིག་གཉིས་ལ་ཟུག་ཁ་ཕྱེ་བ༔ ཡེ་ཤེས་རྣམ་ལྔ་འཆར་བའི་རྩ་རུ་བསྒོམ༔ གསུམ་པ་མ་དག་པའི་རླུང་རོ་ཕྱིར་བསལ་བ་ནི༔ རང་གི་ཚེ་རབས་ཐོག་མེད་ནས་ཞེ་སྡང་གི་སྒོ་ནས་བསགས་པའི་ལས་ཉོན་བག་ཆགས་ནད་གདོན་དང་བཅས་པ་རླུང་དུད་ཁའི་རྣམ་པ་ཅན་རོ་མའི་ནང་དུ་ཤུགས་དྲག་ལ་རྩུབ་པ་དང་༔ དེ་བཞིན་དུ་ཚེ་རབས་ཐོག་མེད་ནས་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་ལས་ཉོན་བག་ཆགས་ནད་གདོན་དང་བཅས་པ་རླུང་དམར་སྐྱའི་རྣམ་པ་ཅན་རྐྱང་མའི་ནང་དུ་ཤུགས་མྱུར་ལ་འཇམ་པ་དང་༔ ཚེ་རབས་ཐོག་མེད་ནས་གཏི་མུག་གི་སྒོ་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ནད་གདོན་དང་བཅས་པ་ཐམས་ཅད་རྩ་དབུ་མའི་ནང་དུ་རླུང་ཁམ་ནག་གི་རྣམ་པ་ཅན་དལ་བུར་སྙོམས་པའི་ཤུགས་ཅན་དུ་གནས་པར་བསྒོམས་ལ༔ ཐོག་མར་སྣ་བུག་གཡས་སུ་རླུང་རོ་ལན་གསུམ་བུས་པས་ཞེ་སྡང་གི་རྟོག་པ་དང་དེས་བསྐྱེད་པའི་ལས་ཉོན་བག་ཆགས་ནད་གདོན་དང་བཅས་པ་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་དུ་སངས་སངས་དག་པར་བསམ༔ དེ་བཞིན་དུ་སྣ་བུག་གཡོན་དུ་རླུང་རོ་ལན་གསུམ་བུས་པས་འདོད་ཆགས་ཀྱི་རྟོག་པ་དང་དེས་བསྐྱེད་པའི་ལས་ཉོན་བག་ཆགས་ནད་གདོན་དང་བཅས་པ་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་དུ་སངས་སངས་དག་པར་བསམ༔ དེ་བཞིན་དུ་སྣ་བུག་གཉིས་ཀ་ནས་རླུང་རོ་ལན་གསུམ་བུས་པས་གཏི་མུག་གི་རྟོག་པ་དང་དེས་བསྐྱེད་པའི་ལས་ཉོན་བག་ཆགས་ནད་གདོན་དང་བཅས་པ་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་དུ་སངས་སངས་དག་པར་བསམ་ལ་ངག་ཏུའང་འདི་སྐད་བརྗོད་དོ༔ དམྱལ་བའི་རྒྱུར་གྱུར་ཞེ་སྡང་ལས་གྱུར་རླུང་༔ དུད་ཁའི་མདོག་ཅན་སྣ་བུག་གཡས་པ་ནས༔ ཆོས་ཉིད་སྟོང་པའི་མཁའ་ལ་ཡལ་བར་བསམ༔ ཡི་དྭགས་རྒྱུར་གྱུར་འདོད་ཆགས་ལས་གྱུར་རླུང་༔ དམར་སྐྱའི་མདོག་ཅན་སྣ་བུག་གཡོན་པ་ནས༔ ཆོས་ཉིད་སྟོང་པའི་མཁའ་ལ་ཡལ་བར་བསམ༔ དུད་འགྲོའི་རྒྱུར་གྱུར་གཏི་མུག་ལས་གྱུར་རླུང་༔ ཁམ་ནག་མདོག་ཅན་སྣ་བུག་གཉིས་ཀ་ནས༔ ཆོས་ཉིད་སྟོང་པའི་མཁའ་ལ་ཡལ་བར་བསམས༔ བཞི་པ་དག་པ་ཡེ་ཤེས་ཀྱི་རླུང་ལྔ་ནང་དུ་སྡུད་པ་ནི༔ ཡེ་ནས་རིག་པ་བདེ་གཤེགས་སྙིང་པོའི་རང་རྩལ་དུ་ཡེ་ཤེས་རྣམ་པ་ལྔ་འདུ་འབྲལ་མེད་པར་གནས་པ་ཉིད་མངོན་དུ་འགྱུར་བར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་རླུང་ལྔ་ནང་དུ་སྡུད་པ་ཡིན་ཏེ༔ སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་བདག་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རླུང་ཁ་དོག་མཐིང་གའི་རང་བཞིན་ཅན་ཡི་གེ་ཧཱུྃ་འཇམ་ལ་རིང་བའི་སྒྲ་གདངས་དང་བཅས་པ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་མཚན་དཔེའི་བདག་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རླུང་ཁ་དོག་དཀར་པོའི་རང་བཞིན་ཅན་ཡི་གེ་ཨོཾ་སྙན་ལ་ལྡེམ་པའི་རང་སྒྲ་དང་བཅས་པ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་འགག་པ་མེད་པ་ཚངས་དབྱངས་ཡན་ལག་དྲུག་ཅུའི་བདག་ཉིད་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རླུང་ཁ་དོག་དམར་པོའི་རང་བཞིན་ཅན་ཡི་གེ་ཨཱཿཕྲ་ལ་ཟབ་པའི་རང་སྒྲ་དང་བཅས་པ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་དགོས་འདོད་མ་ལུས་པ་འབྱུང་བའི་བདག་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རླུང་ཁ་དོག་གསེར་ཞུན་མའི་རང་བཞིན་ཅན་ཡི་གེ་ཏྲཾ་བརྗིད་ལ་ལྷུན་ཆགས་པའི་རང་སྒྲ་དང་བཅས་པ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་བདག་ཉིད་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རླུང་ཁ་དོག་ལྗང་གུའི་རང་བཞིན་ཅན་ཡི་གེ་ཧ་དྲག་ལ་མྱུར་བའི་རང་སྒྲ་དང་བཅས་པ༔ རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་ནུས་མཐུ་དང་བདག་གིས་སྔོན་བསགས་ཀྱི་དགེ་བའི་རྩ་བའི་མཐུས་བསྐུལ་ཏེ༔ རང་གི་རླུང་ནང་དུ་རྔུབས་པ་དང་ཆབས་གཅིག་པར་འོད་ཟེར་ཁ་དོག་རྣམ་ལྔ་ཕྲ་ལ་འདྲིལ་བ་ཚོན་སྐུད་ལྟར་གཤིབས་ཏེ་བདག་གི་སྣ་བུག་གཉིས་ཀ་ནས་དལ་བུས་ཞུགས་ཏེ་རྩ་གསུམ་ལྟེམ་གྱིས་གང་བར་བསམས་ལ་འོག་རླུང་དྲག་ཏུ་འཐེན་ཅིང་༔ སྟེང་རླུང་ཐུར་དུ་མནན་ནས༔ བར་རླུང་ཐད་ཀར་བརྒྱངས་པ་དོན་ལ་བརྗོད་དུ་མེད་པའི་རིག་པ་ཆེན་པོའི་རང་ཞལ་བལྟ་བ་དང་མི་འབྲལ་བ་ནི་གནད་ཡང་དག་པའོ༔ ལྔ་པ་བདེ་སྟོང་གི་ཡེ་ཤེས་བསྐྱེད་ཕྱིར་ཨ་ཤད་དང་ཧཾ་ཡིག་བསྒོམས་ཏེ་འབར་འཛག་བྱ་བ་ནི༔ རྩ་དབུ་མའི་མར་སྣེ་ལྟེ་བའི་ཐད་ཀར་ཨ་ཤད་མགོ་བོ་ཐུར་དུ་བསྟན་ཏེ་རྩེ་མོ་གྱེན་ལ་ཕྱོགས་པ༔ དེ་ཡང་མཚན་ཉིད་བཞི་དང་ལྡན་པ་སྟེ༔ རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་ལ་དྭངས་པ༔ ཏིལ་གྱི་མར་མེ་ལྟར་གསལ་ལ་འཚེར་བ༔ ཙནྡན་གྱི་མེ་ལྕེ་ལྟར་ཚ་ལ་མྱུར་བ༔ ཟངས་ཁབ་གྱེན་བསྟན་ལྟར་རྩེ་མོ་རྣོ་ལ་རིང་བ༔ ཡུམ་གོས་དཀར་མོའི་རང་བཞིན་ཅན་ཡིན་པར་བསམ་ལ༔ དབུ་མའི་ཡར་སྣ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་དུ་བསྟན་པ༔ དེ་ཡང་མཚན་ཉིད་བཞི་དང་ལྡན་པ༔ སྟོན་ཀའི་ཟླ་བ་ལྟར་དཀར་བ༔ གངས་ཀྱི་ཆུ་རྒྱུན་ལྟར་བསིལ་བ༔ གཞོན་ནུའི་ཐིག་ལེ་ལྟར་བདེ་བའི་རང་བཞིན་དུ་གནས་པ༔ གང་ཡང་གོ་མ་འགགས་པ་ཆུ་ཟླའི་རང་བཞིན་གསལ་ལམ་མེ་བ་རྒྱལ་ཀུན་བསྐྱེད་པའི་ཡབ་གཅིག་དཔལ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བསམ་མོ༔ དེ་ནས་འབར་འཛགས་སུ་བསྒོམ་པ་ནི༔ ལྟེ་བའི་ཨ་ཤད་གཏུམ་མོའི་མེ་དེ་ཇེ་ཕྲ་ཇེ་རིང་དུ་སོང་བ་ལས་ཚ་དྲོད་ལམ་ལམ་དུ་འབར་ནས་སྤྱི་བོའི་ཧཾ་ལ་མེ་ལྕེ་རེག་པ་ཙམ་གྱིས་ཧཾ་ལས་བདུད་རྩིའི་རྒྱུན་འོ་མའི་ཐིགས་པ་ལྟར་རིམ་གྱིས་བབས་ཏེ་མཐར་ཧཾ་དང་ཨ་ཤད་རོ་གཅིག་ཏུ་གྱུར་པ་ལས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཉམས་བརྗོད་དུ་མེད་པར་གནས་པ་ལ་སེམས་རྩེ་གཅིག་ཏུ་བཟུང་སྟེ་མཉམ་པར་འཇོག་པར་བྱའོ༔ དྲུག་པ་རིགས་ལྔའི་ལྷ་ཚོགས་རྣམས་ལ་བདེ་སྟོང་ཡེ་ཤེས་ཆེན་པོའི་མཆོད་པ་འབུལ་བ་ནི༔ རྩ་དབུ་མའི་ནང་གི་དཔྲལ་བའི་ཐད་ཀར་པད་ཟླའི་གདན་ལ་རྣམ་པར་སྣང་མཛད་ཡབ་ཡུམ་ལ་སྐུ་བདེ་གཤེགས་རིགས་ཀྱི་ལྷ་ཚོགས་མ་ལུས་པས་བསྐོར་བ་དང་༔ དེ་བཞིན་དུ་མགྲིན་པའི་ཐད་ཀར་པད་ཟླའི་གདན་ལ་སྣང་བ་མཐའ་ཡས་ཡབ་ཡུམ་ལ་གསུང་པདྨ་རིགས་ཀྱི་ལྷ་ཚོགས་མ་ལུས་པས་བསྐོར་བ་དང་༔ སྙིང་གའི་ཐད་ཀར་པད་ཟླའི་གདན་ལ་མི་བསྐྱོད་པ་ཡབ་ཡུམ་ལ་ཐུགས་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་མ་ལུས་པས་བསྐོར་བ་དང་༔ ལྟེ་བའི་ཐད་ཀར་པད་ཟླའི་གདན་ལ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་ལ་ཡོན་ཏན་རིན་ཆེན་རིགས་ཀྱི་ལྷ་ཚོགས་མ་ལུས་པས་བསྐོར་བ་དང་༔ གསང་གནས་ཀྱི་ཐད་ཀར་པད་ཟླའི་གདན་ལ་དོན་ཡོད་གྲུབ་པ་ཡབ་ཡུམ་ལ་ཕྲིན་ལས་ཀྱི་རིགས་ཀྱི་ལྷ་མ་ལུས་པས་བསྐོར་བར་བསམ་པ་ནི་གང་ལ་མཆོད་པ་འབུལ་བའི་ཡུལ་གསལ་གདབ་པའོ༔ བདེ་བ་ཆེན་པོའི་མཆོད་པ་ཇི་ལྟར་འབུལ་བའི་ཚུལ་ནི༔ སྤྱི་བོར་ཧཾ་ཡིག་དང་ལྟེ་བའི་ཨ་ཤད་སྔར་ལྟར་གསལ་བ་ལས༔ ཨ་ཤད་ཀྱི་མེས་སྤྱི་བོའི་ཧཾ་ཡིག་བཞུས་པས་བདུད་རྩིའི་རྒྱུན་སྤྱི་བོའི་རྣམ་སྣང་ཡབ་ཡུམ་གྱི་ཞལ་དུ་ཞུགས་ཤིང་སྐུ་ལ་ཐིམ་པས་སྐུ་བདེ་བ་ཆེན་པོའི་ཡེ་ཤེས་རབ་ཏུ་རྒྱས༔ ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཀྱང་བདུད་རྩིའི་རྒྱུན་བྱུང་བས་སྐུ་བདེ་གཤེགས་རིགས་ཀྱི་ལྷ་ཚོགས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ དེའི་བྱིན་རླབས་ཀྱིས་བདག་དང་ལམ་ཞུགས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་སྐུའི་དམ་ཚིག་ཉམས་ཆག་བསྐང་བུམ་པའི་དབང་ཐོབ༔ དགའ་བའི་ཡེ་ཤེས་མངོན་དུ་གྱུར༔ གཏི་མུག་དུད་འགྲོའི་སྐྱེ་སྒོ་ཆོད་དེ་དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་དུ་སྟོན་འཁོར་དགོངས་པ་གཅིག་པའི་འབྲས་བུ་རང་རྒྱུད་ལ་མངོན་དུ་གྱུར་པར་བསམ་མོ༔ དེ་བཞིན་དུ་བདུད་རྩིའི་རྒྱུན་མགྲིན་པའི་སྣང་མཐའ་ཡབ་ཡུམ་གྱི་ཞལ་དུ་ཞུགས་ཤིང་སྐུ་ལ་ཐིམ་པས་གསུང་བདེ་བ་ཆེན་པོའི་ཡེ་ཤེས་རབ་ཏུ་རྒྱས༔ ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཀྱང་བདུད་རྩིའི་རྒྱུན་བྱུང་བས་གསུང་པདྨ་རིགས་ཀྱི་ལྷ་ཚོགས་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ༔ དེའི་བྱིན་རླབས་ཀྱིས་བདག་དང་ལམ་ཞུགས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་གསུང་གི་དམ་ཚིག་ཉམས་ཆག་བསྐང་༔ གསང་བའི་དབང་ཐོབ༔ མཆོག་དགའི་ཡེ་ཤེས་མངོན་དུ་གྱུར༔ སེར་སྣ་ཡི་དྭགས་ཀྱི་སྐྱེ་སྒོ་ཆོད་དེ་ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་དུ་སྟོན་འཁོར་དགོངས་པ་གཅིག་པའི་འབྲས་བུ་རང་རྒྱུད་ལ་མངོན་དུ་གྱུར་པར་བསམ་མོ༔ ཡང་བདུད་རྩིའི་རྒྱུན་སྙིང་གི་མི་བསྐྱོད་པ་ཡབ་ཡུམ་གྱི་ཞལ་དུ་ཞུགས་ཤིང་སྐུ་ལ་ཐིམ་པས་ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་རབ་ཏུ་རྒྱས༔ ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཀྱང་བདུད་རྩིའི་རྒྱུན་བྱུང་བས་ཐུགས་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ༔ དེའི་བྱིན་རླབས་ཀྱིས་བདག་དང་ལམ་ཞུགས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་ཐུགས་ཀྱི་དམ་ཚིག་ཆག་ཉམས་བསྐང་༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཁྱད་པར་གྱི་དགའ་བའི་ཡེ་ཤེས་མངོན་དུ་གྱུར༔ ཞེ་སྡང་དམྱལ་བའི་སྐྱེ་སྒོ་ཆོད་དེ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་སྟོན་འཁོར་དགོངས་པ་གཅིག་པའི་འབྲས་བུ་རང་རྒྱུད་ལ་མངོན་དུ་གྱུར་པར་བསམ་མོ༔ ཡང་བདུད་རྩིའི་རྒྱུན་ལྟེ་བའི་རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་ཞལ་དུ་ཞུགས་ཤིང་སྐུ་ལ་ཐིམ་པས་ཡོན་ཏན་བདེ་བ་ཆེན་པོའི་ཡེ་ཤེས་རབ་ཏུ་རྒྱས༔ ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཀྱང་བདུད་རྩིའི་རྒྱུན་བྱུང་བས་ཡོན་ཏན་རིན་ཆེན་རིགས་ཀྱི་ལྷ་ཚོགས་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ༔ དེའི་བྱིན་རླབས་ཀྱིས་བདག་དང་ལམ་ཞུགས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་ཤེས་བྱ་ལྔ་ལ་སོགས་པའི་ཡན་ལག་གི་དམ་ཚིག་ཉམས་ཆག་བསྐང༔ དོན་དམ་པ་ཚིག་གི་དབང་ཐོབ༔ ལྷན་སྐྱེས་ཀྱི་དགའ་བའི་ཡེ་ཤེས་མངོན་དུ་གྱུར༔ ང་རྒྱལ་གྱི་ལྷའི་སྐྱེ་སྒོ་ཆོད་དེ་ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་དུ་སྟོན་འཁོར་དགོངས་པ་གཅིག་པའི་འབྲས་བུ་རང་རྒྱུད་ལ་མངོན་དུ་གྱུར་པར་བསམ་མོ༔ ཡང་བདུད་རྩིའི་རྒྱུན་གསང་གནས་ཀྱི་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་ཞལ་དུ་ཞུགས་ཤིང་སྐུ་ལ་ཐིམ་པས་ཕྲིན་ལས་བདེ་བ་ཆེན་པོའི་ཡེ་ཤེས་རབ་ཏུ་རྒྱས༔ ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཀྱང་བདུད་རྩིའི་རྒྱུན་བྱུང་བས་ཕྲིན་ལས་ཀྱི་རིགས་ཀྱི་ལྷ་ཚོགས་ལ་མཉེས་པའི་མཆོད་པ་འབུལ༔ དེའི་བྱིན་རླབས་ཀྱིས་བདག་དང་ལམ་ཞུགས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་གསང་སྔགས་ཀྱི་དམ་ཚིག་ལ་གཏོགས་པའི་ལས་ཉོན་བག་ཆགས་ཕྲ་མོ་དང་བཅས་པའི་ཉམས་ཆག་ཐམས་ཅད་བསྐང་༔ གསང་སྔགས་ལམ་དབང་མ་ལུས་པ་མཐའ་དག་ཐོབ༔ དགའ་བཞི་ཞེན་པ་དང་བྲལ་བའི་ཡེ་ཤེས་མངོན་དུ་གྱུར༔ ཕྲག་དོག་ལྷ་མ་ཡིན་གྱི་སྐྱེ་སྒོ་ཆོད་དེ་བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་དུ་སྟོན་འཁོར་དགོངས་པ་གཅིག་པའི་འབྲས་བུ་རང་རྒྱུད་ལ་མངོན་དུ་གྱུར་པར་བསམ་མོ༔ མཐར་སྐུ་ཐམས་ཅད་ཀྱང་ལས་ཀྱི་རིགས་ཀྱི་ལྷ་རྣམས་རིན་ཆེན་རིགས་ཀྱི་ལྷ་རྣམས་ལ་བསྟིམ༔ དེ་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ལ་བསྟིམ༔ དེ་པདྨ་རིགས་ཀྱི་ལྷ་ཚོགས་ལ་བསྟིམ༔ དེ་བདེ་གཤེགས་རིགས་ཀྱི་ལྷ་ཚོགས་ལ་བསྟིམ་ཞིང་དེ་ཡང་རང་གི་སེམས་ཉིད་དང་གཉིས་སུ་མེད་པ་ཨ་དཀར་པོ་གསལ་ལ་དྭངས་པར་བསམས་ཏེ་ཚངས་པའི་བུ་ག་ནས་དཔག་ཆེན་གྱིས་མདའ་འཕངས་པ་ལྟར་འོག་མིན་མཁའ་སྤྱོད་ཀྱི་གནས་སུ་འཕོ་བར་བསམ་པ་ནི་སྟེང་སྒོ་རྣལ་འབྱོར་གྲོལ་བའི་གདམས་ངག་ཡང་དག་པའོ༔ ཡང་བདེ་བ་ལམ་དུ་བྱེད་པའི་གང་ཟག་གིས་སྤྱི་བོའི་ཧཾ་ཡིག་འོད་དུ་ཞུ་ནས་རྣམ་སྣང་ཡབ་ཡུམ་གཙོ་འཁོར་ལ་ཐིམ༔ དེ་ཡང་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་ནས་སྣང་མཐའ་ཡབ་ཡུམ་གཙོ་འཁོར་ལ་ཐིམ༔ དེ་ཡང་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་ནས་མི་བསྐྱོད་པ་ཡབ་ཡུམ་གཙོ་འཁོར་ལ་ཐིམ༔ དེ་ཡང་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་ནས་རིན་འབྱུང་ཡབ་ཡུམ་གཙོ་འཁོར་ལ་ཐིམ༔ དེ་ཡང་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་ནས་དོན་གྲུབ་ཡབ་ཡུམ་གཙོ་འཁོར་ལ་ཐིམ༔ དེ་ཡང་འོད་དུ་ཞུ་ནས་ཨ་ཤད་གཏུམ་མོའི་མེ་ལ་ཐིམ༔ དེ་ལ་སེམས་རྒྱུན་དུ་བཟུང་བ་ཙམ་གྱིས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བྱེད་པས་གཏུམ་མོ་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ཡིན་ནོ༔ བདུན་པ་སྤྲོས་པའི་ཆོས་ཀུན་རྣམ་ཀུན་མཆོག་ལྡན་སྟོང་ཉིད་བཙུན་མོའི་མཁའ་དབྱིངས་སུ་རྒྱས་འདེབས་པ་ནི༔ འདི་ལྟར་སྣང་བའི་འཁོར་འདས་བཟང་ངན་བདེ་སྡུག་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་དང་པོ་གང་ནས་ཀྱང་སྐྱེ་བ་མེད་པས་ནམ་མཁའ་ལ་ཤར་བའི་འཇའ་ཚོན་ལྟ་བུ༔ བར་དུའང་གནས་པ་མེད་པས་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ༔ མཐར་གང་དུའང་འགག་པ་མེད་པ་བུམ་པ་ཆག་པའི་ནང་གི་སྟོང་ཆ་ལྟ་བུ༔ དེ་བཞིན་དུ་རང་ལུས་མཁའ་འགྲོར་བསྒོམ་པ་དང་༔ ལུས་ལ་བརྟེན་པའི་རྩ་བསྒོམ་པ་དང་༔ རྩ་ལ་བརྟེན་པའི་ཐིག་ལེ་འབར་འཛག་བྱ་བ་དང་༔ དེས་བདེ་བའི་རྒྱུན་མཆོད་པའི་ཡུལ་རིགས་ལྔའི་ལྷ་ཚོགས་རྣམས་དང་༔ དེ་དག་མཆོད་པའི་བྱིན་རླབས་དང་ཕན་ཡོན་སོགས་དམིགས་པ་དང་བཅས་པའི་ཆོས་ཐམས་ཅད་དམིགས་པ་མེད་པ་ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ་རྒྱས་འདེབས་པར་བྱ་བ་ལ༔ དམིགས་པ་ལ་བརྟེན་ཏེ་རྒྱས་འདེབས་པ་དང་༔ དམིགས་པ་མེད་པའི་ངང་དུ་མཉམ་པར་འཇོག་པའོ༔ དང་པོ་ནི༔ ཕྱིའི་ཞིང་གི་བཀོད་པ་མཐའ་དག་འོད་དུ་ཞུ་ནས་རང་ལུས་རྡོ་རྗེ་རྣལ་འབྱོར་མ་ལ་བསྟིམ༔ དེ་འོད་དུ་ཞུ་ནས་རྩ་གཙོ་མོ་གསུམ་ལ་ཐིམ༔ དེ་ཡང་འོད་དུ་ཞུ་ནས་ཨ་ཐུང་ལ་བསྟིམ༔ དེ་ཡང་ཇེ་ཕྲར་གྱུར་ཏེ་སྤུ་ཉག་ལྟར་ཤིན་ཏུ་ཕྲ་བ་ལ་སེམས་གཏད་དེ་དམིགས་པ་མེད་པའི་ངང་དུ་ཡུན་རིང་བར་བསྒོམ༔ དེ་ཡང་དོན་དམ་པའི་མཁའ་ལ་ཡལ་ཏེ་སྤྲོས་པ་མེད་པའི་ཀློང་དུ་མཉམ་པར་འཇོག་པའོ༔ གཉིས་པ་ནི༔ སྐྱེ་འགག་གནས་གསུམ་དང་བྲལ་བའི་སེམས་ཀྱི་རང་ངོ་ལ་བལྟས་པས༔བལྟ་བྱའི་ཡུལ་གྱི་བལྟ་བ་དང་༔དེ་ཡུན་རིང་དུ་གོམས་པར་བྱེད་པའི་སྒོམ་མཁན་དེའི་འབྲས་བུ་ཐོབ་པར་བྱ་བ་རྣམས་ཡེ་ནས་མ་གྲུབ་པའི་དབྱིངས་ཀུན་ཏུ་བཟང་མོའི་རང་བཞིན་ལས་མ་འདས་པས་རང་བབས་སུ་འཇོག་པའོ༔ ས་མ་ཡཱ༔ གསུམ་པ་རྗེས་ཀྱི་རིམ་པ་ལའང་གསུམ་སྟེ༔ སྤང་བྱའི་དམ་ཚིག་བསྟན་པ་དང་གཅིག༔ བསྒྲུབ་བྱའི་དམ་ཚིག་བསྟན་པ་དང་གཉིས༔ དགེ་བ་སེམས་ཅན་གྱི་དོན་དུ་བསྔོས་ཏེ་ཤིས་པ་བརྗོད་པ་དང་གསུམ་ལས༔ དང་པོ་ནི༔ མཁའ་འགྲོ་སྤྱིའི་དམ་ཚིག་ཏུ་བུད་མེད་ཡོངས་ལ་སྨད་པ་སྤང་བར་བྱ་བ་དང་༔ དབང་གི་དམ་ཚིག་ཏུ་བླ་མའི་གསང་ཡུམ་དང་རང་གི་རིག་མ་ལ་སྨད་པ་སྤང་བར་བྱ་བ་དང་༔ ལུས་ལྷར་བསྒོམ་པའི་དམ་ཚིག་ཏུ་རང་དང་གཞན་གྱི་ལུས་ལ་ཐ་མལ་དུ་བལྟས་ཏེ་བརྙས་ཤིང་སྐུར་བ་འདེབས་པ་སྤང་བ་དང༔ རྩ་བསྒོམ་པའི་དམ་ཚིག་ཏུ་ལུས་ཀྱི་རྩ་འཁྲུགས་པའི་ལས་དྲག་ཤུལ་གྱི་སྤྱོད་པ་སྤང་བ་དང་༔ འབར་འཛགས་ཀྱི་དམ་ཚིག་ཏུ་ལུས་ཀྱི་ཟུངས་རྟེན་དུ་གྱུར་པ་ཀུན་རྫོབ་ཀྱི་ཐིག་ལེ་ཉམས་པར་བྱ་བ་སྤང་བ་དང་༔ གཏུམ་མོའི་དམ་ཚིག་ཏུ་སྣམ་རས་དང་སྤུ་ཅན་གྱི་གོས་ལ་བདེ་དྲོད་འབར་བའི་བློ་ལྟོས་ཀྱི་རེ་གདེང་འཆའ་བ་སྤང་བའོ༔ གཉིས་པ་ནི༔ རང་བཞིན་གྱི་ལུས་ལྷའི་སྐུ་ཡིན་པས་རྟག་ཏུ་བསྐྱེད་རིམ་ལ་གནས་པས་དད་གུས་དང་སྲི་ཞུ་བྱ་བ་དང་༔ རྩ་སྤྲུལ་སྐུ༔ རླུང་ལོངས་སྐུ༔ ཐིག་ལེ་ཆོས་སྐུར་ཤེས་པས་ཐ་མལ་དུ་མི་ལྟ་བར་རྩ་མདུད་གྲོལ་བའི་ཐབས་ལ་འབད་པ་དང་༔ བདེ་དྲོད་འབར་བའི་ཕྱིར་གཏུམ་མོའི་གོས་ལ་བློ་གཏད་འཆོས་པ་དང་༔ ཀུན་རྫོབ་ཀྱི་ཐིག་ལེ་དགའ་བ་བཞིའི་ལམ་དུ་སློང་ཞིང་དོན་དམ་ཐིག་ལེ་ཆེན་པོ་རྒྱས་འདེབས་པར་བྱ་བ་ཡིན་ནོ༔ གསུམ་པ་ནི༔ དེ་ལྟར་མཁའ་འགྲོའི་གསང་སྒྲུབ་ཟབ་མོ་ལ་བརྟེན་པའི་དགེ་བའི་རྩ་བ་འདིས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྤྲུལ་སྐུ་ཡེ་ཤེས་མཁའ་འགྲོ་མ་མཁར་ཆེན་བཟས་རྗེས་སུ་བཟུང་ནས་རང་བཞིན་རྫོགས་པ་ཆེན་པོའི་གདམས་པ་ཟབ་མོས་རིག་པ་ཆོས་ཉིད་མངོན་སུམ་གྱི་དོན་ཇི་ལྟ་བ་བཞིན་ངོ་སྤྲད༔ དེ་ཉིད་ལ་གོམས་པར་བྱས་པའི་ཉམས་ཀྱི་སྣང་བ་གོང་དུ་འཕེལ་ནས་རིག་པ་ཚད་ལ་ཕེབས་ནས་ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྡོ་རྗེ་ཕག་མོའི་ཞིང་དུ་ས་བཅུ་དང་ལམ་ལྔའི་དཔལ་ཡོན་ཐམས་ཅད་དཀའ་བ་མེད་པར་མིག་འཕྲུལ་ལྟར་མྱུར་དུ་བགྲོད་ནས་ཆོས་ཟད་བློ་འདས་ཆེན་པོ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡུམ་ཆེན་མོ་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ་ནང་གསལ་གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པའི་རྒྱུར་བསྔོ་བར་བགྱིའོ༔ དེ་ལྟར་བསྔོས་པའི་མཐུས་དེ་བཞིན་དུ་འགྲུབ་ནས་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག་ཅིག༔ ཅེས་འདུན་པ་རྩེ་གཅིག་པས་ངག་ཏུའང་འདི་བཞིན་དུ་བརྗོད་དོ༔ ཨེ་མ་ཧོ༔ སྤྲུལ་སྐུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས༔ བདག་གཞན་སེམས་ཅན་བརྩེ་བས་རྗེས་བཟུང་སྟེ༔ རང་བཞིན་རྫོགས་པ་ཆེན་པོའི་གསང་ལམ་ནས༔ ཆོས་ཉིད་མངོན་སུམ་དགོངས་དོན་སྟོན་ཕྱིར་བསྔོ༔ བློ་འདས་ལྟ་བའི་གདེང་ཚད་བརྟན་པོ་ཡིས༔ ཐོད་རྒལ་བསྒོམས་པས་ཉམས་སྣང་གོང་དུ་འཕེལ༔ རིག་པ་གནད་དུ་བསྣུན་པ་ཚད་ལ་ཕེབས༔ ལོངས་སྐུའི་མཁའ་འགྲོའི་རང་ཞལ་མཐོང་ཕྱིར་བསྔོ༔ ཆོས་ཀུན་ཆོས་ཉིད་གཅིག་གི་རོལ་པ་ལ༔ བཟང་ངན་སྤང་བླང་དགག་སྒྲུབ་དབྱིངས་སུ་ཡལ༔ རྟོག་པས་བཏགས་པའི་འཁོར་འདས་མིང་དུ་ཟད༔ ཆོས་སྐུ་མཁའ་འགྲོའི་གཏན་སྲིད་ཟིན་ཕྱིར་བསྔོ༔ དེ་ལྟར་བདག་གིས་དགེ་རྩ་བསྔོས་པའི་མཐུས༔ གནས་སྐབས་ནད་གདོན་འགལ་རྐྱེན་ཀུན་ལས་གྲོལ༔ ཆོས་མཐུན་བསམ་པ་མ་ལུས་ཡིད་བཞིན་འགྲུབ༔ འཇིག་རྟེན་མཁའ་འགྲོའི་ཚོགས་རྣམས་དབང་དུ་འདུས༔ ཤ་ཟ་མཁའ་འགྲོས་ལོག་འདྲེན་བར་ཆད་སྒྲོལ༔ ཡེ་ཤེས་མཁའ་འགྲོས་མ་ཡིས་བུ་བཞིན་དགོངས༔ མཐར་ཐུག་རང་དང་འབྲེལ་ཐོགས་འགྲོ་བ་ཀུན༔ རྔ་ཡབ་གླིང་དུ་པད་འབྱུང་ཡབ་ཡུམ་གྱིས༔ དབང་བསྐུར་ལུང་བསྟན་དབུགས་དབྱུང་མཛད་པའི་མཐུས༔ ས་བཅུ་ལམ་ལྔ་ཐོགས་མེད་བགྲོད་ནས་སླར༔ ཁམས་གསུམ་འདྲེན་པ་ཆོས་ཀྱི་རྒྱལ་པོར་ཤོག༔ དེ་ནས་ཤིས་པ་བརྗོད་པ་ནི༔ ཨེ་མ་ཧོ༔ རྔ་ཡབ་དཔལ་རི་སྤྲུལ་པའི་ཕོ་བྲང་ནས༔ ཐུགས་རྗེའི་སྤྱན་གྱིས་འགྲོ་ཁམས་ཡོངས་ལ་གཟིགས༔ ཟབ་རྒྱའི་བརྡའ་འགྲོལ་ཟབ་གཏེར་ལག་ཏུ་སྤྲད༔ དྲིན་ལྡན་མ་ཅིག་མཚོ་རྒྱལ་བཀྲ་ཤིས་ཤོག༔ ངེས་མེད་སྨོན་ལམ་ལས་འཕྲོའི་ཕོ་བྲང་ནས༔ ཟབ་མོའི་གཏེར་ལ་ཟོལ་མེད་ངེས་ཤེས་སྐྱེས༔ ཟབ་རྒྱའི་གསང་མཛོད་འགྲོལ་ལ་བསྐུལ་བྱང་མཛད༔ ཟབ་གཏེར་སྟོན་འཁོར་འདུས་པའི་བཀྲ་ཤིས་ཤོག༔ བསླུ་མེད་རྒྱལ་བའི་བཀའ་དང་མི་འགལ་ཞིང་༔ རྩོད་མེད་ཡོངས་གྲགས་མཁས་པས་དབུགས་དབྱུང་མཛད༔ ཚད་མེད་ཐུགས་རྗེའི་བདག་ཉིད་པད་འབྱུང་གཏེར༔ མི་ནུབ་ཡུན་དུ་གནས་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་མཁའ་འགྲོའི་གསང་སྒྲུབ་ཟབ་མོ་འདི་ཉིད་ཉམས་སུ་ཚུལ་བཞིན་དུ་ལེན་པའི་སྐལ་ལྡན་ལ་ཉམས་ལེན་གྱི་དྲོད་ཚད་མེ་ལྟར་འབར་ཞིང་མཆོག་ཐུན་གྱི་དངོས་གྲུབ་རིན་པོ་ཆེའི་གླིང་དུ་སོན་པ་ལྟར་ཅི་འདོད་ཀྱི་དངོས་གྲུབ་འབད་མེད་དུ་འབྱུང་བས་ངེས་ཤེས་ལྡན་པས་བརྩོན་པ་རྒྱུན་རིང་དུ་མཛད་པར་འཚལ་ལོ༔ སྨྲས་པ༔ མཁའ་འགྲོའི་གསང་སྒྲུབ་བདེ་ཆེན་མྱུར་ལམ་འདི༔ དད་ཅན་སྐྱེས་བུས་ཡང་ཡང་བསྐུལ་བའི་ངོར༔ པདྨས་རྗེས་བཟུང་ལུང་རིག་གླིང་པ་ཡིས༔ ཐོལ་བྱུང་ཡི་གེའི་རིས་སུ་ཕབས་པ་ཡི༔ དགེ་བས་མ་གྱུར་འགྲོ་བ་སེམས་ཅན་རྣམས༔ ཆོས་དབྱིངས་ཀུན་ཏུ་བཟང་མོའི་ས་ཐོབ་ཤོག༔ དགེའོ༔ དགེའོ༔ དགེའོ༔


previousམཚོ་རྒྱལ་གསང་སྒྲུབ་བདེ་ཆེན་མྱུར་ལམ། next