Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
སྔགས་སྲུང་རལ་གཅིག་མའི་སྒྲུབ་ཐབས་རྣལ་འབྱོར་ཡིད་བཞིན་རེ་སྐོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྔགས་སྲུང་རལ་གཅིག་མའི་སྒྲུབ་ཐབས་རྣལ་འབྱོར་ཡིད་བཞིན་རེ་སྐོང་།next

སྔགས་སྲུང་རལ་གཅིག་མའི་སྒྲུབ་ཐབས་རྣལ་འབྱོར་ཡིད་བཞིན་རེ་སྐོང་།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ སྔགས་སྲུང་རལ་གཅིག་མའི་སྒྲུབ་ཐབས་རྣལ་འབྱོར་ཡིད་བཞིན་རེ་སྐོང་བཞུགས༔

རང་བྱུང་དབྱིངས་ཀྱི་མཁའ་འགྲོར་འདུད༔ ཐུགས་ཐིག་ཆོས་སྐྱོང་ཐམས་ཅད་ཀྱི༔ གཙོ་མོ་སྔགས་སྲུང་རལ་གཅིག་དང་༔ དུད་སོལ་ལྷ་མོའི་མཆོད་ཐབས་བསྟན༔ ས་མ་ཡཱ༔ དང་པོ་དབེན་གནས་ཉམས་དགའ་བར༔ ཡར་མར་ཚེས་བཅུའི་དུས་ཆེན་ནམ༔ ཡང་ན་རྒྱལ་ཕུར་ལ་སོགས་པ༔ འཕྲོད་སྦྱོར་ལེགས་པར་མགོ་བརྩམ་སྟེ༔ དཀྱིལ་འཁོར་བཀོད་ལེགས་ཐིག་ཆེན་བརྒྱད༔ མུ་ཁྱུད་ལྔ་པ་ཟླུམ་བསྐོར་དབུས༔ ཆོས་འབྱུང་བསྣོལ་མའི་ལྟེ་བ་རུ༔ དགའ་འཁྱིལ་མཿཡིག་སྨུག་ནག་མཚན༔ དེ་མཐར་རྩིབས་བརྒྱད་སྡེ་བརྒྱད་ཀྱི༔ སྲོག་སྔགས་རང་མདོག་ཚོན་གྱིས་བསྒྱུར༔ དེ་ཡི་ཕྱི་རིམ་པད་འདབ་ནི༔ སོ་གཉིས་དཀར་སེར་དམར་ལྗང་མདོག༔ རྡོ་ར་སེར་ལ་མེ་རི་དམར༔ དབུས་སུ་མཉྫིའི་ཁྲི་འུ་ཁར༔ དུམ་གསུམ་ཐོད་པ་ཡང་ན་ལྕགས༔ གང་རུང་སྣོད་དུ་དཔལ་བཤོས་ནི༔ ཕུར་དབལ་ལྟ་བུ་ཐོད་སྐམ་དང་༔ རྡོ་རྗེའི་ཏོག་གིས་མཚན་པའི་རྩེར༔ མེ་རི་གཡས་གཡོན་སྙིང་དང་ཞགས༔ རུ་མཚོན་སྐུ་གཟུགས་མཐིང་ག་གུར༔ སྡེ་བརྒྱད་བཤོས་བུ་མཁའ་འགྲོ་ནི༔ ཞི་རྒྱས་དབང་དྲག་ཕྱོགས་སུ་འཁོད༔ དར་རས་གཅན་གཟན་རས་མ་སོགས༔ རྒྱན་དང་བཀོད་པ་ཕུན་ཚོགས་བྱ༔ གཡས་གཡོན་སྨན་རཀ་དེའི་མདུན་དུ༔ དུད་སོལ་ལྷ་མོའི་བཤོས་བུ་ནི༔ སྡེ་བརྒྱད་དཔལ་གཏོར་རྒྱན་ལྡན་བཤམས༔ ཉེར་སྤྱོད་མཆོད་པས་མཐའ་ནས་བསྐོར༔ རྣལ་འབྱོར་ཡི་དམ་ཆོས་སྐྱོང་ལ༔ ཡིད་ཆེས་རྩེ་གཅིག་བློ་གཏད་ཅིང་༔ སྟོང་ཉིད་ལྟ་བའི་གདེང་ལྡན་པས༔ དང་པོ་རལ་གཅིག་བདག་བསྐྱེད་དེ༔ བཟླས་པ་བྱ་ཞིང་མདུན་གྱི་རྟེན༔ དབྱེར་མེད་དུད་སོལ་ལྷ་མོ་སྒྲུབ༔ དེས་ནི་ལས་ཀུན་འགྲུབ་པར་འགྱུར༔ དང་པོ་ཚོགས་བསགས་རིམ་པ་ནི༔ ན་མོ༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ མཆོག་གསུམ་ལྷ་ལ་སྐྱབས་སུ་མཆི༔ ཁམས་གསུམ་བདེ་ལ་འགོད་བྱའི་ཕྱིར༔ རྩ་གསུམ་ཆོས་སྐྱོང་བསྒྲུབ་པར་བགྱི༔ མདུན་མཁར་བཞུགས་པའི་ཚོགས་ཞིང་ལྷར༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ དུས་གསུམ་དགེ་ལ་རྗེས་ཡི་རང་༔ བླ་མེད་ཆོས་འཁོར་བསྐོར་བར་བསྐུལ༔ སེམས་ཅན་དོན་ཕྱིར་བཞུགས་གསོལ་འདེབས༔ དགེ་ཚོགས་སངས་རྒྱས་ཐོབ་ཕྱིར་བསྔོ༔ ལན་གསུམ༔ གཉིས་པ་མཆོད་རྫས་བྱིན་བརླབ་ནི༔ སྭ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས་མཆོད་རྫས་ཀུན༔ ངོ་བོ་ཟག་མེད་བདུད་རྩི་ལ༔ རྣམ་པ་དགྲ་བགེགས་གསང་མཆོད་རྫས༔ དཔག་ཡས་ལྷ་ཚོགས་མཉེས་བྱེད་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་པཱུ་ཛ་ཨ་ཧཱུྃ༔ གསུམ་པ་བདག་བསྐྱེད་སྒོམ་པ་དང་༔ མདུན་གྱི་རྟེན་གཏོར་དབྱེར་མེད་ལ༔ ཧཱུྃ༔ གདོད་ནས་མི་དམིགས་ཆོས་ཀྱི་དབྱིངས༔ མ་རྟོགས་འགྲོ་ལ་སྙིང་རྗེའི་གདངས༔ ཟུང་འཇུག་རྩལ་ལས་ཕྱི་སྣོད་ཞིང་༔ ཕོ་བྲང་ཆེན་པོ་ལྕང་ལོ་ཅན༔ དུར་ཁྲོད་མཚན་ཉིད་ཡོངས་སུ་རྫོགས༔ ཁྲག་ཞག་འབབ་ཆུ་ཤ་ཆེན་གཞི༔ དུར་མེ་འབར་ཞིང་རླུང་ནག་འཚུབས༔ བྱ་གཅན་རོ་ལངས་ཀེང་རུས་རྒྱུག༔ ཐོད་མཁར་གྲུ་གསུམ་ཙིཏྟའི་ཏོག༔ ཞིང་གི་རྒྱལ་མཚན་གནམ་ལྕགས་སྒོ༔ རྡོ་རྗེའི་ར་བ་ལྷ་བརྒྱད་ཀྱི༔ ཀ་བ་རྔམས་ཤིང་གཟའ་ཆེན་རྣམས༔ དྲལ་ཕྱམ་ཀླུ་བརྒྱད་གདུང་མར་བྲེས༔ ཉི་ཟླའི་སྐར་ཁུང་ཆུ་སྲིན་རྒྱན༔ དེ་དབུས་ཁྲག་མཚོ་ཆོས་འབྱུང་ཁར༔ པད་ཉི་དགྲ་བགེགས་རོ་ཡི་སྟེང་༔ རང་སེམས་མཿཡིག་སྨུག་ནག་ལས༔ འོད་འཕྲོས་རྩ་གསུམ་ཆོས་སྐྱོང་དང་༔ གནས་གསུམ་མཁའ་འགྲོའི་མཐུ་ནུས་བསྡུས༔ དགྲ་བགེགས་ཚར་བཅད་དྲན་རྫོགས་སུ༔ དབྱིངས་ཀྱི་མ་མོ་རལ་གཅིག་མ༔ ཁྲོས་མ་ནག་མོ་འབར་བའི་གདོང་༔ སྨུག་ནག་ཆར་སྤྲིན་འཐིབས་འདྲའི་མདོག༔ སྤྱན་གཅིག་དམར་ནག་ཁྲག་མཚོར་ཁོལ༔ རལ་གཅིག་གཡུ་ཡི་དུད་པ་འཐུལ༔ བྲང་ན་ནུ་གཅིག་བདུད་རྩི་འཛགས༔ ཚེམས་གཅིག་གངས་རི་ལྟ་བུར་གཙིགས༔ ཕྱག་གཡས་ཞིང་བཅུའི་ཙིཏྟ་འདྲད༔ གཡོན་པས་ཞིང་དབྱུག་ལྕགས་སྤྱང་འགྱེད༔ སྐུ་སྟོད་མི་ལྤགས་ཁྲག་འཛགས་སྟེང་༔ སྤྲིན་དཀར་སྟོད་གཡོགས་འཇའ་ཚོན་རིས༔ སྐུ་སྨད་སྟག་གི་ཤམ་ཐབས་གསོལ༔ ཐོད་སྐམ་རིགས་ལྔའི་ཅོད་པཎ་རྩེར༔ རིགས་བདག་བཛྲ་པཱ་ཎིས་བརྒྱན༔ ཐོད་རློན་ལྔ་བཅུའི་དོ་ཤལ་སྤྲས༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ དུད་སྤྲིན་མེ་རི་འཁྲིགས་པའི་ཀློང་༔ སྲིད་གསུམ་འགྲན་ཟླ་བྲལ་བར་གསལ༔ དེ་ཕྱིར་གནམ་ལྕགས་རྩིབས་བརྒྱད་པའི༔ ཤར་དུ་ཨ་ལས་ཚངས་པ་དཀར༔ བེར་སྨུག་གསོལ་ཞིང་རྟ་དཀར་ཆིབས༔ མདུང་དར་ལྷབ་ལྷུབ་ཤེལ་གྲི་ཕྱར༔ དར་ཐོད་ཉི་ཟླའི་འཕྲུ་ཡིས་བརྒྱན༔ ལྷོ་རུ་ཡ་ལས་གཤིན་རྗེ་སེར༔ མ་ཧེ་སེར་ནག་རྔམ་པར་ཆིབས༔ མི་ལྤགས་གསོལ་ཞིང་ཐོད་དབྱུག་ཕྱར༔ ཞགས་པས་ཉམས་པའི་སྐེ་ནས་ཁྲིད༔ ཐོད་སྐམ་དབུ་རྒྱན་ཁྲོ་གཏུམ་འབར༔ ནུབ་ཏུ་ཙ་ལས་བཙན་རྒོད་དམར༔ བསེ་ཁྲབ་བསེ་རྨོག་རྟ་དམར་ཆིབས༔ མདུང་དམར་ཞགས་པ་འཁོར་གསུམ་སྤྲས༔ ཨཾ་གཙིགས་བསྡམས་ཤིང་གློག་ཞགས་འཁྱུགས༔ བྱང་དུ་དུ་ལས་བདུད་རྗེ་ནག༔ རྟ་ནག་ཞོན་ཞིང་བདུད་ཞགས་བསྣམས༔ སྐན་སྒྲ་གཏོག་ཅིང་ཁྲམ་ཤིང་ཕྱར༔ བེར་ནག་བཀླུབས་ནས་མགོ་ཕྲེང་རྔམས༔ ཤར་ལྷོར་ན་ལས་ཀླུ་སྲིན་སྨུག༔ སྦྲུལ་གྱི་གདེངས་ཀ་སྤྲིན་ལྟར་གཡོ༔ སྦྲུལ་མཇུག་ཆུ་སྲིན་ཁམ་སེར་ཞོན༔ གཡས་གཡོན་ནད་རྐྱལ་སྦྲུལ་ཞགས་འཕེན༔ ལྷོ་ནུབ་རུ་ལས་ར་ཧུ་ལ༔ མགོ་དགུ་དུད་མདོག་ལྟོ་ཞལ་གདངས༔ བྱ་རོག་གཙུག་ཏོར་སྦྲུལ་མཇུག་འཁྱིལ༔ ཕྱག་བཞི་མདའ་གཞུ་ཆུ་སྲིན་ཞགས༔ གཡུ་འབྲུག་ཞོན་ཅིང་ཐོག་སེར་འཁྲུགས༔ ནུབ་བྱང་ཤ་ལས་ཐེའུ་རང་གཙོ༔ མགར་བ་ནག་པོ་ར་སྐྱེས་ཞོན༔ སག་ཞུ་གསོལ་ཞིང་བེར་དམར་གསོལ༔ ཞབས་གཉིས་ལྕགས་ལྷམ་ནག་པོ་བརྗིད༔ གཡས་གཡོན་རྡོ་རྗེའི་ཐོ་བ་དང་༔ མགར་གྱི་སྦུད་པ་རླུང་ནག་འཚུབས༔ བྱང་ཤར་མ་ལས་མ་མོ་མཐིང་༔ བོང་བུ་ཞོན་ཅིང་རེ་ལྡེ་དང་༔ དར་ནག་བེར་གསོལ་བ་དན་ཕྱར༔ ཐོད་ཁྲག་གསོལ་ཞིང་ཉི་ཟླས་བརྒྱན༔ རབ་ཏུ་ཁྲོས་པའི་སྐུ་རུ་གསལ༔ ཕྱི་རོལ་མཁའ་འགྲོ་སུམ་ཅུ་གཉིས༔ དཀར་སེར་དམར་ལྗང་མ་ངེས་གཟུགས༔ ཕྱག་མཚན་ཞོན་པ་སྤྲུལ་བསྒྱུར་འགྱེད༔ ཀུན་གྱི་གནས་གསུམ་འབྲུ་གསུམ་མཚན༔ འོད་ཟེར་དཀར་དམར་མཐིང་ག་འཕྲོས༔ འོག་མིན་གནས་དང་རི་རབ་རྩེར༔ ལྕང་ལོ་ཅན་དང་དུར་ཁྲོད་བརྒྱད༔ གནས་ཡུལ་གར་བཞུགས་ཞིང་ཁམས་ནས༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོའི་གཙོ༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས༔ རང་དང་མདུན་གྱི་རྟེན་རྫས་ལ༔ དབྱེར་མེད་རོ་གཅིག་ཚུལ་དུ་བསྒོམ༔ བཞི་པ་སྤྱན་འདྲེན་སྤོས་རོལ་དང་༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་བྷྱོ༔ འོག་མིན་བདེ་ཆེན་ཆོས་ཀྱི་དབྱིངས༔ གནམ་ལྕགས་རི་རབ་འབར་བའི་རྩེར༔ ལྷོ་ཕྱོགས་རྒྱ་མཚོ་ཆེན་པོའི་འགྲམ༔ གསང་བདག་ཕོ་བྲང་ལྕང་ལོ་ཅན༔ མ་ངེས་གནས་ཡུལ་དུར་ཁྲོད་ནས༔ མ་མོ་མཁའ་འགྲོ་ཡོངས་ཀྱི་གཙོ༔ དབྱིངས་ཀྱི་ཁྲོ་མོ་རལ་གཅིག་མ༔ སྡེ་བརྒྱད་དྲེགས་པའི་འཁོར་དང་བཅས༔ གནས་ཡུལ་ཌཀྐཱིའི་དཔུང་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བར་ཆད་བསལ་ཕྱིར་སྤྱན་འདྲེན་ན༔ རྐྱེན་ངན་བཟློག་ཕྱིར་གཤེགས་སུ་གསོལ༔ དངོས་གྲུབ་སྩོལ་ཕྱིར་སྤྱན་འདྲེན་ན༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ སྒྲུབ་པའི་རྟགས་མཚན་མ་འགྱང་བར༔ མྱུར་མགྱོགས་ཐུགས་རྗེས་ཤུགས་ཕྱུང་ལ༔ མོས་པའི་བུ་ལ་བརྩེར་དགོངས་ནས༔ རྫུ་འཕྲུལ་ཤུགས་ཀྱིས་གཤེགས་སུ་གསོལ༔ ཨོཾ་རོ་རུ་ཨེ་ཀ་ཛ་ཊི་ཨ་ཡ་མ་དུ་རུ་ཙ་ཤ་ན་ཌཀྐཱི་ནཱི་བཛྲ་ས་མ་ཡཱ་ཛཿཛཿ ལྔ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་བྷྱོ༔ དུག་གསུམ་པད་ཉི་རོ་གདན་ལ༔ དབྱིངས་ནས་སྐུར་བཞེངས་རལ་གཅིག་མ༔ སྤྲུལ་པ་ཡང་སྤྲུལ་མ་ལུས་པ༔ སྒྲུབ་ལ་དངོས་གྲུབ་སྩོལ་བའི་ཕྱིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཛ་ཧཱུྃ་བྃ་ཧོ་ཏིཥྛ་ལྷན༔ དྲུག་པ་གུས་ཕྱག་འཚལ་བ་ནི༔ ཧཱུྃ་བྷྱོ༔ ཆོས་སྐུ་སྐྱེ་མེད་དབྱིངས་ཀྱི་ཡུམ༔ ལོངས་སྐུ་འགག་མེད་རྣལ་འབྱོར་མ༔ སྤྲུལ་སྐུ་བསྟན་སྲུང་ཁྲོས་མ་ནག༔ ཨེ་ཀ་ཛ་ཏི་སྤྲུལ་འཁོར་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏིཥྩ་ཧོ༔ བདུན་པ་མཆོད་ཚོགས་འབུལ་བ་ནི༔ ཧཱུྃ་བྷྱོ༔ གསང་སྔགས་རྫོགས་ཆེན་བསྟན་སྲུང་མ༔ ཨེ་ཀ་ཛ་ཊི་འཁོར་བཅས་ལ༔ ཕྱི་མཆོད་མེ་ཏོག་བདུག་སྤོས་དང་༔ མར་མེ་དྲི་ཆབ་བཤོས་དང་སྐྱེམས༔ སྒྲ་སྙན་རོལ་མོའི་བྱེ་བྲག་འབུལ༔ ནང་མཆོད་དབང་པོའི་འདབ་སྟོང་བཞད༔ ཚིལ་ཆེན་བསྲེགས་པའི་དུད་སྤྲིན་འཁྲིགས༔ ཞུན་ཆེན་གསལ་བའི་འོད་སྟོང་འབར༔ དམར་ཆེན་མཁྲིས་པའི་དྲི་ཆབ་བསྐྱིལ༔ ཤ་ཁྲག་རུས་པ་རྐང་དམར་ཞག༔ དྲི་གཉིས་བཟའ་བཏུང་ལྷུན་པོར་སྤུངས༔ ཐོད་རྔ་གསང་བའི་རྔེ་འུ་ཆུང་༔ མི་རྐང་བཤུད་པ་རབ་འཇིགས་སྒྲ༔ དུར་ཁྲོད་ནང་གི་མཆོད་པ་འབུལ༔ གསང་བ་སྨན་རཀ་བྷ་ལིང་ཏ༔ ཞིང་བཅུ་སྒྲོལ་དང་མཚན་ལྡན་སྦྱོར༔ གཉིས་འཛིན་དབྱིངས་སྒྲོལ་རང་རིག་གཤིས༔ མཆོད་བྱ་མཆོད་བྱེད་མེད་པར་འབུལ༔ གཞན་ཡང་ཐུགས་དམ་བསྐང་བའི་རྫས༔ ཕྱི་མཆོད་རི་རབ་གླིང་བཞི་དང་༔ ནམ་མཁའ་ཉི་ཟླ་བསྐང་རྟེན་མདོས༔ སྲོག་ཆགས་སྤྱི་དང་བྱེ་བྲག་ཏུ༔ རྟ་ནག་ཁྱི་ནག་གཡག་ནག་དང་༔ ལུག་ནག་བདུད་བྱ་ཕོ་རོག་སོགས༔ མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་༔ ནང་རྟེན་བླ་རྡོ་སྲོག་འཁོར་དང་༔ སྐུ་གཟུགས་སྔགས་བྱང་རལ་གྲི་བིང་༔ རྩེ་གསུམ་གྲི་གུག་ཌ་མ་རུ༔ བ་དན་རུ་མཚོན་རྒྱལ་མཚན་སོགས༔ མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་༔ གསང་རྟེན་སྦ་དཀར་ཚིགས་གསུམ་དང་༔ ནལ་བུའི་གཡང་གཞི་ལུག་ནག་གསོབ༔ མཚན་ལྡན་མུ་ཏྲ་མེ་ལོང་དང་༔ རིན་ཆེན་དྭངས་ཤེལ་ཟུར་དྲུག་སོགས༔ མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་༔ དེ་ལྟར་མཆོད་ཅིང་བསྐངས་པའི་མཐུས༔ བདག་ཅག་མ་རིག་བག་མེད་པས༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ བསགས་པའི་སྡིག་སྒྲིབ་བག་ཆགས་ཀུན༔ ཐམས་ཅད་མཐོལ་ཞིང་བཤགས་བགྱིད་ན༔ དག་ནས་ཚངས་པའི་དངོས་གྲུབ་སྩོལ༔ ཁྱད་པར་སོ་ཐར་འདུལ་བ་ལས༔ སྟོན་པས་བཅས་པའི་ཚུལ་ཁྲིམས་གསུམ༔ རྩ་བ་ཡན་ལག་ཉེས་ལྟུང་ཀུན༔ མ་ལུས་མཐོལ་ཞིང་བཤགས་བགྱིས་ན༔ ཚེ་འདི་ཉིད་ལ་སོར་ཆུད་ནས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ དེ་བཞིན་སྨོན་འཇུག་བྱང་ཆུབ་སེམས༔ སྲས་བཅས་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་དམ་ལས་འགལ་གྱུར་ཏེ༔ སེམས་ཅན་བློས་བཏང་གནོད་ཅིང་འཚེ༔ ལོག་པའི་བསམ་སྦྱོར་ལ་ཞུགས་པ༔ སྙིང་ནས་འགྱོད་པས་བཤགས་བགྱིད་ན༔ སྒྲིབ་མེད་དག་ཚངས་དངོས་གྲུབ་སྩོལ༔ ཡང་དགོས་རྡོ་རྗེ་ཐེག་པ་ཡི༔ དབང་མནོས་རྩ་བ་ཡན་ལག་གི༔ དམ་ཚིག་གཉན་པོ་དང་འགལ་ཏེ༔ བླ་མ་སྤངས་ཤིང་མཆེད་ལ་ཁྲོས༔ བསྐྱེད་རིམ་མ་གསལ་སྔགས་རྒྱུན་བཅད༔ ཏིང་འཛིན་སྤེལ་ཞིང་ཐ་མལ་བལྟས༔ རིག་མར་སྨོད་ཅིང་དམ་རྫས་སྤངས༔ མདོར་ན་སྒོ་གསུམ་ཐ་མལ་ཤོར༔ འབྲས་བུ་ཐེག་པ་དང་འགལ་བའི༔ ཉམས་ཆག་ཉེས་ལྟུང་ཡོད་དོ་ཅོག༔ རྩ་གསུམ་ཀུན་གྱི་བསྐྱེད་པའི་ཡུམ༔ སྔགས་སྲུང་ཁྲོ་མོ་རལ་གཅིག་མ༔ གཙོ་འཁོར་སྤྲུལ་པར་བཅས་པ་ལ༔ མི་འཆབ་མི་སྦེད་བཤགས་བགྱིད་ན༔ ཉམས་བསྐང་ཉེས་པ་སོར་ཆུད་ནས༔ ཚེ་འདིའི་རྐྱེན་དུ་མི་འགྱུར་ཞིང་༔ ཕྱི་མའི་སྒྲིབ་པར་མི་འགྱུར་བའི༔ དངོས་གྲུབ་དམ་པ་དུས་འདིར་སྩོལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྟ་མ་ཧཱ་པཱཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་ཏ་ན་ག་ན་དྷརྨ་དྷརྟུ་མ་ཧཱ་པཱུ་ཙ་ལ་ཁ་རཾ་ཁ་ཧཱི༔ ཞེས་བརྗོད་མཆོད་བསྐང་བཤགས་པ་བྱ༔ དེས་ནི་དམ་ཚིག་ཉམས་པ་སྐོང་༔ ས་མ་ཡཱ༔ བརྒྱད་པ་བསྟོད་པ་བྱ་བ་ནི༔ ཧཱུྃ་བྷྱོ༔ ཆོས་དབྱིངས་ཀློང་ནས་མ་གཡོས་ཀྱང་༔ རང་བྱུང་རྩལ་ལས་འགྲོ་བ་འདུལ༔ སྐྱེ་མེད་ཡེ་ཤེས་མཁའ་འགྲོའི་གཙོ༔ བརྡ་རྟགས་རྫོགས་ལ་ཕྱག་འཚལ་བསྟོད༔ ཞལ་གཅིག་ཐིག་ལེ་ཉག་གཅིག་བརྡ༔ སྤྱན་གཅིག་འཁོར་འདས་མཉམ་པར་གཟིགས༔ ཚེམས་གཅིག་བདག་ལྟ་དབྱིངས་སུ་སྒྲོལ༔ ནུ་གཅིག་རྣལ་འབྱོར་བུ་བཞིན་སྐྱོང་༔ རལ་གཅིག་ཆོས་ཀུན་སྟོང་པ་རུ༔ སྟོན་པར་མཛད་ལ་ཕྱག་འཚལ་བསྟོད༔ མི་ལྤགས་འདོད་ཆགས་གནས་སུ་དག༔ སྤྲིན་དཀར་གཏི་མུག་མུན་པ་སངས༔ སྟག་ཤམ་ང་རྒྱལ་ཟིལ་གྱིས་གནོན༔ མགོ་ཕྲེང་འདུ་བྱེད་རྟོག་པ་གྲོལ༔ དུག་ལྔ་རང་གྲོལ་སྔགས་སྲུང་མ༔ དོན་དམ་བརྡའ་སྟོན་ཁྱོད་ལ་བསྟོད༔ ཚོགས་བརྒྱད་མ་སྤངས་གནས་དག་བརྡར༔ དྲེགས་པ་སྡེ་བརྒྱད་བྲན་དུ་བཀོལ༔ ལེགས་ཉེས་སྟངས་འཛིན་མཁའ་འགྲོ་མ༔ ཞི་རྒྱས་དབང་དྲག་ཕྲིན་ལས་མཛད༔ མ་ངེས་སྤྲུལ་པའི་ཆོ་འཕྲུལ་འགྱེད༔ སངས་རྒྱས་བསྟན་པ་སྲུང་ལ་བསྟོད༔ ཅེས་བསྟོད༔ དགུ་བ་བསྙེན་ཅིང་བསྒྲུབ་པ་ནི༔ རང་ཉིད་མདུན་བསྐྱེད་དབྱེར་མེད་པའི༔ ཐུགས་མཆོག་འོད་ལྔའི་ཐིག་ལེའི་དབུས༔ པད་ཉིའི་གདན་ལ་ཡི་གེ་མ༔ སྨུག་ནག་དེ་མཐར་རྩ་བའི་སྔགས༔ མུ་ཏིག་ཕྲེང་བ་ཇི་བཞིན་དུ༔ གསལ་འཚེར་འོད་འབར་གཡོན་དུ་འཁོར༔འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ བར་ཆད་དགྲ་བགེགས་དབྱིངས་སུ་བསྒྲལ༔ འཁོར་འདས་རང་གྲོལ་ལྟ་བའི་ངང་༔ ཡེངས་མེད་བསྒོམ་མེད་སྔགས་འདི་བཟླ༔ ཨོཾ་རོ་རུ་ཨེ་ཀ་ཛ་ཊཱི་སྙིང་ཁ་རག་མོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ༔ཧཱུྃ་ཛ་ཛཿ འབྲུ་འབུམ་གསུམ་ནི་གྲངས་བསྙེན་ལ༔ ཞལ་མཇལ་གསུང་ཐོས་ངེས་ཤེས་སྐྱེས༔ དྲོད་རྟགས་ཐོན་སོགས་རྟགས་དང་སྦྱར༔ ལས་སྦྱོར་ཟབ་མོའི་སྔགས་ཤམ་ནི༔ གང་དམིགས་དགྲ་འདྲེའི་སྙིང་རྩ་ལ༔ སྲུང་མས་རྔམ་ཟས་བྱེད་པར་བསམ༔ དར་ནག་བརྡབ་ཅིང་ལྟ་བའི་ངང་༔ རཀྨོ་ཁྲོམ་མྱོགས་བྷྱོ༔ རཀྨོ་དུང་ཐིག་བྷྱོ༔ རཀྨོ་ཧར་ཧུར་སྙིང་རྩ་ལ་བྷྱོ༔ མ་མ་རུ་རུ་ཏྲི་མ་སྲོག་ལ་བྷྱོ༔ བརྒྱ་སྟོང་སྐབས་བསྟུན་རྟགས་འབྱུང་འགྱུར༔ སྲུང་མ་ལས་ལ་རྦད་པའི་ཐབས༔ བསྲེགས་མནན་འཕང་བ་མང་མཆིས་ཀྱང་༔ དམིགས་པ་གཅིག་པུས་ཆོག་པ་འདི༔ སྙིང་ཐིག་ཟབ་པའི་ཁྱད་ཆོས་ཏེ༔ འདི་ལས་ལྷག་པ་ཡོད་རེ་ཀན༔ ཨི་ཐི༔ སྐབས་སུ་མཆོད་བསྟོད་ནོངས་པ་བཤགས༔ བསྡུ་རིམ་ལྷ་སྣང་སེམས་སུ་བལྟ༔ སེམས་ཉིད་སྟོང་པའི་ངང་མདངས་བསྐྱང་༔ རྗེས་ཐོབ་སྒྱུ་མའི་ལྷར་ལྡང་བྱ༔ ས་མ་ཡཱ༔


previousསྔགས་སྲུང་རལ་གཅིག་མའི་སྒྲུབ་ཐབས་རྣལ་འབྱོར་ཡིད་བཞིན་རེ་སྐོང་།next