Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུལ་ལྷ་གཡག་སྙིང་མཐོན་པོའི་བསང་མཆོད་བདུད་རྩིའི་སྤྲིན་ཕུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡུལ་ལྷ་གཡག་སྙིང་མཐོན་པོའི་བསང་མཆོད་བདུད་རྩིའི་སྤྲིན་ཕུང་།next

ཡུལ་ལྷ་གཡག་སྙིང་མཐོན་པོའི་བསང་མཆོད་བདུད་རྩིའི་སྤྲིན་ཕུང་།

༄༅།། ཡུལ་ལྷ་གཡག་སྙིང་མཐོན་པོའི་བསང་མཆོད་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་བཞུགས། ན་མོ་པདྨ་ཀཱ་ར་ཡ། །བསང་རྫས་ཕྱེ་མར་དཀར་མངར་འོ་ཞོ་སོགས་དང་བདུད་རྩིའི་དུད་པ་བཏང་ལ། །ཀྱཻ། ངོ་མཚར་རྨད་བྱུང་ཆོས་ཀུན་སྤྲོས་བྲལ་ཀྱང་། །རྩལ་སྣང་འགག་མེད་འཁོར་འདས་གཉིས་སུ་སྣང་། །མ་དག་འཁྲུལ་ངོར་ཕན་གནོད་ལྷ་འདྲེར་ཤར། །ཁྱད་པར་འགོ་བའི་ལྷ་ལྔས་སྐྱེ་འགྲོ་སྐྱོང་། །ཡང་དགོས་རང་རང་ཡུལ་ལྷའི་ཡུལ་དེ་ཡི། །འགྲོ་ལ་ཕན་དང་བདེ་བའི་དཔལ་ཀུན་སྟེར། །མདོ་ཁམས་ཟལ་མོ་སྒང་གི་ཆར་གཏོགས་པ། །དབུས་ཀྱི་རི་བོ་མཐོན་པོར་རྟེན་བཅས་པའི། །ཟོ་དོར་གཉན་པོ་ནོར་བུ་དགྲ་འདུལ་རྩལ། །ཡུམ་སྲས་བཀའ་ཉན་མ་ལུས་འཁོར་བཅས་ཀུན། །བདག་ཉིད་དབང་དྲག་པདྨའི་སྐུར་གསལ་བའི། །ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་ནས། །སྤྱན་དྲངས་བག་ཕོབ་དགའ་གུས་དངས་བའི་བློས། །འདིར་གཤེགས་བསང་གི་མཆོད་པ་བཞེས་སུ་གསོལ། །ཀྱཻ། ས་ཐབ་སྤྱན་མའི་མཁའ་ལ་འབར་བའི་མེས། །སྔོན་དུས་ལྷ་ཆེན་ཚངས་པས་བྱིན་བརླབས་པའི། །བདུད་རྩི་ཤིང་ལྔ་དཀར་གསུམ་མངར་དང་སྐྱེམས། །བསྲེགས་པའི་དུད་པ་ལྷ་ལམ་ཁྱབ་པ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་མཐུས། །དུད་པའི་ཆ་ཤས་ཟེགས་མ་རེ་རེ་ལ། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །ངོ་མཚར་མཆོད་པ་རི་དྭགས་གཡུང་དྭགས་དང་། །ཀ་ཆ་དཀོར་ནོར་ནམ་མཁའ་མཛོད་དུ་སྤེལ། །བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །མ་རྒྱུད་མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་རིགས། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་པར་བསྐང་། །ཁྱད་པར་ཡུལ་སྐྱོང་དབུ་མ་མཐོན་པོའི་རིར། །རྟེན་བཅས་དགེ་བསྙེན་ནོར་བུ་དགྲ་འདུལ་བསང་། །ལྷ་སྨན་དཀར་མོ་ནོར་གྱི་བདག་མོ་བསང་། །ཕྱི་ཡི་སོ་བ་བྲག་བཙན་བཙུན་པ་བསང་། །ནང་གི་བློན་པོ་དཔའ་བོ་མཐུ་ཆེན་བསང་། །མཆེད་ཟླ་གཉན་པོ་སྐུ་བླ་དུང་རྩེ་བསང་། །བཀའ་ཉན་ཡུལ་སྐྱོང་བཙན་རིགས་སྡེ་བཞི་བསང་། །ཁྱེད་རྣམས་དགྱེས་པ་ཆེན་པོས་ཡར་བཞེས་ལ། །མཐུན་གྲོགས་དཔལ་སྩོལ་མི་མཐུན་བར་ཆད་སོལ། །ཀྱཻ། ཡུལ་ལྷའི་གཙོ་བོ་རྡོ་རྗེ་དབང་སྡུད་རྩལ། །ཡུལ་མིས་མཚན་གསོལ་མཐོན་པོ་ནོར་བུའི་མཛོད། །རང་གཟུགས་ལྷ་ཡི་དགེ་བསྙེན་དཀར་གསལ་འཛུམ། །དར་གོས་གསེར་ཁྲབ་ལྕགས་རྨོག་རྒོད་འཕྲུ་དང་། །དམར་པོའི་ཅོད་པཎ་དར་སྣའི་ཆུན་འཕྱང་གཡོ། །སག་ལྷམ་འཇའ་ཁྲ་རྟ་དཀར་འཕུར་ཤེས་ལ། །རིན་ཆེན་སྒ་སྲབ་རྒྱན་ལྡན་མཛེས་པ་ཆིབས། །ཕྱག་གཡས་དཔའ་བོའི་རུ་མཚོན་མཁའ་ལ་བསྒྲེངས། །ཕྱག་གཡོན་ཀླུ་ཡི་ནོར་བུ་འདོད་འབྱུང་བསྣམས། །གསེར་སྐེད་ནོར་བུའི་ཕྲ་ཅན་གཟི་མདངས་འབར། །མདའ་གཞུ་རལ་གྲི་མེ་སྟག་གློག་འོད་འཁྱུགས། །མདུན་དུ་ལྷ་སྨན་དཀར་མོ་བཞད་པའི་ཚུལ། །གསེར་གཡུའི་མགུལ་རྒྱན་སྙན་ཆ་གདུབ་སིལ་འཁྲོལ། །མྱུར་མགྱོགས་ཤ་བ་ཡུ་མོ་རྩལ་ལྡན་ཆིབས། །ལྷ་ཀླུ་བཙན་རིགས་སྡེ་བརྒྱད་འཁོར་ཚོགས་བཅས། །མ་ངེས་སྤྲུལ་བསྒྱུར་མིག་འཕྲུལ་ཟློས་གར་མཁན། །རེ་འགའ་ནོར་བདག་གསེར་མདངས་ལྷ་གཡག་ཞོན། །བེར་ཆེན་བརྩེགས་མ་གསོལ་ཞིང་གཏེར་སྒྲོམ་དང་། །ནོར་གྱི་བང་མཛོད་ཕྱེ་བའི་ལྡེ་མིག་བསྣམས། །དར་དམར་ལ་ཐོད་ཁྲོ་འཛུམ་བཞད་པའི་ཞལ། །གཞན་ཡང་དབང་དུ་སྡུད་དང་དགྲ་བགེགས་སྒྲོལ། །སྣ་ཚོགས་གཟུགས་ཅན་ཡུམ་སྲས་བཀའ་འཁོར་བཅས། །སྔོན་ཚེ་རྣམ་སྣང་ལོ་ཙཱའི་བཀའ་བཞིན་དང་། །བར་དུ་རིག་འཛིན་ཀརྨ་བརྒྱུད་པར་བཅས། །བཀའ་ལུང་སྤྱི་བོར་ནོད་པ་དེ་བཞིན་དུ། །བདུད་རྩི་བསང་གི་མཆོད་པ་འདི་བཞེས་ལ། །ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་སྲུངས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་སོལ། །ཡུལ་འདིའི་ནད་མུག་འཁྲུག་རྩོད་རྒུད་པ་སོགས། །མི་འདོད་ཉེར་འཚེའི་ཚོགས་ཀུན་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་ལེགས་པའི་ཚོགས། །ཡར་ངོའི་ཟླ་ལྟར་རྣམ་པར་འཕེལ་བར་མཛོད། །ཁམས་གསུམ་སྐྱེ་འགྲོའི་ཟས་ནོར་སྣོད་བཅུད་དཔལ། །ཁབ་ལེན་ལྕགས་ཕྱེ་བཞིན་དུ་སྡུད་པ་དང་། །སྡང་དགྲ་ལོག་འདྲེན་བསམ་སྦྱོར་རྩུབ་པའི་རིགས། །ཐམས་ཅད་དཔའ་བཀོང་སྣང་བ་ཟིལ་གྱིས་མནན། །མིང་གི་ལྷག་མ་ཙམ་དུ་རྡུལ་བརླགས་ནས། །བསམ་དོན་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་གཡག་སྙིང་མཐོན་པོའི་བསང་མཆོད་འདི། །དཔའ་བོའི་རིགས་རྒྱུད་བར་མ་ཆད་པའི་མི་དབང་དད་ལྡན་སྦྱིན་བདག་ཚེ་དབང་མགོན་བུ་སྤུན་དང་། གནས་བརྟན་ཞལ་ཏ་བ་ཀུན་བཟང་རིག་འཛིན་སོགས་སྐྱ་སེར་མཆོག་དམན་རྣམས་ནས་བསྐུལ་ངོར་རྒྱལ་དབང་པདྨ་ཡབ་ཡུམ་དང་། རྡོ་གྲུབ་དབང་བླ་མའི་བྱིན་རླབས་ཀྱི་ཉི་ཟེར་སྙིང་གི་པདྨོར་ཤར་བའི་སྤྲང་བན་རྒྱ་སྤྲུལ་མིང་ནས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །


previousཡུལ་ལྷ་གཡག་སྙིང་མཐོན་པོའི་བསང་མཆོད་བདུད་རྩིའི་སྤྲིན་ཕུང་།next