Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འཕོ་བའི་མཚམས་སྦྱོར་ཨུཏྤལ་འདབ་རྒྱས་ཧོར་བླས་མཛད་པ།
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousའཕོ་བའི་མཚམས་སྦྱོར་ཨུཏྤལ་འདབ་རྒྱས་ཧོར་བླས་མཛད་པ།next

འཕོ་བའི་མཚམས་སྦྱོར་ཨུཏྤལ་འདབ་རྒྱས་ཧོར་བླས་མཛད་པ།

༄༅། འཕོ་བའི་མཚམས་སྦྱོར་ཨུཏྤལ་འདབ་རྒྱས་བཞུགས་སོ། །

༄༅། སྭ་སྟི༔ སྐུ་གསུམ་རྒྱལ་བའི་སྤྱི་གཟུགས་འགྲོ་བའི་མགོན༔ སྐལ་བཟང་སངས་རྒྱས་སྟོང་གི་རིགས་ཀྱི་བདག༔ སྔོན་གྱི་དམ་བཅའི་སྨོན་ལམ་རླབས་པོ་ཆེ༔ འཁོར་མཚོ་དོང་སྤྲུགས་ཨ་མི་ཏ་བྷ་རྒྱལ༔ དེ་ལ་འདིར་གསང་སྔགས་ཟབ་མོའི་ཐུན་མོང་མ་ཡིན་པའི་ལམ་མ་བསྒོམ་སངས་རྒྱས་འཕོ་བའི་ཆོ་ག་ལ་འཇུག་པར་འདོད་ཚེ༔ སྐྱབས་སེམས་འགུགས་གཞུག་ངོ་སྤྲོད་ཀྱི་རིམ་པ་རྣམས་སོ༔ དང་པོ་སྐྱབས་སེམས་ནི༔ གནས་ཆེན་རི་བོ་ཏ་ལའི༴སོགས། ན་མོ་སྐྱབས་གནས་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ འགྲོ་རྣམས་སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ༔ སྐད་ཅིག་དྲན་རྫོགས་འཕགས་པ་སྤྱན་རས་གཟིགས༔ ལོངས་སྐུའི་རྒྱན་རྫོགས་ཞི་འཛུམ་ཞབས་ཕྱེད་སྐྱིལ༔ ཕྱག་གཡས་མཆོག་སྦྱིན་གཡོན་པས་པདྨ་དཀར༔ རི་དྭགས་པགས་པས་སྟོད་གཡོག་བྱམས་བརྩེར་ལྡན༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཅི་མང་བཟླ༔ ཨོཾ་མ་ཧཱ་ཤུ་ནྱ༴སོགས། མདུན་གྱི་རྟེན་སྣང་རང་བཞིན་སྟོང་པའི་ངང༔ ནྲྀ་ལས་ཚེ་འདས་གཟུགས་ཕུང་སྐྱེ་མཆེད་གསལ༔ གཞོན་ཚུལ་པུས་བཙུགས་ཐལ་སྦྱར་མེ་ཏོག་འཛིན༔ ཞི་ཚུལ་རས་དཀར་གོས་གྱོན་བླ་མ་ལྷར༔ དད་ཅིང་གུས་པའི་ཚུལ་གྱིས་གནས་པར་གྱུར༔ བདག་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་བྱམས་བརྩེའི་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་མར་རིགས་དྲུག་གི་གནས་སུ་འཕྲོས་པས་ཚེ་འདས་ཀྱི་རྣམ་ཤེས་འཇིག་རྟེན་བདུན་པོ་གར་གནས་ཀྱང་འོད་ཟེར་གྱིས་རེག་མ་ཐག་ཏུ་བཀུགས་ནས་རྟེན་ཕུང་པོ་འདི་དང་གཉིས་སུ་མེད་པར་བསམ༔ ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ཞི་ཁྲོ་ཡི༔ བྱིན་རླབས་ཐུགས་རྗེ་ནུས་པའི་བདེན་སྟོབས་ཀྱིས༔ ཚེ་ལས་འདས་པ་རིགས་དྲུག་གར་གནས་ཀྱང་༔ དམིགས་རྟེན་ཕུང་པོ་འདི་དང་གཉིས་མེད་ཁུག༔ ནྲྀ་ཨ་ཀརྴ་ཡ་ཛཿཛ༔ ལན་ཅི་མང་མཐར། ཛཿཧཱུྃ་བཾ་ཧོ༔ རྟེན་ཕུང་པོ་དང་དབྱེར་མེད་དུ་གནས་པར་བསམ༔ དེ་ནས་ཚེ་འདས་སྲོག་གཅོད་དབུགས་ལེན་གཤེད་མའི་རིགས་ལ་གཏོར་མ་བསྔོ་བ་ནི༔ རཾ་ཡཾ་ཁཾ༔ ཨོཾ་སྭ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས་ཏྲཾ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་ལན་ཆགས་གཤིན་བདུད་ཀྱི་གཏོར་མ་ཁ་ཏོག་དྲི་རོ་ནུས་ལྡན་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨཱ༔ཧཱུྃ༔ ཨོཾ་སརྦ་བྷུ་ཏ་ཨ་ཀརྴ་ཡ་ཛ་ཛ༔ ཨོཾ་སརྦ་བིགྷྣཾ་ན་མཿསོགས། དེ་མཐར་སྤྲོ་ན་ཐུགས་རྗེ་ཆེན་པོའི་དབང་གི་བདེན་བརྗོད་འདོན། ཧྲཱིཿ ང་ནི་ཁྲོ་བོ་རྟ་མགྲིན་རྒྱལ༔ ང་ལ་ལྟོས་པའི་ཚེ་འདས་ལ༔ གསོན་བདུད་གཤིན་ལྕགས་སུ་ཡིས་བྱས༔ སྲོག་གཅོད་བླ་ཁྱེར་གཤེད་མ་ཁྱོད༔ གཤིན་ལ་མ་ཆགས་ཕྱིར་དེངས་ཤིག༔ མི་འགྲོ་འདུག་ན་རྡུལ་དུ་རློགས༔ ཡང་ན་ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད༔ བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བསྲུང་འཁོར་བསྒོམ་ཞིང་ངོ་སྤྲོད་བྱ། དམིགས་ཡུལ་ཆེ་གེ་མོ་ཁྱོད་རང་ལ་འཆི་བ་ཞེས་པ་དེ་སླེབས་ནས་ད་ལྟ་དབུགས་དང་བྲལ་མ་ཐག་ཡིན་ནོ༔ ཞེས་ལན་གསུམ་བོས་ཏེ༔ འོ་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་དུས་ལས་འདས་པ་མ་གཡེང་བར་ཉོན་ཅིག༔ ཁྱོད་རང་ཤི་བ་ཡིན་ཀྱང་ཁྱོད་གཅིག་པུ་མ་ཡིན་ཏེ༔ ཀུན་ལ་འབྱུང་བས་ཚེ་འདི་ལ་ཆགས་པ་དང་ཞེན་པ་མ་བྱེད་ཅིག༔ ཆགས་པ་དང་ཞེན་པ་བྱས་ཀྱང་བསྡད་དབང་ནི་མེད༔ ཁྱོད་རང་འཁོར་བར་འཁྱམ་པ་ལས་མི་འོང་༔ མ་ཆགས་ཤིག་མ་ཞེན་ཅིག༔ རང་གི་བླ་མ་དང་སྟོན་པ་བདེ་བར་གཤེགས་པ་ལ་དད་པ་བླ་ལྷག་ཏུ་བསྐྱེད་ཅིག༔ བསྟན་པ་དམ་པའི་ཆོས་ལ་སྐྱབས་སུ་སོང་ཞིག༔ བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་རམ་ཟླར་སྦྲོན་ཅིག༔ ཁྱད་པར་དུའང་གང་གི་མཚན་དང་སྒྲ་དང་ལྟ་བ་ལ་ཞུགས་པས་ཀྱང་བར་དོའི་འཇིགས་པ་དང༔ ངན་སོང་གི་རྒྱུན་ཡོངས་སུ་གཅོད་པར་ཞལ་གྱིས་བཞེས་པ་མགོན་པོ་འོད་དཔག་མེད་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་༔ མཐུ་ཆེན་ཐོབ་ཀྱིས་ཡོངས་སུ་བསྟེན་པ་དང་༔ དེའི་ཞིང་ཁམས་བདེ་བ་ཅན་ཞེས་བྱ་བ་དེ་ཡིད་ལ་མ་བརྗེད་པར་ཟུངས་ལ༔ གདོས་བཅས་ཤ་ཁྲག་གི་ལུས་ལས་འདས་པའི་ཕྱིར་ཞིང་མཆོག་དེ་རུ་འདུན་པ་གཏོད་ལ་སོང་ཤིག༔ ཁྱོད་ཀྱིས་དད་པ་ཐོབ་པའི་བླ་མ་ཡིད་ལ་སྒོམས་ཤིག༔ ཡི་དམ་དང་ལྟ་བ་བྱང་ཆུབ་ཀྱི་སེམས་རྣམས་སྒོམས་ཤིག༔ དེ་དག་གནད་དུ་འགྲོ་བའི་རྟེན་འབྲེལ་དུ༔ མ་བསྒོམ་པར་འཚང་རྒྱ་བ་འཕོ་བའི་གདམས་པ་འདེབས་པའི་སྐབས་སུ་བབས་པ་ཡིན་ནོ༔ དེ་ནས་གསང་སྔགས་ཟབ་མོའི་ཉེ་ལམ་འཕོ་བར་བྱེད་པའི་ཐབས་ནི༔ ཕྱི་འདུས་བྱས་རྫས་ཀྱི་འཕོ་བ༔ ནང་བསྐྱེད་རིམ་གསལ་འདེབས་ཀྱི་འཕོ་བ༔ གསང་བ་རྣམ་ཤེས་རླུང་ཁ་སྦྱོར་གྱི་འཕོ་བ༔ དེ་ཁོ་ན་ཉིད་ཆོས་ཉིད་དོན་གྱི་འཕོ་བའོ༔ ལར་འཕོ་བ་དངོས་ཀྱི་ཁྱད་པར་ནི༔ ཀྱེ་རྡོར་རྩ་རྒྱུད་ལས༔ བདེ་བ་གང་ཡིན་འཆི་བ་སྟེ༔ དེ་ཡི་བདེ་བ་བསམ་གཏན་བརྗོད༔ ཞེས་འཕོ་བའི་སྟོབས་ཀྱིས་བདེ་བ་ཐོབ་པར་གསུངས་པ་དང༔ རྡོ་རྗེ་གདན་བཞིའི་རྒྱུད་ལས་ཀྱང་༔ ཉེས་པ་ཀུན་གྱིས་གོས་པ་ཡང་༔ འཕོ་བའི་སྦྱོར་བ་སྦྱར་བས་གྲོལ༔ སྡིག་གིས་ཀུན་ནས་མ་གོས་ཏེ༔ འཁོར་བའི་ཕ་རོལ་མཆོག་ཏུ་འགྲོ༔ ཞེས་སོགས་གསང་སྔགས་གསར་རྙིང་གཉིས་ཀར་འཕོ་བའི་འཕགས་ཆོས་དང་ཕན་ཡོན་མང་དུ་གསུངས་པས་མོས་གུས་བསྐྱེད་ཅིག༔ དེ་ནས་འཕོ་བའི་འདུ་ཤེས་བརྒྱད་ནི༔ རང་ལུས་གནས་ཁང་ལྟ་བུའི་འདུ་ཤེས༔ རྣམ་ཤེས་མགྲོན་པོ་ལྟ་བུའི་འདུ་ཤེས༔ ཧིཀ་ནི་སྐྱེལ་མའི་འདུ་ཤེས༔ རླུང་ནི་བཞོན་པའི་འདུ་ཤེས༔ ཨ་ཝ་དྷུ་ཏི་ལམ་གྱི་འདུ་ཤེས༔ ཚངས་བུག་སྒོའི་འདུ་ཤེས༔ དཔའ་བོ་དཔའ་མོ་རྣམས་ནི་བསུ་མའི་འདུ་ཤེས༔ སྤྱི་བོར་བླ་མ་བསྒོམ་པ་ཡུལ་གྱི་འདུ་ཤེས་ཞེས་དེ་ལ་རང་སྟོབས་ཀྱིས་གྲོལ་ན་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བ་ཡིན༔ དེ་ལྟར་མ་ནུས་ན༔ བླ་མ་དགེ་བའི་བཤེས་གཉེན་ཁྱད་པར་ཅན་གྱི་འཕོ་བས་མཚམས་སྦྱོར་དགོས་པ་ཡིན་ཏེ༔ དེ་ལ་འཕོ་བར་བྱ་བ་དང༔ འཕོ་བར་བྱེད་པ་དང་༔ འཕོ་བའི་ལམ་རྣམ་པ་གསུམ་ཡོད་པ་ལས༔ དེ་ལ་འཕོ་བར་བྱ་བ་ནི༔ ཁྱེད་རང་གི་རྣམ་པར་ཤེས་པ་ཡིན༔ འཕོ་བར་བྱེད་པ་ནི༔ སྡིག་པོ་ཆེ་བཙན་ཐབས་ཀྱིས་འཕོ་བའི་མན་ངག་ཡིན༔ འཕོ་བའི་ལམ་ནི་འོག་མིན་དག་པའི་ཞིང་ཁམས་བདེ་བ་ཅན་གྱི་གཙོ་བོ་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་བ་ཡིན་ལ༔ ཇི་ལྟར་འཕོ་བའི་ཚུལ་ཡང་༔ ནང་བསྐྱེད་རིམ་གསལ་འདེབས་ཀྱི་འཕོ་བ་ནི༔ ཞིང་ཁམས་འདི་ཡང་ཐ་མལ་གྱི་གནས་འདི་ལྟ་བུ་མ་ཡིན་པར་ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་ཁམས༔ རང་ལུས་ཡང་རྡོས་བཅས་ཤ་ཁྲག་གི་ཕུང་པོ་འདི་ལྟ་བུ་མ་ཡིན་པར་དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་མ་ཅིག་ཡེ་ཤེས་མཚོ་རྒྱལ་སྐུ་མཚན་དང་དཔེ་བྱད་རྫོགས་པའི་ཁོང་པའི་རྩ་ཨ་ཝ་དྷུ་ཏི་མཚན་ཉིད་བཞི་དང་ལྡན་པ༔ རྒྱ་སྐྱེགས་ཀྱིས་བཙོས་པ་ལྟར་དམར་བ༔ པདྨའི་འདབ་མ་ལྟར་སྲབ་པ༔ ཏིལ་གྱི་མར་མེ་ལྟར་གསལ་བ༔ ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ༔ སྦོམ་ཕྲ་མདའ་སྨྱུག་འབྲིང་པོའི་ཚད་ཙམ་པ༔ ཡར་སྣ་ཚངས་པའི་བུ་གར་ཧ་རེ་ཕྱེས་པ༔ མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་ཕུག་རྡུགས་སུ་ཡོད་པ༔ སྙིང་གར་ཚིགས་ཀྱིས་བཅད་པའི་སྟེང་དུ་རླུང་སེམས་འདུས་པའི་ངོ་བོ་ཐིག་ལེ་ལྗང་གུ་བྱ་མ་སར་གྱི་སྒོ་ང་ཙམ་འཕར་འདར་ལིང་ངེ་བ་གཅིག་ཏུ་གསལ༔ ཇི་སྐད་དུ༔ སྒོ་བརྒྱད་བཀག་ནས་སྒོ་གཅིག་ཕྱེ༔ ཞེས་མ་དག་འཁོར་བའི་སྒོ་རྣམས་ཏཾ་ཡིག་དམར་སེར་རེ་རེས་བཀག་པར་བསམ༔ དེ་ལྟ་བུར་གསལ་བའི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་དེ་ཉིད་སངས་རྒྱས་འོད་དཔག་མེད་ཀྱི་མཚན་དང་དཔེ་བྱད་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ༔ དེའི་འཁོར་དུ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་དག་སངས་རྒྱས་བྱང་སེམས་རྩ་བརྒྱུད་བླ་མས་བསྐོར་ཞིང་མཐོང་ཐོས་དྲན་རེག་གི་འགྲོ་བ་མ་ལུས་པ་བདེ་ཆེན་དག་པའི་ཞིང་དུ་འཁྲིད་ཅིང་ཁྱད་པར་དམིགས་ཡུལ་རེ་ཞིང་ཆགས་པ་ལ་ཞལ་གྱིས་ཕྱོགས༔ སྤྱན་གྱིས་གཟིགས༔ ཐུགས་བརྩེ་བས་དགོངས་ཏེ་བཞུགས་པར་མོས་ཤིག༔ ཨེ་མ་ཧོ༔ རང་ཉིད་གནས་པའི་འཇིག་རྟེན༴སོགས། འཕོ་བར་ཤོག༔ ཞེས་དང་། ཁྱེད་རང་གི་རིག་པ་སེམས་ཀྱི་ངོ་བོ་ཐིག་ལེ་ལྗང་གུ་དེ་ཉིད་འོག་རླུང་གིས་བཏེགས༔ བར་རླུང་བུམ་པ་ཅན་གྱིས་བསྡམ༔ སྟེང་རླུང་ཚངས་པའི་བུ་གར་དྲངས་ཏེ་སྐར་མདའ་ཆད་པ་བཞིན་ཧིཀ་གི་སྒྲ་དང་མཉམ་དུ་འོད་དཔག་མེད་ཀྱི་ཐུགས་ཀར་འཕོས་ཤིག༔ ཧིཀ་སྒྲ་བདུན་ནམ་ལྔ་ལ་སོགས༔ གང་འཚམས་འཕོས་བསམ་གསལ་བར་བརྗོད༔ འཕོ་བ་གཞན་ཡང་སྤྲོ་ན་འདིར་འདོན༔ མཐར་ནི་བསྐྱེད་རིམ་ལྷར་བསྡུ་ནི༔ སླར་ཡང་རྟེན་མཚོ་རྒྱལ་དུ་གསལ་བ་དེ་ཉིད་འོད་ཕུང་དུ་གྱུར་ནས་བླ་མའི་གསང་གསུམ་དང་དབྱེར་མེད་དུ་འདྲེས་པར་བསམ༔ ༧ གཏེར་སྟོན་ཞལ་རྒྱུན་བཞིན། ཨེ་མ་ཧོ༔ མཚོ་རྒྱལ་འོད་ཞུ་སྤྱི་བོའི༴སོགས། དཔལ་དུ་ཤོག༔ ཞེས་ཕཊཿལྔའམ་གསུམ་བརྗོད་དེ་སྐུ་ལྔ་སྐུ་གསུམ་མངོན་དུ་གྱུར་ནས་ཕྱིར་མི་ལྡོག་པར་བསམ་ལ༔ སྐྱེ་མེད་དགོངས་པའི་རྩལ་ལ་སྦྱངས༔ རྗེས་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ༔ ཨེ་མ༔ མ་བསྒོམ་འཕོ་བའི་ཁྱད་ཆོས་དཔག་བསམ་ཤིང་༔ མཚམས་སྦྱོར་འདོད་ལྔའི་འབྲས་བཟང་ཆེར་རྒྱས་པ༔ གང་ཟག་ལས་སྐལ་ལྡན་པས་ལོངས་སུ་སྤྱོད༔ ཚེ་གཅིག་འཇའ་ལུས་འགྲུབ་པའི་རྒྱགས་ཕྱེའོ༔ ཅེས་དུས་བབས་གཏེར་སྟོན་མཆོག་གྱུར་ལུང་རིག་གླིང་པའི་དག་སྣང་གི་ཆོས་སྡེ་ལས་བྱུང་བའི་འཕོ་བའི་མཚམས་སྦྱོར་གཤིན་པོར་འདོན་བདེར་བཀོད་པ་འདི་རང་རིག་དོན་གྱི་རྣལ་འབྱོར་གཉན་ས་རི་ཁྲོད་འགྲིམ་པའི་བྱ་བཏང་འཇམ་དབྱངས་མཚན་ཅན་གྱིས་བསྐུལ་ངོ་མི་ལྡོག་པའི་ཆེད་དུ་གཏེར་སྟོན་ཉིད་ཀྱི་ཆོས་ལ་དབང་བར་ཁེ་འཆེ་བའི་དུག་ལྔའི་རྣལ་འབྱོར་གཞན་ཕན་མིང་གིས་བྲིས་པ་འབྲེལ་ཐོག་གི་སེམས་ཅན་ཐམས་ཅད་བདེ་ཆེན་ས་ལ་འགོད་པའི་རྒྱུར་གྱུར་ཅིག །


previousའཕོ་བའི་མཚམས་སྦྱོར་ཨུཏྤལ་འདབ་རྒྱས་ཧོར་བླས་མཛད་པ།next