Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
  collapse section
   
   
   
གསུམ་པ་ལྕགས་སྐོང་བདུད་འཇོམས་རྡོ་རྗེའི་ལུང་བཞིན་ཚེ་རབས་ལས་ཀྱི་བླ་མ་ཨ་འཛོམས་འབྲུག་པ་རིན་པོ་ཆེ་དང་མཇལ་ནས་གདམས་ཟབ་ཀྱིས་ཐུགས་ཀྱི་བུམ་བཟང་གཏམས་པའི་སྐོར་ནི།
   
   
   
   
   
   
   
   
   
   
   
   
   


 
previousགསུམ་པ་ལྕགས་སྐོང་བདུད་འཇོམས་རྡོ་རྗེའི་ལུང་བཞིན་ཚེ་རབས་ལས་ཀྱི་བླ་མ་ཨ་འཛོམས་འབྲུག་པ་རིན་པོ་ཆེ་དང་མཇལ་ནས་གདམས་ཟབ་ཀྱིས་ཐུགས་ཀྱི་བུམ་བཟང་གཏམས་པའི་སྐོར་ནི། next

གསུམ་པ་ལྕགས་སྐོང་བདུད་འཇོམས་རྡོ་རྗེའི་ལུང་བཞིན་ཚེ་རབས་ལས་ཀྱི་བླ་མ་ཨ་འཛོམས་འབྲུག་པ་རིན་པོ་ཆེ་དང་མཇལ་ནས་གདམས་ཟབ་ཀྱིས་ཐུགས་ཀྱི་བུམ་བཟང་གཏམས་པའི་སྐོར་ནི།

དེ་ནས་རིམ་གྱིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གཏེར་ཆེན་བདུད་འཇོམས་གླིང་པའི་ཆོས་སྒར་དུ་བྱོན་ཅིང་དེར་ཆོས་འབྲེལ་ཞུས་ནས་བཞུགས། ཉིན་ཞིག་སྣང་སྦྱང་གསུངས་སྐབས་ཁྲིད་དཔོན་ཨ་བོའི་བསོད་རྒན་སྤྲུལ་སྐུས་སེམས་ཐག་ཆོད་ན་འབུ་ནག་སྒོང་སྡེར་གང་མེ་ལ་བསྲེག་ཀྱང་ས་རྡོ་དང་ཁྱད་མེད་ཚུལ་སོགས་གསུངས་པ་ཁོང་གི་ཐུགས་ལ་མ་བབས་པར་ཁོང་ལ་འགྲམ་ལྕག་ཅིག་གཞུས་ནས་ཁྱད་ཨེ་འདུག་ཅེས་ཤེས་པ་ཡོད་མེད་ཀྱིས་ཁྱད་ཤིན་ཏུ་ཆེ་ཚུལ་དགག་བཞག་གནང་བ་སོགས་གཏེར་ཆེན་གྱིས་གསན་ནས་མདུན་དུ་ཤོག་གསུངས། ཕེབས་པས་ཁྱེད་ཀྱིས་ངའི་ཁྲིད་དཔོན་ལ་ཤག་འགྱེད་བྱེད་པའི་སྤོབས་པ་ཅི་ཡོད་སོགས་བཀའ་བཀྱོན་གནང་བས་ལོ་རྒྱུས་ཞིབ་པར་ཞུས་སྐབས་ཐུགས་དགྱེས་པས་དེ་རྗེས་ནས་སྐུ་མདུན་དུ་སྣང་སྦྱང་རྒྱས་པར་ཞུས་ཤིང་སྣང་སྦྱང་གི་ཟིན་བྲིས་ཀྱང་གནང་བ་མ་ཟད། ཁོང་སྣང་སྦྱང་ལ་མཁས་ཚུལ་དུས་ཕྱིས་གཏེར་ཆེན་སྐུ་སྲས་རྡོར་དགྲས་རང་གི་དངོས་སློབ་ཤ་བའི་ཨ་ཏི་དང་། དོམ་ཚང་གཏེར་སྟོན་ཚེ་དབང་མགོན་པོ་སོགས་ཀྱང་གཡུ་ཁོག་བླ་མའི་སྐུ་མདུན་སྣང་སྦྱང་ཞུ་བར་ཆེད་མངགས་མཛད་པ་ཡིན་ནོ། །དེ་ལྟར་ལྕགས་སྐོང་སྒར་དུ་བཞུགས་སྐབས་ཉིན་ཞིག་གཏེར་ཆེན་བདུད་འཇོམས་རིན་པོ་ཆེས་ཁོང་ལ་ཁྱོད་ཀྱི་ཚེ་རབས་ལས་ཀྱི་བླ་མ་ཨ་འཛོམས་འབྲུག་རྒན་འགྲོ་འདུལ་དཔའ་བོ་རྡོ་རྗེ་རེད་འདུག་པས་ད་ལྟ་ཉིད་དུ་ཁྲོམ་ཁོག་ཏུ་སོང་ཞེས་ལུང་བསྟན་དབུག་དབྱུང་གནང་བས། དེ་སྐབས་ཁོང་གི་ཞབས་ཕྱི་སྒོ་སྤུས་ཡོན་ཏན་དང་ལུང་ནང་བླ་མ་བསོད་ནམས་ཕུན་ཚོགས་སོགས་གྲྭ་འཁོར་བཅས་བཤུལ་རིང་ལམ་གྱི་སྐུ་ངལ་ཁྱད་དུ་བསད་ནས་ཕེབས་མཐར་རིམ་གྱིས་སྐྱབས་རྗེ་འཁོར་ལོའི་མགོན་པོ་ཨ་འཛོམས་འབྲུག་པ་རིན་པོ་ཆེ་འགྲོ་འདུལ་དཔའ་བོ་རྡོ་རྗེའི་གདན་སར་ཕེབས། རྡོ་རྗེ་འཆང་དངོས་འབྲུག་པ་རིན་པོ་ཆེའི་ཞབས་པད་ལ་བདེ་ཆེན་འཁོར་ལོའི་ཅོད་པན་གྱིས་གཏུག་ནས་སྒོ་གསུམ་ལྟོས་མེད་དུ་ཕུལ་ཞིང་རྗེས་སུ་འཛིན་པར་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ན། བླ་མ་རིན་པོ་ཆེས་ཀྱང་མཇལ་ཙམ་ཉིད་ནས་གཞན་ལས་ལྷག་པའི་ཚུལ་གྱིས་དགྱེས་བརྩེས་རྗེས་སུ་བཟུང་ཞིང་། སྐལ་བཟང་ལས་ཅན་གྱི་འཁོར་ཚོགས་རྒྱ་མཚོ་ལྟ་བུ་ལ་ཁམས་དང་དབང་པོ་བསམ་པ་དང་མཐུན་པའི་ཟབ་རྒྱས་ཀྱི་ཆོས་སྦྱིན་མི་ཟད་པའི་གཏེར་ཆེན་གྱི་སྒོ་ཡངས་པོར་ཕྱེ་བའི་ཆོས་གྲྭ་དེར། ཁོང་ལ་ཡང་གདུལ་བྱ་རྗེས་འཛིན་གྱི་ཐབས་ལ་དགོངས་ཏེ་དང་པོ་ཐུན་མོང་སྔོན་འགྲོ་ནས་གཞི་བཙུགས་ཏེ་ལམ་གྱི་འཇུག་རིམ་་ཆགས་སུ་རིམ་གྱིས་བསྩལ་ཞིང་། ཁྱད་པར་དཔལ་གདོད་མའི་མགོན་པོ་ནས་སྔ་འགྱུར་སློབ་དཔོན་པདྨ་ཀཱ་ར་སོགས་ལ་བརྒྱུད་དེ་རིམ་པར་བཀའ་བབས་བདུན་གྱི་མངའ་བདག་པདྨ་འོད་གསལ་མདོ་སྔགས་གླིང་པའམ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། རྒྱལ་སྲས་སེམས་དཔའ་ཆེན་པོ་འཇིགས་མེད་ཆོས་ཀྱི་དབང་པོ་སོགས་ལ་བརྒྱུད་པ་བཅས་ཤིན་ཏུ་གསང་བའི་མན་ངག་འདི་ཡིན་ནོ་ཞེས། ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཀ་དག་ཁྲེགས་ཆོད་ཀྱི་གདམས་པ་དང་། བརྩོན་འགྲུས་ཅན་འབད་བཅས་སུ་གྲོལ་བ་འོད་གསལ་ཐོད་རྒལ་གྱི་སྙན་བརྒྱུད་མན་ངག་ལག་ལེན་བཅས་འདི་ནི་ཐེག་མཆོག་རྒྱལ་པོའི་མན་ངག་སྟེ། སྐལ་ལྡན་ཚེ་འདིར་གྲོལ་བའི་གདམས་པ་རྡོ་རྗེ་ཐེག་པའི་ལམ་གྱི་རྩེ་མོ་ཡང་གསང་བླ་ན་མེད་པ་སྟེ་དབྱིངས་ཀྱི་མཁའ་འགྲོ་འབུམ་གྱི་ཐུགས་མཛོད། གྲུབ་བརྙེས་རིག་འཛིན་སྟོང་གི་དགོངས་པའི་ཞེ་ཕུག རྟོགས་ལྡན་རྒན་པོ་ཡོངས་ཀྱི་ཉེ་ལམ་ཟེར་བ་འདི་ག་ཡིན་གསུངས་ནས། སྔ་ཕྱིར་ལྕེ་བཙུན་སྙིང་ཐིག་དང་དགོངས་པ་ཟང་ཐལ། ཁྱད་པར་སྙིང་ཐིག་གོང་འོག་གི་སྨིན་གྲོལ་དང་ལྗགས་ལུང་། རྩ་རླུང་གཏུམ་མོ། བཅུད་ལེན་སོགས་གདམས་ཟབ་མང་པོ་བུམ་པ་གང་བྱོའི་ཚུལ་གྱིས་གཅེས་ནོར་དུ་རྫོགས་པར་ཉམས་ཁྲིད་དུ་བསྩལ། གཞན་ཡང་བཀའ་གཏེར་གསར་རྙིང་གི་ཆོས་བཀའ་དང་དབང་ལུང་དུ་མ་ཡང་གསན་ནས་གནས་དེར་ཁྲིད་སྦྱང་དང་བཅུད་ལེན་ལ་བཞུགས་པ་སོགས་དཀའ་བ་བརྒྱ་ཕྲག་གིས་སྦྱང་བརྩོན་ཡུན་རིང་གནང་བས། མཁས་དང་གྲུབ་པའི་གོ་འཕང་མཐོན་པོར་རྩོད་མེད་དུ་གཤེགས་པས་ཨ་འཛོམས་འབྲུག་པ་རྡོ་རྗེ་འཆང་གི་རྟོགས་པ་དོན་གྱི་རྒྱལ་ཚབ་ཏུ་གྱུར་ནས། བླ་མས་ཁོང་ལ་བྱ་བྲལ་ཆོས་དབྱིངས་རང་གྲོལ་ཞེས་དོན་ལྡན་གྱི་མཚན་གྱི་ཅོད་པན་དཔྱང་བ་མ་ཟད། ཁོང་དང་གོ་འཇོ་མཁར་སྤྲུལ་པདྨ་ཤེས་རབ་བཟང་པོ་གཉིས་ལ་བཤད་པའི་བཀའ་བབས་དང་། ངོར་རྟོགས་ལྡན་ཤཀྱཱ་ཤྲཱི་དང་། སྨུག་སེང་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་བློ་གྲོས་གཉིས་ལ་སྒྲུབ་པའི་བཀའ་བབས་ཏེ་ཐུགས་སྲས་ཀ་ཆེན་བཞི་ཞེས་ཡོངས་སུ་གྲགས་པ་བྱུང་། ཆོས་སྒར་དེར་བཞུགས་སྐབས་ཉིན་ཞིག་བླ་མས་ཁོང་གི་སྲས་མོ་འཆི་མེད་ཁྱོད་ཀྱི་ཡུམ་སྐལ་རེད་འདུག་པས་ཐབས་ཤེས་འབྲེལ་ན་ལེགས་ཚུལ་གསུངས་ཀྱང་། ཁོང་གིས་བླ་མ་ལ་གཞན་ནི་ཁྱེད་ཀྱིས་ཅི་གསུང་དང་དུ་ལེན་ཡང་བུད་མེད་འདི་བདག་ལ་དགོས་པ་མི་འདུག་པས་དེ་ལྟར་མི་དགོས་པའི་དགོངས་ཁྲོལ་ཡང་ཡང་ཞུས། ཕྱིས་སུ་ཡང་ཁོང་རྟེན་རབ་བྱུང་ཡིན་མོད་ཆ་ལུགས་ལྕང་ལོ་དང་་གཟན་དཀར་སོགས་སྔགས་ཆས་ལྟ་བུར་བཞུགས་པ་ནི་བླ་མ་རིན་པོ་ཆེའི་བཀའ་གསུང་དང་མི་འགལ་བའི་ཆེད་དུ་ཡིན་གསུངས། དེ་ལྟར་ཨ་འཛོམས་འབྲུག་པ་རིན་པོ་ཆེའི་མདུན་དུ་བགྲང་བྱ་དུ་མར་ཟབ་རྒྱས་ཆོས་མཛོད་དུ་མར་གསན་བསྒོམ་ཟུང་དུ་འབྲེལ་ནས་རྟོགས་པ་ནམ་མཁའ་དང་མཉམ་པ་ཡིན་ནོ།།


previousགསུམ་པ་ལྕགས་སྐོང་བདུད་འཇོམས་རྡོ་རྗེའི་ལུང་བཞིན་ཚེ་རབས་ལས་ཀྱི་བླ་མ་ཨ་འཛོམས་འབྲུག་པ་རིན་པོ་ཆེ་དང་མཇལ་ནས་གདམས་ཟབ་ཀྱིས་ཐུགས་ཀྱི་བུམ་བཟང་གཏམས་པའི་སྐོར་ནི། next