Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
  collapse section
   
   
   
   
   
   
དྲུག་པ་གསེར་ཡག་སྒང་རི་ཁྲོད་དུ་སློབ་མ་བསྐྱངས་ཤིང་བསྟན་འགྲོའི་དོན་ཆེན་ཕྱོགས་མེད་དུ་རྒྱས་པའི་སྐོར་ནི།
   
   
   
   
   
   
   
   
   
   


 
previousདྲུག་པ་གསེར་ཡག་སྒང་རི་ཁྲོད་དུ་སློབ་མ་བསྐྱངས་ཤིང་བསྟན་འགྲོའི་དོན་ཆེན་ཕྱོགས་མེད་དུ་རྒྱས་པའི་སྐོར་ནི། next

དྲུག་པ་གསེར་ཡག་སྒང་རི་ཁྲོད་དུ་སློབ་མ་བསྐྱངས་ཤིང་བསྟན་འགྲོའི་དོན་ཆེན་ཕྱོགས་མེད་དུ་རྒྱས་པའི་སྐོར་ནི།

དེ་ལྟ་བུའི་སྐྱབས་རྗེ་འགྲོ་བའི་མགོན་པོ་གང་གིས་གདན་ས་ཡག་སྒང་དུ་འཁོར་སློབ་རྣམས་ལ་ཆོས་སྦྱིན་མི་ཟད་པའི་ཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ནས། གདུལ་བྱ་རྒྱ་མཚོ་ལྟ་བུ་སྨིན་གྲོལ་ལ་བཀོད་པའི་ཚུལ་ལས་བརྩམས་ཏེ་ཅུང་ཟད་བརྗོད་ན། དེ་ཡང་གསང་ཆེན་སྔ་འགྱུར་བའི་བསྟན་པ་རིན་པོ་ཆེ་ནུབ་རིའི་རྩེ་མོར་ཡིབ་ལ་ཉེ་བ་ཐུགས་ཀྱིས་མ་བཟོད་པར། སྙིང་པོའི་བསྟན་པ་ཁོ་ནས་རྒྱལ་བསྟན་གྱི་སྲོག་འཛིན་པར་ཐུགས་ལ་བཅངས་ཏེ། སྐུ་ཚེ་ཧྲིལ་པོར་སྒྲུབ་བརྒྱུད་ཀྱི་བསྟན་པ་ཉིད་ལྷུར་ལེན་པ་གཙོ་བོར་མཛད་དེ། སྤྱིར་སློབ་བུའི་ཁམས་དང་དབང་པོ་བསམ་པའི་བྱེ་བྲག་དང་བསྟུན་ནས་ཁྲིད་གསུང་པ་ཁོ་ན་གཙོ་བོ་མཛད་པས། ངོ་སྤྲོད་གདབ་ཚུལ་སོགས་ཁྲིད་ཁ་འཇོག་སྟངས་མཐའ་གཅིག་ཏུ་མ་ངེས་ཀྱང་། དང་པོའི་ལས་ཅན་ཆོས་སྒོར་གསར་དུ་ཞུགས་པའི་རིགས་ལ་སེམས་ཉིད་ངལ་གསོ་དང་ཀུན་བཟང་བླ་མའི་ཞལ་ལུང་སོགས་ཀློང་སྙིང་སྔོན་འགྲོའི་དམིགས་ཁྲིད་ལྟར་ཕྱག་བཞེས་མ་ཉམས་པར་མཛད་དེ། དེ་ཡང་དལ་འབྱོར་རྙེད་དཀའ་ནས་བཤེས་གཉེན་བསྟེན་པའི་བར་ཐུན་མོང་ཕྱི་ཡི་སྔོན་འགྲོའི་ཁྲིད་རྐང་དྲུག་པོ་རེ་རེ་བཞིན་ཉམས་ཁྲིད་ཞིབ་པར་གནང་སྟེ། བློ་ལྡོག་རྣམ་བཞི་རྒྱུད་ལ་མ་སྐྱེས་ཀྱི་བར་སྒོམས་སུ་འཇུག དེའི་རྗེས་སུ་སྐྱབས་སེམས་ནས་བླ་རྣམ་བར་ནང་གི་ཁྲིད་རྐང་རེ་རེ་བཞིན་ཁྲིད་ཅིང་། འབུམ་ལྔའི་བསགས་སྦྱང་ཀྱང་གནད་དུ་ཁེལ་ངེས་གསོག་ཏུ་འཇུག་ཅིང་བླ་རྣམ་སྐབས་སིདྡྷི་བྱེ་བ་ས་ཡ་སོགས་གྲངས་མང་འཁྱོལ་དུ་འཇུག དེ་ནས་རིམ་གྱིས་དངོས་གཞི་རྣམས་རྟགས་དང་སྦྱར་ཏེ་བྱུང་གནས་འགྲོ་གསུམ་གྱིས་གཞི་བཟུང་ནས། བཞག་ཐབས། ཤན་འབྱེད། ངོ་སྤྲོད། གེགས་སེལ་བོགས་འདོན་བཅས་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་བཞག་གདན་ཐོག་གཅིག་ཏུ་ཉམས་སུ་བླངས་ནས། མཐར་ཐུག་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པའི་བར་ལམ་གྱི་རིམ་པ་ཚང་ལ་མ་ནོར་བར་འཇུག་རིམ་ལྟར་ཁྲིགས་ཆགས་སུ་ཉམས་ཁྲིད་དུ་གདམས་པ་དེ་ནི་གང་ཟག་སྣང་བ་ཡུལ་གྱི་བློ་ཅན་ནམ་རིམ་གྱིས་པ་རྣམས་སྐྱོང་ཚུལ་ཡིན་ཅིང་། ཡང་གང་ཟག་ཅིག་ཆར་བའི་རིགས་རིག་པ་རང་སྣང་གི་བློ་ཅན་རྣམས་ལ་ཐོག་མ་ནས་འོད་གསལ་བའི་ཡེ་ཤེས་རྗེན་པར་ངོ་སྤྲད་དེ། ལོ་དང་ཟླ་བ་ཙམ་གྱིས་རྟོགས་པ་མངོན་དུ་བྱས་པའང་དུ་མ་ཡོད། གཞན་སློབ་མའི་ཐུགས་རྒྱུད་དང་བསྟུན་ནས་མཁྱེན་རབ་ཀྱི་རྩལ་དང་ལྡན་པའི་རིགས་རྣམས་ལ་སྒྱུ་འཕྲུལ་གསང་བ་སྙིང་པོ་རྩ་འགྲེལ། ཀློང་ཆེན་མཛོད་བདུན། བླ་མ་ཡང་ཏིག རྫོགས་ཆེན་དགོངས་པ་ཟངས་ཐལ། ལྕེ་བཙུན་སྙིང་ཐིག ཁྲིད་ཡིག་ཡེ་ཤེས་བླ་མ། གཉུག་སེམས་སྐོར་གསུམ། ངལ་གསོ་སྐོར་གསུམ། ངེས་ཤེས་སྒྲོན་མེ་སོགས་བླ་མེད་ཀྱི་རྒྱུད་སྡེ་དང་མདོ་ཕྱོགས་དབུ་ཕར་སོགས་ཀྱི་བཤད་པའང་མཛད་པས་མཁས་གྲུབ་གཉིས་ལྡན་གྱི་གསུང་ལས་སྐྱེས་པའི་དངོས་སློབ་མཐའ་ཡས་པ་བྱུང་ངོ་། དེ་ལྟར་དགུང་གྲངས་གཞོན་སྐབས་རྗེ་ཉིད་ཀྱིས་གང་ལ་གང་འདུལ་གྱི་ཟབ་ཆོས་སྐུ་ངལ་འཛེམ་མེད་ཀྱི་ཚུལ་དུ་ཁྲིད་གནང་ཞིང་། སྐུ་ན་སྨིན་སྐབས་སུ་ཐུན་མོང་སྔོན་འགྲོ་དང་སྐྱབས་སེམས་སོགས་ཕལ་ཆེར་དེར་བཞུགས་སློབ་མའི་མཆོག་གྱུར་མཁན་པོ་ཆོས་གསལ་དང་། འཇང་སྒང་དབོན་པོ་སོགས་ལ་གསུང་དུ་འཇུག་ཅིང་སྨིན་ཁྲིད་རྣམས་རྗེ་ཉིད་ཀྱིས་མཛད། གང་ལྟར་གསར་དུ་སླེབ་པ་རྣམས་ལ་སྔོན་འགྲོའི་བློ་སྦྱངས་དང་སྐྱབས་སེམས་སོགས་ཉི་མ་རེ་རེ་བཞིན་ཁྲིད་དུ་འཇུག་ཅིང་རྒྱུད་ངེས་འབྱུང་དང་བྱང་ཆུབ་སེམས་ཀྱིས་སྨིན་ངེས་སུ་མཛད་པ་ལས། དང་པོ་ནས་དངོས་གཞིའི་ཁྲིད་རྣམས་གང་བྱུང་དུ་ཁྲིད་སྲོལ་གཏན་ནས་མེད་པར་མ་ཟད། རྗེ་ཉིད་ཀྱིས་དངོས་གཞིའི་སྨིན་ཁྲིད་རྣམས་སྩོལ་བའི་སྐབས་ཀྱང་། སློབ་བུ་ལྔ་ཡན་ལ་མཉམ་དུ་ཁྲིད་སྲོལ་མེད་ཅིང་དེ་ཡང་ངོ་སྤྲོད་དངོས་ནི་ཁེར་ཁྲིད་ཁོ་ནས་ངོ་སྤྲོད་ཐེབས་ངེས་སུ་མཛད་པས་རྗེ་འདིའི་དངོས་སློབ་ཡིན་ཕྱིན་འཁོར་བ་ལ་གཏིང་ནས་བློ་ལོག་ཅིང་སྐུ་ཚེ་དབེན་རིར་བསྐྱལ་ཏེ་ཉམས་ལེན་མཐའ་རུ་ཕྱིན་པ། ལྷག་པར་དུས་འགྱུར་མུན་ནག་གིས་བརྫི་བར་མ་ནུས་པས་ཚེ་དང་སྒྲུབ་པ་མཉམ་པ་གཅིག་ལས་གཅིག་གིས་བཟང་བ་ལྟ་བུ་ཤ་སྟག་བྱུང་བས། ཕལ་ཆེར་ཚེ་འདིར་གྲོལ་རྟགས་མངོན་དུ་གྱུར་བའམ་འཆི་ཁ་ཚུན་ལ་ལམ་སྣ་མ་ཟིན་པ་གཅིག་ཀྱང་མེད་པ་ལྟ་བུ་བྱུང་བ་ན། རྗེ་འདིའི་བྱིན་རླབས་དང་སློབ་མ་སྐྱོང་བའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་ངེས་སོ། །ཞེས་དེང་སང་ཀུན་གྱིས་དད་འདུན་གྱི་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བཞིན་པ་འདིའོ། །གཞན་ཡང་བདག་ཉིད་ཆེན་པོ་འདི་ནི་གདུལ་བྱ་སྐྱོང་བའི་ཐབས་ལ་མཁས་པའི་ཚད་དུ་གླེང་བ་སྟེ། ཆོས་ལ་མ་འདྲེས་པའམ། ཡང་ན་ཆོས་ལ་དོན་གཉེར་མེད་པ་དག་ལ་དངོས་རྫས་ཕྲན་ཙམ་རེ་གནང་བའམ། གནའ་དཔེ་དང་གཏམ་རྒྱུད་གླེང་བ་སོགས་སྙན་པར་སྨྲ་བ་ཁོ་ནས་སྣང་བ་ཆོས་ཀྱི་ཕྱོགས་སུ་རིམ་གྱིས་ཁ་དྲངས་བར་མཛད་ཅིང་། ཐ་ན་བྱིས་པ་ཆུང་ངུ་དག་ལའང་ཞལ་རྩེད་དང་མངར་ཆས་ཀྱི་རིགས་སོགས་གནང་སྟེ། བློ་སྣང་དབང་མེད་དུ་འབྲིད་མཁས་པ་དང་། མི་ཆེན་དང་བླ་ཆེན་གྱི་རིགས་སམ་ཡང་ན་ང་རྒྱལ་དང་ཁེངས་སེམས་ཆེ་བའི་རིགས་ལ་མཚང་ནས་སྒོལ་ཏེ་དྲག་པོའི་བཀའ་བཀྱོན་ཀྱིས་ཚར་བཅད། དབུལ་ཕོངས་ཉམས་ཆུང་གི་རིགས་ལ་ཆོས་བསྒྲུབ་པའི་མཐུན་རྐྱེན་སྦྱར་བ་སོགས་གྱིས་རྒྱུན་དུ་བརྩེ་བས་བསྐྱངས། མི་དབང་ས་སྐྱོང་གི་རིགས་ལ་རྒྱལ་ཁྲིམས་ཆོས་དང་མི་འགལ་བར་ཆབ་སྲིད་བདེ་སྐྱིད་ཀྱི་དཔལ་ལ་བཀོད་པ་སོགས་ཐབས་ལ་མཁས་པའི་གཞན་དོན་གྱི་མཛད་པ་ཁོ་ན་ལས་རང་ཆེ་ཐབས་འབའ་ཞིག་དང་། གྲགས་པ་དོན་དུ་གཉེར་ཞིང་ལོག་འཚོའི་དཀོར་མང་སྡུད་པའི་གཡོ་ཐབས་དང་། གཞན་མཐོ་ལ་ཕྲག་དོག་གིས་ཟུར་ཟ་ཞིང་མི་སྙན་པར་གླེང་བ་དང་། མཉམ་པར་འགྲན་གྱིས་དོགས་ནས་ཐབས་སྣ་ཚོགས་ཀྱིས་ཚར་བཅད་དེ་འབངས་སུ་བཀོལ་བ་སོགས་རང་དོན་ཕུགས་བཅུག་གཞན་ཕན་ཁ་རུ་འདོན་པའི་ཆོས་བརྒྱད་ཀྱི་མངོན་ཞེན་ཕྲ་མོས་ཀྱང་། སྐུ་ཚེ་ཧྲིལ་པོར་གོས་པ་མེད་པར་སྔོན་བྱོན་རྒྱལ་བ་གོང་མའི་མཛད་པ་དང་རྗེས་སུ་མཐུན་པར་བསྡུ་བ་རྣམ་པ་བཞི་དང་། ལས་བཞིའི་ཕྲིན་ལས་ལྷུན་གྲུབ་ལ་མངའ་དབང་འབྱོར་བ་ཡིན། དེ་བཞིན་རྒྱུན་དུ་སྐུ་མདུན་ནས་འགྲིག་འདེད་རྒྱུ་དང་། གླིང་སྒྲུང་བཤད་དུ་འཇུག་པ་སོགས་ཀྱང་དུས་ཀྱི་གཡོ་འཁྲུག་བཟློག་པའི་ཐབས་མཁས་ཡིན་པར་གསུངས་པ་སོགས། རྟག་ཏུ་གཞན་ཕན་གྱི་ཕྲིན་ལས་རླབས་པོ་ཆེ་གདུལ་བྱ་ཡོངས་ལ་སྙོམས་པར་འཇུག་པས་ཆེས་ངོ་མཚར་རྨད་དུ་གྱུར་པའི་མཛད་པ་ལ། ལྷར་བཅས་འཇིག་རྟེན་ཀུན་གྱིས་བསྟོད་དབྱངས་མགྲིན་གཅིག་ཏུ་སྒྲོགས་པ་ལགས་སོ། །ཁོང་ནི་རྟོགས་པ་ནམ་མཁའ་དང་མཉམ་པས་བྱ་བྲལ་གྱི་མཚན་དོན་དང་མཐུན་པ་སྟེ། བསྙུང་གནས་བླ་མ་རིན་ཆེན་དར་རྒྱས་ཀྱིས་ཁོང་ལ། ཁྱེད་ལ་ཕྱི་ན་ཁ་ཞོས་མཛོ་མོ་མང་། ནང་ན་རྒྱུ་རྫས་དང་ཐ་ན་མེ་ཤིང་ཡན་ཆད་འདི་འདྲ་མང་བས་ཅིའི་ཕྱིར་ན་བྱ་བྲལ་བ་ཟེར་ཞེས་ཞུས་ཚེ། ཁོང་གིས་ཁྱེད་ཀྱིས་ནོར་བ་རེད། རྒྱུ་མེད་ན་སྤྲང་པོ་ཟེར། བྱ་བྲལ་ཟེར་བ་ནི་ནང་རིག་པའི་ཡེ་ཤེས་ལ་གཟུང་འཛིན་གྱི་བྱ་བ་བྲལ་དགོས་པ་ཡིན། གཞན་བྱ་བྲལ་མཁྱེན་བརྩེའི་དབང་པོ་ཅི་ལ་ཟེར་ཞེས་དོན་གྱི་བྱ་བྲལ་དུ་ཞལ་གྱིས་བཞེས། དེ་བཞིན་རྗེ་འདིི་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ལ་ཐུགས་དགྱེས་ཤིང་། ཁྱད་པར་འཇམ་མགོན་མི་ཕམ་རིན་པོ་ཆེའི་གཞུང་ལ་ཐུགས་རྩིས་ཧ་ཅང་ཆེ་བར་གནང་བ་སྟེ། སྔར་ཨ་འཛོམ་རིན་པོ་ཆེའི་སྐུ་མདུན་བཞུགས་དུས། འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེ་ཞལ་བཞུགས་སྐབས་ཡིན་སྟབས། བྱ་བྲལ་རིན་པོ་ཆེ་ཁོང་དེར་ཞལ་མཇལ་དང་གསུང་ཆོས་ཞུ་རུ་ཕེབས་འདོད་ཧ་ཅང་ཆེ་བས་བླ་མ་ལ་གནང་བ་ཞུས་ཀྱང་། འབྲུག་པ་རིན་པོ་ཆེས་ངས་ཁྱེད་ལ་བཤད་པ་དེ་ཚོས་ཁྱོད་ཀྱིས་རང་གཞན་གཉིས་ཀྱི་དོན་འགྲུབ་ངེས་པས་དེ་དག་ཉམས་སུ་ལོངས་ཞེས་ཕེབས་པར་མ་གནང་། ཡང་ཁྱོད་ཀྱི་སྐུ་སྔོན་མ་རྡོ་བླ་འཇིགས་སྐལ་ཡང་ཧ་ཅང་མཁས་པས་རྒྱ་ནག་ཏུ་གདན་དྲངས་སྐབས་ཐབས་མ་མཁས་པས་ཁྲིམས་སུ་ཚུད། དེ་བས་ཁྱེད་རང་ལ་ཡང་ཀེག་ཆེ་སྟབས་སྦྱངས་པ་དེ་ཙམ་གྱིས་ཆོག་གསུངས་ནས་མ་གནང་བ་རེད་ཅེས་ཀྱང་ཐོས། གང་ལྟར་འཇམ་མགོན་བླ་མ་སྐུ་དངོས་སུ་མ་མཇལ་ཡང་། ཕྱིས་སུ་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བར་ངེས་ཏེ། བོད་སྤྲུལ་རིན་པོ་ཆེ་དང་མཉམ་དུ་གཞུང་གི་བགྲོ་གླེང་གནང་སྐབས་ཁོང་གིས་འཇམ་མགོན་བླ་མའི་གསུང་གི་གནད་གསང་མང་པོ་ཞལ་འཕྲོས་སུ་གནང་བས་མི་ཕམ་རིན་པོ་ཆེས་བྱིན་གྱིས་བརླབས་པའི་ཐུགས་སྲས་ཡིན་ངེས་པའི་ཐུགས་ངེས་འཁྲུངས་ཞེས་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མས་རྒྱུན་དུ་གསུངས། ཡང་མགོ་ལོག་མཁན་པོ་འཇམ་དོན་ལ་བྱ་བྲལ་རིན་པོ་ཆེས་ཁྱོད་ཀྱིས་མི་ཕམ་ལ་རྒྱུན་དུ་གསོལ་བ་ཐོབ་གསུངས་པས་གསོལ་བ་རྩེ་གཅིག་ཏུ་བཏབ་ཚ། བླ་མ་རང་ཉིད་རེ་རྨིས་པས་ཁོང་རྣམ་གཉིས་ཐུགས་རྒྱུད་གཅིག་པ་འདྲ་ཞེས་མཁན་པོ་འཇམ་དོན་གསུངས། དེ་བཞིན་མི་ཕམ་རིན་པ་ོཆེའི་གསུང་ལ་ཐུགས་གཙིག་ཧ་ཅང་ཆེ་བར་གནང་སྟ། ཁོང་གིས་མཁན་པོ་ཆོས་གསལ་ལ། ཁྱོད་ཀྱིས་ཀློང་ཆེན་ཀློང་ཆེན་གསུངས་ཀྱང་ཀློང་ཆེན་པའི་གསུང་གི་ལྡེ་མིག་ལྟ་བུ་མི་ཕམ་རིན་པོ་ཆེའི་གསུང་ཡིན་པས་དེ་ལ་ལྟོས་ཞེས་གསུངས་ཤིང་། སྐུ་དངོས་ཀྱིས་རྒྱུན་དུ་ངེས་སྒྲོན་དང་། གསང་སྙིང་སྤྱི་དོན། གཉུག་སེམས་སོགས་ལྗགས་ཁྲིད་གནང་བ་མ་ཟད། ཕྱིས་སུ་ཆོས་སྒར་དུ་ལུང་རྒྱུན་སྤེལ་བའི་མཐུན་རྐྱེན་ཡང་གནང་། དེ་ལྟར་རྗེ་འདི་ཉིད་མདོ་སྔགས་ཀྱི་གཞུང་ལ་ཐུགས་བྱང་ཆུབ་པ་མ་ཟད་ཐུན་མོང་གསོ་རིག་གི་གཞུང་དང་ལག་ལེན་ལའང་བྱང་ཆུབ་པས་རྒྱུན་དུ་གསོ་བ་རིག་པའི་སྐོར་གྱི་ལག་ལེན་དང་གཞུང་ཁྲིད་གནང་བར་བརྟེན། ཁོང་གི་སློབ་མ་ཕལ་ཆེར་གྱིས་སྨན་གྱི་ལག་ལེན་ཤེས་པ་མ་ཟད། མདུན་འདུག་པ་གཡུ་ཁོག་བླ་མ་འགྱུར་མེད་རྡོ་རྗེ་སོགས་སྨན་པ་མཁས་པ་ཡང་མང་དུ་བྱུང་། དེ་ལྟར་རྗེ་འདི་མཁས་ཤིང་གྲུབ་པ་བརྙེས་པའི་མཚན་སྙན་གྱིས་ཕྱོགས་ཀུན་ཁྱབ་པས། སྐབས་དེར་གངས་ལྗོངས་མདོ་སྨད་ཀྱི་ཨ་མདོ་མགོ་ལོག་ཚུན་ཆད་ནས་སྨད་མི་ཉག་རྒྱ་རོང་ཡན་ཆད་ཀྱི་བླ་སྤྲུལ་སྐྱེས་ཆེན་དུ་མ་དང་། དཔོན་རིགས་མི་དྲག་མང་པོ། དེ་བཞིན་ལས་ཅན་གྱི་གདུལ་བྱའི་ཚོགས་གྲངས་མེད་པ་ཞལ་རས་མཇལ་བ་དང་ཟབ་ཆོས་ཞུ་རུ་ལྷགས། སྐབས་དེར་ཁོང་གི་འཁོར་སློབ་ལ་བསླབ་པ་སྦྱིན་པའི་མཁན་པོ། རྒྱུད་སྡེ་འཆད་པའི་མཁས་པ། མཚན་ཉིད་སྟོན་པའི་དགེ་བཤེས་སོགས་མང་དུ་བཞུགས་པ་ལས། རྒྱུན་དུ་ཆོས་སྒར་དེར་བཟོ་གསོ་བ། སྒྲ་ཚད་མ། ནང་དོན་སྡེ་སྣོད་རིན་པོ་ཆེ་གསུམ་གྱི་བཤད་པ་དང་། གཞན་སྐར་རྩིས། བརྡ་སྤྲོད་རིག་པ། ཡི་གེ་བྲིས་གཟུགས་ཡན་ཆད་ཡོན་ཏན་གང་སློབ་པར་འདོད་ཀྱང་རིན་ཆེན་གསེར་གླིང་དུ་ཕྱིན་པ་ལྟར་འདོད་པའི་རེ་བ་ཡིད་བཞིན་དུ་འཇོ་བར་བྱེད་ཅིང་། སྔོན་རྗེས་སུ་མཁས་མང་རྒྱ་མཚོ་ལྟ་བུའི་འབྱུང་གནས་སུ་ཡང་གྱུར་ཏོ། གཞན་ཡང་དེར་ཡོད་འདུས་སྡེ་ཡོངས་ཀྱིས་ཕྱི་སོ་ཐར་གྱི་བསླབ་པས་ཐུགས་རྒྱུད་ལེགས་པར་བསྡམས་ཏེ། འདུལ་བ་གཞི་གསུམ་གྱི་ལག་ལེན་ཕྲ་ཞིབ་ཕྱག་བཞེས་སུ་བསྟར་ཞིང་། ཡར་མར་གྱི་གསོ་སྦྱོང་རྒྱུན་དུ་མཛད་པ་སོགས་ཕྱིི་ལྟར་སྤྱོད་པ་དམ་ཆོས་འདུལ་བ་དང་སྒོ་བསྟུན་པར་བྱེད་པ་དང་། ནང་གསང་སྔགས་ཀྱི་ལྟ་སྒོམ་ཟབ་མོ་ཐུགས་ཉམས་སུ་བཞེས་ཏེ་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་ཅིང་། ཟླ་བ་བྱུང་ངོ་ཅོག་གི་ཡར་མར་གྱི་ཚེས་བཅུ་ལ་ཚོགས་མཆོད་རྒྱུན་མི་ཆད་པར་འབུལ་བ་དང་། ཁྱད་པར་གསང་བ་རྫོགས་ཆེན་གྱི་དངོས་གཞིའི་ཉམས་ལེན་ཟབ་མོ་ཆུ་བོའི་རྒྱུན་གྱི་ཏིང་ངེ་འཛིན་ལ་བསླབ་པས། མཉམ་བཞག་གི་རྩི་དང་མི་འབྲལ་བར་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བལྟས་ཏེ་བསོད་ནམས་ཀྱི་ཚོགས་སྡུད་པར་བྱེད་པ་སོགས། སྔ་འགྱུར་མཁས་གྲུབ་གོང་མའི་མཛད་པའི་སྲོལ་རྒྱུན་ཇི་བཞིན་ཕྱག་ལེན་དུ་འདེབས་པ་ཉིད་རྗེ་འདིའི་ཆོས་སྒར་གྱི་ཁྱད་པར་གྱི་ཕྱག་བཞེས་སུ་མངོན་ཞིང་། སྐབས་དང་སྐབས་སུ་གཞན་ཕན་གྱི་ཕྲིན་ལས་སྤེལ་བ་སོགས་ཆོས་མཐུན་གྱི་མཛད་པ་བཟང་པོའི་ངང་ཚུལ་ལས་ནམ་ཡང་འདའ་བར་མི་བྱེད་པ་སོགས་ཀྱིས་སྐྱེ་བོ་གྲངས་མེད་པ་དད་པའི་ཞིང་ས་ལ་བཀོད་པར་མཛད་དོ། །


previousདྲུག་པ་གསེར་ཡག་སྒང་རི་ཁྲོད་དུ་སློབ་མ་བསྐྱངས་ཤིང་བསྟན་འགྲོའི་དོན་ཆེན་ཕྱོགས་མེད་དུ་རྒྱས་པའི་སྐོར་ནི། next