Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
ལྕེ་བཙུན་ཁྲིད་ཡིག་གི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྕེ་བཙུན་ཁྲིད་ཡིག་གི་ཟིན་བྲིས།next

ལྕེ་བཙུན་ཁྲིད་ཡིག་གི་ཟིན་བྲིས།

ཐིག་ལེ་གསང་རྫོགས་ལས། སྤྲོ་ན་བླ་མའི་རྣལ་འབྱོར་རེ་སྔོན་དུ་འགྲོ་དགོས་གསུངས། བསྡུ་ན། ཐུན་སྤྱིའི་སྔོན་འགྲོ་འདི་ཕྱིན་ཆད་ཀྱི་ཐུན་ཐམས་ཅད་ཀྱི་སྔོན་དུ་འགྲོ་དགོས་པ་སྟེ། ཡིད་དང་མཐུན་ཞིང་དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲང་། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བགེགས་དང་བར་ཆད་ཐམས་ཅད་དག་པར་མོས་ལ་རླུང་རོ་ལན་གསུམ་བསལ་ནས་ཅི་བདེར་བཞག །སེམས་རྣམ་གཡེང་གི་རྟོག་པའི་རྗེས་སུ་མི་འབྲང་བར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གདོད་མའི་མགོན་པོའི་གོ་འཕང་ལ་འགོད་པའི་སླད་དུ་ཟབ་གསང་རྫོགས་པ་ཆེན་པོའི་ལམ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སེམས་བསྐྱེད་སྙིང་ཐག་པ་ནས་མི་འབྲལ་བས། མདུན་གྱི་ནམ་མཁར་ཡེ་ཤེས་འོད་ལྔའི་ཐིག་ལེའི་ཀློང་དུ་ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་བི་མ་ལ་མི་ཏྲ་སྐུ་མདོག་དཀར་གསལ་ཤངས་རྩེར་ཨ་དཀར་པོས་མཚན་པ་དར་སྔོན་པོའི་སྟོད་གཡོག་དང་ཆོས་གོས་གསོལ་ཞིང་ཕྱག་མཉམ་བཞག་ཐོད་ཞལ་བདུད་རྩིའི་བཀང་བ་བསྣམས་པ། འོད་དང་གཟི་བརྗིད་རབ་ཏུ་འབར་ཞིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་རང་ལ་དགྱེས་པས་དགོངས་པར་བསམ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སོགས༴ བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་དུ་བཏབ་པས། བླ་མའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་བྱུང་། རང་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བསལ། མཐར་བླ་མ་ཉིད་འོད་ཕུང་དུ་གྱུར་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ་རིག་པ་འཛིན་མེད་དུ་འཇོག་གོ །ཞེས་གསུངས་སོ། ༈ །དེ་ཡང་སྤྱིར་དབང་བཞིས་ལམ་རྫོགས་པའི་ཚུལ་ནི། སྤྲོས་བཅས་ཀྱིས་ཚོགས་ལམ་བཅུ་གཉིས་རྫོགས་པའི་ཡོན་ཏན་ཐོབ་པའི་རྟེན་བྱེད། སྤྲོས་མེད་ཀྱིས་སྦྱོར་ལམ་ངེས་འབྱེད་ཆ་བཞི་རྫོགས་པའི་རྟེན་བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་མཐོང་ལམ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ཀྱིས་སྒོམ་ལམ་ས་དགུ་རྫོགས་པའི་རྟེན་བྱེད་པའོ། ༈ །དེ་ཡང་སློབ་དཔོན་དགའ་རབ་རྡོ་རྗེས་འོག་མིན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་རང་བཞིན་རྫོགས་པ་ཆེན་པོའི་དབང་དང་། ཡང་གསང་བླ་ན་མེད་པའི་གདམས་པ་དང་བཅས་པ་ཡོངས་སུ་རྫོགས་པ་ཞུས། དེ་ནས་རི་མ་ལ་ཡ་རིན་པོ་ཆེ་རྣམ་པར་སྤྲུལ་བའི་རྩེ་མོར་རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་བདེ་བའི་རོ་ལྡན་མ་དང་། བདེ་བྱེད་སེར་མོ་ཡོན་ཏན་མཐའ་ཡས་པའི་མཁའ་འགྲོ་མ་གཉིས་ཀྱིས་ཞུས་ཏེ། རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་རུ་ཕྱེ་བ་ཡིན་ཏེ། ལོ་གསུམ་ན་གླེགས་བམ་དུ་བཀོད། དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་རང་བཞིན་རྫོགས་པ་ཆེན་པོའི་ཆོས་རྣམས་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཕྱེ་བ་ཡིན་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་ཅན་ལ་མན་ངག་གོ །ཞེས་གསུངས། སེམས་ཀློང་མན་ངག་གི་དགོངས་པ་དང་ཁྱད་པར་ནི། ཐེག་མཆོག་མཛོད་ལས། དེ་ཡང་རང་སེམས་མ་ཡིན་པའི་ཆོས་ལོགས་ན་མེད་པས་སྣ་ཚོགས་སེམས་ཀྱི་སྡེའོ། །འདི་དག་ནི་སེམས་རང་བྱུང་གི་ཡེ་ཤེས་ལས་གཞན་དུ་ངོ་བོ་དང་རྩལ་དང་རོལ་བ་གསུམ་དུ་གྱུར་པ་འགོག་པ་ལ་དགོངས་པ་ཙམ་མོ། །ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ནས་སྐུ་གསུང་ཐུགས་ཀྱི་རྒྱན་ལས་འགྲོ་ས་གཞན་མེད་པར་སྨྲ་བ་ཀློང་གི་སྡེའོ། །འདི་དག་ནི་བརྗོད་བྱ་ཆོས་ཉིད་ཀྱི་ཀློང་ལས་གཞན་འབྱུང་འགོག་པ་ལ་དགོངས་པ་ཙམ་མོ། །ཡིན་ལུགས་གནད་ཐོག་ཏུ་འབེབས་པ་མན་ངག་གི་སྡེའོ། །འདི་དག་ནི་གནད་མ་ཡིན་པ་གཞན་དུ་ཁ་འབྱམས་དོན་ལས་འགྱངས་པ་འགོག་པ་ལ་དགོངས་པས་ཀུན་གྱི་རྩེ་མོར་ཕྱིན་པའོ། །ཞེས་གསུངས། གྲུབ་མཐའ་མཛོད་ལས། སེམས་སྡེ་སེམས་ཡིན་པ་ལ་ལ་ལས་ཡིད་དཔྱོད་དུ་འཛིན་ལ། ཀློང་སྡེ་ཆོས་ཉིད་དུ་འཛིན་པས་ཡིད་དཔྱོད་དུ་སོང་བ་ལས། མན་ངག་གི་སྡེ་ནི་གནས་ལུགས་རང་གསལ་དུ་བྱེད་པས་འཕགས་སོ། །ཞེས་གསུངས། མན་ངག་གི་སྡེ་ནི་སེམས་ཀློང་གཉིས་ལས་ཆེས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཀྱེ་རྡོ་རྗེ་འཛིན་པ། དེ་ལྟར་གཏན་ལ་མ་ཕབ་ན། །ཡིད་དཔྱོད་འཛིན་པ་རྣམས་དང་ནི། །ཁྱད་པར་ཅི་ཡང་མེད་པར་འགྱུར། །དེ་ཕྱིར་ངེས་གསང་སྙིང་པོ་འདི། །མུན་པ་ལས་ནི་མར་མེའམ། །བ་གླང་རྣམས་ཀྱི་གླང་ཆེན་ནམ། །གཅན་གཟན་རྣམས་ལས་སེང་གེའམ། །རྐང་ཐང་རྣམས་ལས་རྟ་པ་བཞིན། །ཀུན་གྱི་ནང་ནས་ཁྱད་པར་འཕགས། །ཞེས་གསུངས། མན་ངག་སྡེ་དེ་དག་གི་སྙིང་པོ་ཐིག་ལེ་མཆོག་གི་ཆོས་ཉིད་ཐིག་ལེ་མཆོག་ཅེས་པ་ནི། ལྷུན་གྲུབ་སྣང་བའི་འོད་གསལ་ལ་གཙོ་བོར་གསུངས་པས་དེ་ལ་སྙན་རྒྱུད་དང་བཤད་རྒྱུད་གཉིས་སུ་ཕྱེ། སྙན་རྒྱུད་ལ་དབྱེ་ན་མང་ཡང་། ཡི་གེ་དང་བཅས་པ་དང་ཡི་གེ་མེད་པའི་སྙན་རྒྱུད་ཆོས་ཉིད་དོན་གྱི་མན་ངག་གོ །དེ་ནས་སློབ་དཔོན་ཤྲི་སེང་ཧས་བཤད་རྒྱུད་ལ། ཕྱི་སྐོར། ནང་སྐོར། གསང་སྐོར། གསང་བ་བླ་ན་མེད་པའི་སྐོར་དང་བཞིར་ཕྱེ་བ་ཡིན་ཏེ། སློབ་དཔོན་བི་མ་ལའི་སྒྲོན་མ་སྣང་བྱེད་ལས། ཕྱི༵་སྐོར༵་ལུས༵་དང༵་འདྲ༵་སྟེ༵་ཐ༵་སྙད༵་རྒྱ༵་ཆེར༵་བསྟན༵། ལུས་རྫོགས་པར་ཡོད་ཀྱང་དོན་སྙིང་ལྔ་ལ་སོགས་པ་མེད་ན་རོ་དང་འདྲ། ནང༵་སྐོར༵་མིག༵་དང༵་འདྲ་༵ སྟེ༵་མིག་གིས་ཕྱི་མཐོང་ཡང་རང་མི་མཐོང་མཐོང་༵ བ༵་བརྡ༵་ཡི༵་ཆོས༵། གསང་༵ སྐོར༵་སྙིང༵་དང༵་འདྲ༵་སྟེ་༵ དྲན༵་བྱེད༵་ཟུང༵་གི༵་ཆོས༵། སྙིང་གཅིག་པུས་དོན་བྱེད་མི་ནུས་ཏེ་སྔ་མ་ལས་བག་ཙམ་འཕགས་སོ། །འདི༵་ནི༵་ལུས༵་ཀུན༵་ཏེ་ལུས་ལ་ནད་མེད་དབང་པོ་སྐྱོན་མེད་རྫོགས༵་པའི༵་སྐྱེས༵་བུ་༵ འདྲ༵། ཞེས་གསུངས་པ་ལྟར། ཕྱི་སྐོར་དུ་གཞི་གདོད་མའི་གནས་ཚུལ་རྒྱ་ཆེར་བཤད་པ་ལས་ལམ་ཉམས་སུ་ལེན་ཚུལ། བར་དོའི་འཆར་ཚུལ། མཐར་ཐུག་འབྲས་བུའི་གྲོལ་ཚུལ་མ་བཤད། ནང་སྐོར་དུ་ལམ་དཔེ་དོན་རྟགས་གསུམ་གྱི་ངོ་སྤྲད་པ་ཙམ་བཤད་ཀྱང་གཞིའི་གནས་ཚུལ་དང་། མཐར་ཐུག་འབྲས་བུའི་གྲོལ་ཚུལ་མ་བཤད། གསང་སྐོར་དུ་ལམ་གྱི་བྱེ་བྲག་བསྒོམ་པ་ཙམ་བསྟན་ཀྱང་གཞིའི་གནས་ཚུལ་དང་མཐར་ཐུག་གི་གྲོལ་ཚུལ་རྣམས་མ་བཤད། ཡང་གསང་བླ་མེད་དུ་གཞི་གདོད་མའི་གནས་ལུགས། ལམ་ལྟ་སྒོམ་སྤྱོད་གསུམ། འབྲས་བུ་མཐར་ཐུག་གི་གྲོལ་ཚུལ་དང་བཅས་པ་རྒྱས་པར་བསྟན་པའོ། །ཡང་གསང་བླ་ན་མེད་པའི་རྒྱུད་ཀྱི་རྣམ་གྲངས་མདོར་བསྟན་པ་ནི། ཐེག་མཆོག་མཛོད་ལས་བརྗོད་བྱ་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བར་སྟོན་པ་རིག་པ་རང་ཤར་གྱི་རྒྱུད། ཉི་མ་ལྟར་གསལ་བར་སྟོན་པ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད། ཐེག་པ་འོག་མ་རྣམས་ཟིལ་གྱིས་གནོན་པར་སྟོན་པ་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད། མི་འགྱུར་བའི་ཆོས་ཉིད་སྟོན་པ་རི་རྒྱལ་ལྟ་བུའི་རྒྱུད་དཔལ་ཡི་གེ་མེད་པ། འཁྲུལ་པའི་འཁོར་ལོ་གཅོད་པར་སྟོན་པ་འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན། སྡེ་སྣོད་ཀུན་གྱི་སྒོ་འབྱེད་པར་སྟོན་པས་ལྡེའུ་མིག་ལྟ་བུའི་རྒྱུད་སྒྲ་ཐལ་འགྱུར། གོལ་ས་གཅོད་པར་སྟོན་པ་རལ་གྲི་ལྟ་བུའི་རྒྱུད་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་། སྒྲོན་མའི་སྣང་བ་སྟོན་པར་བྱེད་པས་གསལ་ཤིང་ལྟ་བུའི་རྒྱུད་སྒྲོན་མ་འབར་བ། ཚིག་དོན་གསེར་ལ་གཡུས་སྤྲས་པ་ལྟར་སྟོན་པས་གསེར་ཞུན་ལྟ་བུའི་རྒྱུད་ནོར་བུ་ཕྲ་བཀོད། ཡིད་ཆེས་ངེས་པའི་ཚིག་གིས་བར་མ་དོ་ལ་གསལ་འདེབས་པས་མ་བུ་འབྲེལ་བ་ལྟ་བུའི་རྒྱུད་ཉི་ཟླ་ཁ་སྦྱོར། མེ་ལོང་གི་ནང་དུ་གཟུགས་བརྙན་བསྟན་པ་ལྟ་བུར་དཔེ་དོན་སྦྱར་ཏེ་སྟོན་པས་མེ་ལོང་ལྟ་བུའི་རྒྱུད་ངོ་སྤྲོད་སྤྲས་པ། མུ་ཏིག་གི་ཕྲེང་བ་བརྒྱུས་ལེགས་པ་ལྟར་མན་ངག་ཁྲིགས་ཆགས་སུ་སྟོན་པ་མུ་ཏིག་ཕྲེང་བའི་རྒྱུད། སྦྲུལ་གྱི་མདུད་པ་ལྟར་གཞུང་ཚིག་རང་གྲོལ་དུ་སྟོན་པ་སྦྲུལ་མདུད་ལྟ་བུའི་རྒྱུད་རིག་པ་རང་གྲོལ། ཁྱུང་ཆེན་པོ་ནམ་མཁའ་ལ་རྩོལ་སྒྲུབ་མེད་པར་འགྲོ་བ་ལྟ་བུའི་རྒྱུད་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད། དབང་དང་བྱིན་རླབས་ཆུ་བོའི་རྒྱུན་བཞིན་སྟོན་པས་ཆུ་བོ་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང་། རྒྱལ་པོའི་གདུང་མི་འགྱུར་བས་རྒྱལ་ས་ཟིན་པ་ལྟ་བུའི་རྒྱུད་སྐུ་གདུང་འབར་བ། ཕྱུག་པོ་བང་མཛོད་གང་འདོད་འབྱུང་བ་ལྟ་བུའི་རྒྱུད་རིན་པོ་ཆེ་སྤུངས་པ། སྤུ་གྲི་ངར་མས་གང་ལ་རེག་པ་གཅོད་པ་ལྟར་འགལ་བྱེད་ཆམ་ལ་འབེབས་པ་སྤུ་གྲི་ལྟ་བུའི་རྒྱུད་ནག་མོ་ཁྲོས་མ་དང་བཅོ་བརྒྱད་དོ།། དེའང་ནག་མོ་ཁྲོས་མ་ནི་བསྟན་པ་བསྲུང་བའི་ཕྱིར་རྒྱུད་འཕྲོས་པ་ཡིན་ལ། གཞན་བཅུ་དྲུག་སྒྲ་ཐལ་འགྱུར་གྱི་རྩ་བ་ལས་འཕྲོས་པ་ཡིན་ཏེ། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། འོད་ཀྱི་ཡང་ཞུན་བཅུ་བདུན་བཤད། །རང་ཤར་བ་དང་རང་གྲོལ་དང་། །རང་བྱུང་ཉིད་དང་རྩལ་རྫོགས་དང་། །མཛེས་ལྡན་དག་དང་ཕྲ་བཀོད་དང་། །མུ་ཏིག་ཕྲེང་དང་ཡི་གེ་མེད། །དབྱིངས་དང་༼ རྡོ་རྗེ་སེམས་དཔའི་སྙིང་གི་མེ་ལོང་ངམ་༽ཐུགས་ཀྱི་མེ་ལོང་དང་། །ཉི་ཟླ་ཁ་སྦྱོར་ངོ་སྤྲོད་སྤྲས། །སྐུ་གདུང་འབར་དང་རིན་ཆེན་སྤུངས། །སྒྲོན་མ་འབར་དང་ཀློང་ཆེན་དྲུག །དེ་ལྟར་བཅུ་དྲུག་རིམ་པ་རྣམས། །ཐལ་འགྱུར་ལས་ནི་ངེས་འཕྲོས་ནས། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཞེས་སོ། །དགོས་ཆེད་རྒྱས་པར་བཤད་པ་དང་། གོ་རིམ་ངེས་པས་མཇུག་བསྡུ་བ་ཐེག་མཆོག་མཛོད་ལས་ཤེས་པར་བྱའོ། །རང་བཞིན་རྫོགས་པ་ཆེན་པོ་སྡེ་གསུམ་ལས། དེ་དག་ལས་ཁྱད་པར་བསྡུས་པའི་ཐིག་ལེ་རང་གནད་ལ་དབབ་པ་འདི་ལ་རྣམ་གྲངས་དང་གཅིག འགྱུར་ལུགས་དང་གཉིས་ལས། རྣམ་གྲངས་ལ་གཉིས་ཏེ། སྙན་རྒྱུད་དང་། བཤད་རྒྱུད་གཉིས་སོ། །བཤད་རྒྱུད་ལ། ཐིག་ལེ་རང་གནད་ལ་དབབ་པ་འདི་ལ། ཕྱི་སྐོར་དང་གཅིག །ནང་སྐོར་དང་གཉིས། གསང་སྐོར་དང་གསུམ། ཡང་གསང་བླ་ན་མེད་པའི་སྐོར་དང་བཞི་སྟེ་རྒྱ་གར་གྱི་ཡུལ་ན་རྣམ་གྲངས་བཞི་བཞུགས་སོ། །ཕྱི་སྐོར་ནང་སྐོར་གསང་སྐོར་གྱི་འགྱུར་ལུགས་ནི། ཕྱི་ཤིང་སྒྲོམ་སྐྱ་མོའི་སྐོར་དང་གཅིག །ནང་བསེ་སྒྲོམ་སྨུག་པོའི་སྐོར་དང་གཉིས། གསང་བ་དངུལ་གྱི་གའུ་སྤར་ཁ་ཅན་གྱི་སྐོར་དང་གསུམ་བོད་དུ་འགྱུར་རོ། །ཕྱི་ཤིང་སྒྲོམ་སྐྱ་མོའི་སྐོར་ལ་ཐུགས་རྗེ་ཆོས་ཀྱི་འཁོར་ལོ་ཕྱི་ལྟར་དུ་བསྐོར་བ། ཟུག་པ་རྩ་བའི་ཚུལ་དུ་འགོད་པ་ལ། སྐུའི་རྒྱུད་པདྨ་འཁྱིལ་བ། གསུང་གི་རྒྱུད་རྡོ་རྗེ་རྩེ་མོ་འདུས་པ། ཐུགས་ཀྱི་རྒྱུད་རིན་པོ་ཆེ་སྤུངས་བ། ཡོན་ཏན་གྱི་རྒྱུད་བསོད་ནམས་འཇམ་དཔལ་བརྩེགས་པ། ཕྲིན་ལས་ཀྱི་རྒྱུད་མཁའ་གསལ་ཉི་མ་དང་ལྔ་སྟེ། རྩ་བའི་རྒྱུད་སྡེ་ཆེན་པོ་ལྔ་བོད་དུ་འགྱུར་རོ། །གྱེས་པ་ཡལ་གའི་ཚུལ་དུ་འདུག་པ་ལ། འཁོར་བ་དོང་སྤྲུག །རྨ་བྱ་མཇིང་བསྣོལ། ཡེ་ཤེས་བླ་མ། ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་དང་བཞི་སྟེ། མན་ངག་གི་རྒྱུད་སྡེ་ཆེན་པོ་བཞི་བོད་དུ་འགྱུར་རོ། །རྒྱས་པ་ལོ་འདབ་ཀྱི་ཚུལ་དུ་འདུག་པ་ལ། ཞལ་ཆེམས་གསུམ་པ། མཚན་ཉིད་བཞི་ལྡན། ཐིག་པ་གསུམ་པ། བདུད་རྩི་ཡང་ཞུན་གྱི་བཅུད་དང་བཞི་སྟེ། ལུང་གི་བཀའ་ཆེན་པོ་བཞི་བོད་དུ་འགྱུར་རོ། །གསལ་བ་མེ་ཏོག་གི་ཚུལ་དུ་འདུག་པ་ལ། པོ་ཏི་སྨུག་པོ་ཆེ་ཆུང་གཉིས་བོད་དུ་འགྱུར་རོ། །སྨིན་པ་འབྲས་བུའི་ཚུལ་དུ་འདུག་པ་ལ། སེམས་ཕྱོགས་ཆེན་མོ་མཛོད་ཀྱི་རྒྱུད་འགྱུར་རོ། །དེ་ཚོ་ནི་ཕྱི་ཤིང་སྒྲོམ་སྐྱ་མོའི་འགྱུར་ལུགས་སོ། །ནང་བསེ་སྒྲོམ་སྨུག་པོའི་སྐོར་ལ། རྟོགས་པ་ཡེ་ཤེས་ཀྱི་འཁོར་ལོ་ནང་ལྟར་དུ་བསྐོར་བ་ལ། ཀུན་ཏུ་བཟང་པོའི་སྒོམ་ཉམས་དྲུག་པ། ཡེ་ཤེས་ལག་སྤྲད། མཆོངས་པ་ལྔ་ལྡན། ཐིག་ལེ་གསང་བ་བརྡའི་རྒྱུད། ཚོགས་ཀྱི་འཁོར་ལོ་གསང་བ་ཆེ་ཆུང་གཉིས། འཕྲུལ་གྱི་ལྡེ་མིག་གསུམ་སྐོར་ནམ་མཁའ་གཉིས་པ། རྒྱུད་སེམས་བསྲེ་བའི་མན་ངག་རྣམས་ལྟོ་སྦྱོར་གྱི་དགོངས་པ་སྐུ་གསུམ་བྱ་ལོག་གི་རྒྱུད། བྱ་ལོག་གསལ་བ་སྒྲོན་མའི་རྒྱུད། ལྷུན་གྲུབ་ཡོངས་རྫོགས་ཀྱི་རྒྱུད། ཇི་བཞིན་གནས་པ་བཀོད་པའི་རྒྱུད། དྲི་མེད་རྣམ་དག་འོད་གསལ་བའི་རྒྱུད་ལ་སོགས་ཏེ་རྒྱུད་སྡེ་ཆེན་པོ་བཅུ་གསུམ་བོད་དུ་འགྱུར་རོ། །དེ་ཚོ་ནི་བསེ་སྒྲོམ་སྨུག་པོའི་འགྱུར་ལུགས་སོ། །གསང་བ་བཻཌཱུཪྱ་རིན་པོ་ཆེ་བསེའི་གའུ་དངུལ་གྱི་སྤར་ཁ བ་ཅན་གྱི་སྐོར་ལ། ཕྱག་ན་རྡོ་རྗེ་མེ་ལྕེ་ཕྲེང་བའི་རྒྱུད། མཁའ་འགྲོ་མ་གཙུག་ན་མེ་འབར་བའི་རྒྱུད། འཇམ་དཔལ་ཡེ་ཤེས་རྒྱན་གྱི་རྒྱུད། འཇམ་དཔལ་དགོངས་པ་འདུས་པའི་རྒྱུད། ཡོངས་སུ་གྲགས་པའི་སྤུ་གྲི་སྡེ་དྲུག །བཤད་པའི་རྒྱུད། ཀལ་པོ་དུམ་བུའི་རྒྱུད། རིན་པོ་ཆེ་ཨ་ཏི་ཆེ་གཟེར་མིག་ཆེ་ཆུང་གཉིས་ཏེ། རྒྱ་གར་ནས་བོད་ཡུལ་གླིང་དུ་འགྱུར་རོ། །དེ་ཚོ་ནི་གསང་བ་བཻཌཱུཪྱ་རིན་པོ་ཆེ་བསེའི་གའུ་དངུལ་གྱི་སྤར་ཁབ་ཅན་གྱི་འགྱུར་ལུགས་སོ། །དེ་རྣམས་གཉག་ཛྙཱ་ནའི་སྒྲ་བསྒྱུར་རོ། །གཞན་ཡང་སྤྱི་རྒྱུད་ཐིག་ལེ་ཀུན་གསལ་དང་། ཟབ་མོ་རྒྱུད་ལྔ་ལ་སོགས་པ་དང་། སྙན་རྒྱུད་ཡི་གེ་ཅན་དཔེ་དང་བཅས་པ་དང་། སྙན་བརྒྱུད་ཡི་གེ་མེད་པའི་ངོ་སྤྲོད་དམར་ཁྲིད་ཀྱི་གདམས་ངག་རྣམས། བསམ་ཡས་མཆིམས་ཕུའི་བྲག་དམར་གེ་གོང་དུ། ཉང་བན་མཆོག་ཏིང་འཛིན་བཟང་པོ་ལ་བཤད་ཅིང་ཛྙཱ་ནས་བསྒྱུར་བ་ལགས་སོ། །དེ་ལས་ཀྱང་ཁྱད་པར་དུ་གྱུར་པ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ། མངོན་སུམ་སྙིང་ཐིག་གི་སྐོར་ལ་རྒྱུད་བཅུ་བདུན། ཁྲོས་མ་ནག་མོའི་རྒྱུད་དང་བཅོ་བརྒྱད་སོགས་སོ། །འདི་རྗེས་ཀྱི་ཁ་སབ་ཡིན། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། གཞན་ཡང་རྒྱུད་ཀྱི་ཆོས་ཉིད་བཤད། །ཡང་དག་ཆོས་ཉིད་སྒྲ་ལས་ཐལ། །རང་གི་ངོ་བོ་ཡི་གེ་མེད། །རང་རིག་ཡེ་ཤེས་སྒྲོན་འོད་འབར། །ཆོས་ཉིད་དག་པའི་བཀྲ་ཤིས་མཛེས། །ལྟ་བ་འཇིགས་བྲལ་སེང་རྩལ་རྫོགས། །རང་རིག་སྨིན་པའི་རྫོགས་རང་བྱུང་། །ལུ་གུ་རྒྱུད་འབྲེལ་མུ་ཏིག་ཕྲེང་། །ཉམས་ཀྱི་སྣང་བ་ནོར་ཕྲ་བཀོད། །རང་གནས་སྣང་བའི་སྙིང་མེ་ལོང་། །གོལ་ས་རང་གཅོད་ཐུགས་མེ་ལོང་། །གཞན་ནས་མ་བྱུང་རང་བྱུང་ཉིད། །རང་བྱུང་ཡིན་པས་རང་གྲོལ་ལས། །དབྱིངས་སུ་གཅིག་པས་ཀློང་ཡང་དྲུག །ཡོན་ཏན་རྫོགས་པའི་རིན་ཆེན་སྤུངས། །རང་རིག་བསྟན་པའི་ངོ་སྤྲོད་སྤྲས། །སྣང་བ་དག་པས་ཉི་ཟླ་སྦྱོར། །རིག་པ་སྨིན་ཕྱིར་སྐུ་གདུང་འབར། །འདི་དག་རྣམས་ཀྱང་གཞི་ལས་ཤར། །འདི་ལྟར་ཆོས་ཉིད་བརྗོད་མེད་པས། །ཐ་སྙད་ཚིག་གི་གཞི་མར་ཤར། །ཚིག་བརྗོད་རིམ་པས་རྣམ་དག་པས། །དེ་ལྟར་བརྗོད་མེད་པ་ལ་གསལ། །དེ་ཕྱིར་ཚིག་རིམ་མཐའ་ཟད་པའོ། །ཞེས་གསུངས་སོ། །སློབ་དཔོན་ལོ་རྒྱུས་ཀྱི་ཆེ་བས་མཛད་པའི་སློབ་དཔོན་གྱི་ཡོན་ཏན་བསྟན་པ་དང་། བསྡུས་དོན་མན་ངག་གི་ཆེ་བས་ས་བཅད་ཀྱི་དམིགས་གསལ་བར་བསྟན་པ་དང་། ཟབ་པ་མཚན་གྱི་ཆེ་བས་མན་ངག་གི་གཞུང་བདེ་བླག་ཏུ་རྟོགས་པར་བསྟན་པ་དང་། འཇུག་སྒོ་ཐེག་པའི་ཆེ་བས་རྒྱུད་བཅུ་བདུན་གང་ལ་བརྟེན་ཅིང་མན་ངག་གི་ཁུངས་གསལ་བར་བསྟན་པ་དང་། དགོས་ཆེད་གང་ཟག་གི་ཆེ་བས་དོན་གང་ཡིན་པ་གསང་སྔགས་སྣོད་ཀྱི་ཁྱད་པར་བསྟན་པ་དང་ལྔས་བསྟན་ནོ། །སེམས་སྡེ་ལ་ལུགས་གཉིས་ཏེ་གཞི་གནས་རང་གྲོལ་གྱི་རྫོགས་ཆེན་དང་། འདོད་པ་རང་ཤར་གཉིས་སོ། །ཀློང་སྡེ་ལ་གསུམ་སྟེ། ཀློང་དཀར་པོ་མུ་བཞི་ལམ་ཁྱེར་དུ་སྨྲ་བ་དང་། ཁྲ་བོ་རབ་འབྱམས་སུ་སྨྲ་བ་དང་། ནག་པོ་རང་གྲོལ་དུ་སྨྲ་བའོ། །དེ་ལ་འདི་ནི་མན་ངག་གི་སྡེ་སྟེ། འདི་ལ་ཡང་གསུམ་སྟོན་ཏེ། སྟོན་པས་ཁ་འཐོར་བའི་ཚུལ་དུ་གསུངས་པ་དང་། ཁ་གཏམ་གྱི་ཚུལ་དུ་བཀའ་སྩལ་བ་དང་། རྒྱུད་རང་གཞུང་གི་ཚུལ་དུ་བཀའ་སྩལ་བའོ། །དེ་ལས་རྒྱུད་རང་གཞུང་ངོ་། །དེ་ལའང་བཞི་སྟེ། གཏར་ཀ་གེགས་སེལ་གྱི་ཚུལ་དུ་བཀའ་སྩལ་བ་དང་། གབ་པ་མངོན་བྱུང་གི་ཚུལ་དུ་བཀའ་སྩལ་བ་དང་། ལྟ་བ་སྒང་དྲིལ་ཏེ་བཀའ་སྩལ་བ་དང་། བཤད་པ་རང་གསལ་གྱི་ཚུལ་དུ་བཀའ་སྩལ་བ་བཞི་ལས། འདི་ནི་བཤད་པ་རང་གསལ་ལོ། །འདི་ལ་ཡང་གསུམ་སྟེ། འཁྲུལ་གཞི་གཞི་ལ་ལྡོག་པའི་ཚུལ་དུ་བཀའ་སྩལ་བ་དང་། འཁྲུལ་བ་བདའ་འདེད་ཀྱི་ཚུལ་དང་། ཐིག་ལེ་རང་གནད་ལ་ཕབ་སྟེ་བཀའ་སྩལ་བའོ། །དེ་ལ་འདི་ཐིག་ལེ་རང་གནད་ལ་ཕབ་སྟེ་བཀའ་སྩལ་བའོ། །འདི་ལ་གཉིས་ཏེ། སྙན་ནས་སྙན་དུ་བརྒྱུད་པ་སྙན་བརྒྱུད་དང་། རྒྱུད་ལུང་དཀྱུས་ལ་བརྟེན་ནས་བཤད་པའི་བརྒྱུད་པ་གཉིས་ལས་འདི་བཤད་རྒྱུད་དོ། །དེ་ལ་བཞི་ཡོད་པ་ལས། འདི་ནི་གསང་བ་བླ་ན་མེད་པའོ། ༈ །བི་མ་ལས་གལ་ཏེ་སྐྱེས་བུ་དེ་ནི་འདི་ལྟར་ཉམས་སུ་ལེན་པའི་དུས་ན་བར་ཆད་ཀྱི་དབང་དུ་གྱུར་ན་ཡང་། འདི་ལྟ་སྟེ། ལུས་ངག་གི་སྤྱོད་པ་སྔོན་དུ་འགྲོ་བ་འཁོར་འདས་རུ་ཤན་འབྱེད་པའི་དུས་འདས་སོང་ན་སྐྱེས་བུ་དེ་ནི་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་ནས་ལོ་ལྔ་བརྒྱ་ན་བར་ཆད་མེད་པར་སངས་རྒྱ་བ་ཐེ་ཚོམ་མེད་དོ། །ལུས་ཀྱི་གནད་གཅུན་པའི་དུས་སུ་བར་ཆད་ན་བར་དོའི་སྣང་བ་ཐམས་ཅད་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་ཐིམ་ལུགས་བརྒྱད་དང་བཅས་ཏེ་སངས་རྒྱ་བ་ཡིན་ནོ། །སྣང་བ་གོང་ནས་གོང་དུ་འཕེལ་བའི་ཚེ་བར་ཆོད་ན་བར་དོ་གཉིས་པ་ཡེ་ཤེས་བཞིའི་སྣང་བར་སངས་རྒྱ་བར་ངེས་སོ། །རང་རིག་པ་ཉིད་ཚད་ལ་ཕེབས་མ་ཕེབས་ཀྱི་མཚམས་སུ་ཚེའི་དུས་བྱས་ན་བར་མ་དོ་དང་པོར་ཚོམ་བུ་ལ་ངེས་པ་ཐོབ་སྟེ། ཞག་ལྔ་སྐད་ཅིག་མ་རྣམ་པ་གསུམ་གྱི་ཆ་ལ་གྲོལ་བར་ངེས་སོ། །ཞེས་གསུངས་སོ། ༈ །ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ལུང་གི་གཏེར་མཛོད་ལས། གཟུང་འཛིན་གཉིས་སུ་མེད་པར་རྟོགས་པའི་རིག་པ་ནི་ཕྱོགས་མེད་ལྷུན་གྲུབ་ཆེན་པོ་སྟེ་འདི་ལྟར། ལུས་དང་ཡུལ་དང་སྣང་བའི་གཏད་མེད་པར། །ནམ་མཁའི་ཀློང་ཡངས་མཉམ་པར་ཕྱམ་གདལ་བས། །ནང་གི་ཆོས་ཞེས་བདག་ཏུ་འཛིན་པ་མེད། །གང་ལ་གཟུང་བ་དང་ནི་འཛིན་པ་མེད་པར་རྟོགས་པའི་རིག་པ་དེའི་ངོ་བོ་ལ་ནི་རང་བྱུང་ཡེ་ཤེས་སུ་ཐ་སྙད་བཏགས་ཀྱང་། རང་རིག་རང་གསལ་ལོ་ཞེས་རྣལ་འབྱོར་སེམས་ཙམ་པ་ལྟར་མི་འདོད་དེ། ཕྱི་ནང་མེད་པས་ནང་གི་སེམས་སུ་མ་གྲུབ་པ་དང་། རང་བཞིན་མེད་པས་རང་གི་རིག་པ་ཁོ་ནར་མ་གྲུབ་པ་དང་། གཟུང་འཛིན་ཡོད་མ་མྱོང་བས་དེ་གཉིས་དང་མ་བྲལ་བར་མ་གྲུབ་པ་དང་། ཚོར་རིག་གི་ཡུལ་ན་མེད་པས་མྱོང་བ་གཉིས་མེད་དུ་མ་གྲུབ་པ་དང་། སེམས་དང་སེམས་བྱུང་མེད་པས་རང་གི་སེམས་སུ་མ་གྲུབ་པ་དང་། གསལ་མི་གསལ་མེད་པས་རང་གསལ་དུ་མ་གྲུབ་པའི་ཕྱིར་རོ། །རིག་མ་རིག་ལས་འདས་པས་རིག་པ་ཙམ་དུའང་གདགས་སུ་མེད་པ་འདི་ནི། མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། མཚོན་ཚིག་གི་ཐ་སྙད། རང་བྱུང་གི་ཡེ་ཤེས་དང་། བྱང་ཆུབ་ཀྱི་སེམས་དང་། ཆོས་སྐུ་དང་། དབྱིངས་ལྷུན་གྲུབ་ཆེན་པོ་དང་། རིག་པ་རང་གསལ་རྗེན་པ་ཞེས་བརྗོད་ཀྱང་། བརྡ་ཤེས་པའི་ཕྱིར་བཏགས་པ་ཙམ་ལས་རང་ངོ་བརྗོད་མེད་ཆེན་པོར་རྟོགས་པར་བྱའོ། །དེ་ལྟར་མ་ཡིན་པར་མིང་ལ་དོན་དུ་ཞེན་ན། སེམས་ཙམ་པའི་རང་རིག་རང་གསལ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དང་ཁྱད་པར་མི་རྙེད་དོ། །འདིར་བློ་གྲོས་མ་སྦྱངས་ལ་འདི་པར་འདོད་པའི་མུ་ཅོར་དུ་སྒྲོགས་པ་དག་དེ་གཉིས་གཅིག་དུ་འཛིན་པས་རང་རིག་འདི་ཁོ་བོ་ཅག་གི་ཤེས་སོ་ཞེས་མངོན་པའི་ང་རྒྱལ་སྨྲ་བར་ཟད་དོ། །ཞེས་གསུངས་སོ། ༈ །རིག་པའི་ཡེ་ཤེས་ལྔ་ཚན་དུ་གནས་པས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ༔ ཅེས་པ་དང་། རང་ལུས་རྡོ་རྗེ་སངས་རྒྱས་ཉིད༔ རང་གི་ལུས་ལ་སངས་རྒྱས་བཞུགས༔ གཞན་ནས་སངས་རྒྱས་བསྟན་དུ་མེད༔ ཅེས་པའོ། །དེ་ཡང་རིག་པའི་ཡེ་ཤེས་ཉིད། རྣམ་པ་ཡུལ་དེ་ཉིད་ལ་རིག་པའི་ཡེ་ཤེས་སྣང་བས། རྣམ་པར་སྣང་མཛད་སྐུ་རང་བྱུང་བས་དེ་ཉིད་གཞན་ནས་བཙལ་མི་དགོས་པའོ། །རྡོ་རྗེ་རིགས་ཀྱི་ངོ་བོ་མི་འགྱུར་བ་དེ་ལ་རྣམ་རྟོག་གིས་མི་བསྐྱོད་པས། རིག་པ་ཉིད་རྡོ་རྗེ་མི་འགྱུར་བའི་སྐུར་བྱུང་བའོ། །ཡང་རིག་པའི་ཡེ་ཤེས་དེ་ཉིད་ལས་ཉམས་གོང་འཕེལ་གྱི་སྣང་བ་ལ་སོགས་ཏེ། ཡོན་ཏན་གྱི་འཕེལ་སྒོ་དཔག་ཏུ་མེད་པ་བྱུང་བས། རིན་ཆེན་འབྱུང་ལྡན་དུ་རང་བྱུང་བའོ། །ཡང་རིག་པའི་གསལ་ཆ་འོད་ཟེར་མཐའ་ཡས་པར་སྣང་བས། སྣང་བ་མཐའ་ཡས་འོད་དཔག་མེད་དུ་རང་བྱུང་བའོ། །ཡང་རིག་པ་ཡེ་ཤེས་ཉིད་ཡེ་ཤེས་ངོ་བོར་ཡོད་ལ། དེ་ཉམས་སུ་བླང་བས་འགྲུབ་ངེས་ན། དོན་ཡོད་གྲུབ་པར་རང་བྱུང་བའོ། །དེ་ལྟར་རྫོགས་པ་ཆེན་པོའི་རྣལ་འབྱོར་བས་ཡི་དམ་གྱི་ལྷ་གཞན་ནས་བཙལ་ཞིང་བསྒོམ་དུ་མེད་དེ། ཚི་ཆད་པའི་ནད་དང་བྲལ་བའོ། །ཡང་རང་གི་སེམས་ཉིད་རིགས་ལྔར་འབྱུང་སྟེ། རིག་པ་སྐྱེ་མེད་ཀྱི་དབྱིངས་སུ་རྩལ་འགག་མེད་གཤེགས་ཤིང་ཐིམ་པས་ན། དེ་བཞིན་གཤེགས་པའི་རིགས་ཡིན་ལ། དེའི་ངོ་བོ་རྐྱེན་གྱིས་མི་འགྱུར་བས་རྡོ་རྗེའི་རིགས་སོ། །དེ་ལ་ཡོན་ཏན་ཐམས་ཅད་རང་རྫོགས་སུ་གནས་པས་རིན་པོ་ཆེའི་རིགས་ཡིན་ལ། །དེའི་ངོ་བོ་སྐྱོན་གྱིས་མ་གོས་པས་པདྨའི་རིགས་སོ། །ཐམས་ཅད་རིག་པའི་ཆོ་འཕྲུལ་གྱི་ལས་སུ་འདུག་པས་ལས་ཀྱི་རིགས་ཞེས་བྱའོ། །དེ་ཡང་རིག་པ་ཉིད་ཡེ་ཤེས་ལྔར་གནས་ཏེ་ཆོས་སྤྱི་དང་རང་གི་མཚན་ཉིད་དམ། གཟུགས་ཅན་ཐམས་ཅད་རིག་པའི་ངང་ལས་གསལ་བས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཆོས་སྣ་ཚོགས་ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དུ་མཉམ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་ཀྱི་ངང་ལས་ཡོན་ཏན་གྱི་ཆ་མ་འདྲེས་པར་སོ་སོར་གསལ་བས་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །དེ་ཡང་འབད་རྩོལ་གྱིས་བསྒྲུབ་མི་དགོས་ཏེ། ཡེ་ནས་རང་གསལ་ལྷུན་གྲུབ་ཏུ་གནས་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ཐམས་ཅད་ཐ་དད་མ་ཡིན་ཏེ། ཆོས་ཉིད་སྟོང་ཉིད་དུ་རོ་གཅིག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དགའ་རབ་རྡོ་རྗེའི་གསང་བའི་ཞལ་ཆེམས་ལས། ངོ་རང་ཐོག་ཏུ་སྤྲད་པ་དང་། ཐག་གཅིག་ཐོག་ཏུ་བཅད་པ་དང་། གདེང་གྲོལ་ཐོག་ཏུ་བཅའ་བ་སྟེ་ཚིག་གསུམ་གནད་དུ་བརྡེགས་པ། འཇམ་དཔལ་བཤེས་གཉེན་གྱི་ཕྱག་གཡས་པའི་མཐིལ་དུ་བཻཌཱུཪྱ་མཐིང་གའི་ཞུན་མས་བྲིས་པ་རིན་པོ་ཆེ་ཤེལ་གྱི་ཟ་མ་ཏོག་སེན་གང་བ་དུར་ཁྲོད་ཆེན་པོ་བསིལ་བ་ཚལ་དུ་བབས་སོ། །འཇམ་དཔལ་བཤེས་གཉེན་གྱི་ཞལ་ཆེམས་སམ། རིག་པའི་གདངས་ཡུལ་བཙལ་བ་དབྱིངས་ཐིག་ལུག་རྒྱུད་ནམ་མཁའ་སྤྲིན་བྲལ་དང་༡། ལུས་ཀྱི་གནད་གཟིར་བ་འདུག་སྟངས་དང་༢། འགྲོ་འོང་གི་ལམ་བཅད་རང་སར་འཇོག་པ་རླུང་ཕྱིར་འཛིན་དང་༣། གཏད་སའི་འབེན་གཟུད་པ་དབྱིངས་རྣམ་དག་སྒྲོན་མའི་གནད་དང་༤། མི་འགུལ་བ་གསུམ་ལ་གཞི་༼ ལུས་འདུག་སྟངས་ལས་མི་འགུལ་བ། མིག་གཟིགས་སྟངས་ལས་མི་འགུལ་བ། སེམས་བཞག་ཐབས་ལས་མི་འགུལ་བ།༽ བཅའ་བ་དང་༥། ཡུང་འབྲུ་ཙམ་གྱི་ལྷ་སྐུ་སྣ་ཚོགས་ཤར་བ་ཡིན། རྒྱ་ཆེ་བའི་ནམ་མཁའ་སྤར་གྱིས་བཟུང་བ་རིག་པའི་རང་ངོ་ཟིན་པ་སྟེ་སྒོམ་ཉམས་དྲུག་པ་༦། ཤྲི་སེང་ཧའི་ཕྱག་མཐིལ་དུ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་བཻཌཱུཪྱ་མཐིང་ཁའི་ཞུན་མས་བྲིས་པ་གཅིག་དུར་ཁྲོད་ཆེན་པོ་སོ་ས་གླིང་དེ་ཉིད་དུ་བབས་སོ། །ཤྲི་སེང་ཧའི་ཞལ་ཆེམས། གསལ་བའི་ཡེ་ཤེས་ཟང་ཐལ་གྱི་གཟེར་གྱིས་འཁོར་འདས་གཉིས་ཀྱི་མཚམས་སུ་བཏབ་པས་སྤྱོད་པ་ལ་དོར་བ་བསྟན། སྒྲོན་མ་རང་སྣང་ཡེ་ཤེས་ཀྱི་གཟེར་གྱིས་ཡུལ་སྣོད་བཅུད་རྒྱ་ཆེན་པོ་ཀུན་གཞི་སེམས་གཉིས་ཀྱི་བར་ལ་བཏབ་པས་སྒོམ་པ་ལ་དོར་བ་བསྟན། ངོ་བོ་རང་དག་གི་གཟེར་བློ་དངོས་གཉིས་ཀྱི་བར་ལ་བཏབ་པས་ལྟ་བ་ལ་དོར་བ་བསྟན། ལྟ་བ་གྲོལ་ཡན་གྱི་གཟེར་རྟག་ཆད་གཉིས་ཀྱི་བར་དུ་བཏབ་པས་ཡིན་༼ ཡུལ་ཅན་རྟོག་བཅས་༽ཚུལ་ལ་དོར་བ་བསྟན། རིག་པ་ཆོས་ཡིན་མིན་གྱི་གཟེར་ཆོས་ཐ་དད་ཅན་ཆོས་ཉིད་ཀྱི་བར་དུ་བཏབ་པས་ཉམས་མྱོང་སྒོམ་ལ་དོར་བ་བསྟན། སྒོ་ལྔ་རྒྱ་ཡན་གྱི་གཟེར་བྱིང་༼གཟུང་འཛིན་གྱི་སྒྲོག་རང་སར་གྲོལ་བ་གསལ་བའི་ངར་ཆ་༽རྒོད་༼ ཆགས་སེམས་༽གཉིས་ཀྱི་༼དགེ་མི་དགེ་གཉིས་ལ་བཟུང་བ་ལ་༽བར་ལ་བཏབ་པས་དགོངས་པ་སྤྱོད་པ་ལ་དོར་བ་བསྟན། ཆོས་སྐུ་ཡེ་རྫོགས་ཀྱི་གཟེར་སྣང་༼ ཀ་ལྷུན་གཉིས་༽སྟོང་གཉིས་ཀྱི་བར་ལ་བཏབ་པས་འབྲས་བུ་ལ་དོར་བ་བསྟན་པ་གཟེར་བུ་བདུན་པ། རིན་པོ་ཆེའི་ཟ་མ་ཏོག་སེན་གང་བ་གཅིག་ཡེ་ཤེས་མདོའི་ཕྱག་མཐིལ་དུ་བཀྲ་ཤིས་ཁྲི་སྒོར་བབས་སོ། །ཛྙཱ་ན་སུ་དྲའི་ཞལ་ཆེམས། སྤྱོད་པ་ཐམས་ཅད་རྩལ་སྦྱོང་བར་འདོད་ན། སྣང་བ་གཅེར་བཞག་ཏུ་སྣང་བ་ཐམས་ཅད་ཞོག་ཅིག སྒོམ་པ་ཐམས་ཅད་ལ་སྟོབས་རྙེད་པར་འདོད་ན། རྒྱ་མཚོ་ཅོག་བཞག་གི་དགོངས་པས་བློ་དངོས་གཉིས་གཅིག་ཏུ་དྲིལ་ལ་ཞོག་ཅིག །ལྟ་བ་ཐམས་ཅད་རང་གྲོལ་བར་འདོད་ན། རི་བོ་ཅོག་བཞག་གི་ལྟ་བས་ཆོས་ཐམས་ཅད་ཟད་སར་སྐྱོལ་ཅིག །འབྲས་བུ་ཐམས་ཅད་ལས་རང་སར་གནས་པར་འདོད་ན། རིག་པ་ཅོག་བཞག་གི་ལྟ་བས་མན་ངག་ལ་འཁྲུལ་བ་ཐམས་ཅད་རང་སར་གྲོལ་བར་ཞོག་ཅིག་ཅེས་བཞག་ཐབས་བཞི་པ་བི་མ་ལ་མི་ཏྲའི་ཕྱག་གཡས་པའི་མཐིལ་དུ་རིན་པོ་ཆེའི་ཟ་མ་ཏོག་སེན་གང་བ་གཅིག་བབས་སོ། །འདི་རྣམས་རྒྱས་པར་ཤེས་འདོད་ན་གསེར་ཡིག་ཅན་བི་མའི་སྙིང་ཐིག་དང་། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་སོགས་ལས་ཤེས་པར་བྱའོ། །རང་ཤར་ལས། དེ་ཡང་འདི་ལྟ་སྟེ། ཟིལ་གྱིས་མི་ནོན་པ་སེང་གེ་ལྟ་བུའི་རིག་པ་དང་། ཁྱད་པར་གླང་པོ་ཆེ་ལྟ་བུའི་རིག་པ་དང་། མཁའ་ལྡིང་ཁྱུང་ལྟ་བུའི་རིག་པ་དང་། མ་འདྲེས་ལ་ཡོངས་རྫོགས་པ་འཇའ་ཚོན་ལྟ་བུའི་རིག་པ་དང་། ཐམས་ཅད་བསྲེག་པ་མེ་ལྟ་བུའི་རིག་པ་དང་། ཡངས་ཤིང་གོ་སྐབས་འབྱེད་པ་ནམ་མཁའ་ལྟ་བུའི་རིག་པ་དང་། བསྐྱོད་པ་རླུང་ལྟ་བུའི་རིག་པ་དང་། ཐེ་ཚོམ་མེད་པ་ཐི་བྱ་ཚང་དུ་འཇུག་པའི་རིག་པ་དང་། ཟབ་པ་རྒྱ་མཚོ་ལྟ་བུའི་རིག་པ་དང་། གཟུང་དུ་མེད་པ་ཆུ་ཟླ་ལྟ་བུའི་རིག་པ་དང་། ཀུན་ཏུ་མཐའ་ཡས་པ་བར་སྣང་ལྟ་བུའི་རིག་པ་དང་། དྲི་མ་མེད་པ་མན་ཤེལ་ལྟ་བུའི་རིག་པ་དང་། གོས་པ་མེད་པ་པདྨ་ལྟ་བུའི་རིག་པ་དང་། རྒྱུན་ཆད་མེད་པ་ཆུ་བོའི་གཞུང་ལྟ་བུའི་རིག་པ་དང་། འགག་པ་མེད་པ་ལྦུ་བ་ལྟ་བུའི་རིག་པ་དང་རྣམ་པ་བཅོ་ལྔ་སྟེ།

༈ དེ་ཡང་སློབ་དཔོན་དགའ་རབ་རྡོ་རྗེས། རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་རྣམས་གླེགས་བམ་དུ་བཀོད། དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་རང་བཞིན་རྫོགས་པ་ཆེན་པོའི་ཆོས་རྣམས་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཕྱེ་ནས། དེ་དག་གི་སྙིང་པོ་ཐིག་ལེ་མཆོག་གི་ཆོས་ཉིད་ལ། སྙན་བརྒྱུད་དང་། བཤད་རྒྱུད་གཉིས་སུ་ཕྱེ། དེ་ནས་སློབ་དཔོན་ཤྲཱི་སེང་ཧས་བཤད་རྒྱུད་ལ། ཕྱི་སྐོར། ནང་སྐོར། གསང་སྐོར། གསང་བ་བླ་ན་མེད་པའི་སྐོར་དང་བཞི་ཕྱེ་བ་ཡིན་ལ། དེ་དག་གི་བཞེད་ཚུལ་ནི། སློབ་དཔོན་བི་མ་ལའི་སྒྲོན་མ་སྣང་བྱེད་ལས། ཕྱི་སྐོར་ལུས་དང་འདྲ་སྟེ་ཐ་སྙད་རྒྱ་ཆེར་བསྟན། ནང་སྐོར་མིག་དང་འདྲ་སྟེ་མཐོང་བ་བརྡ་ཡི་ཆོས། གསང་སྐོར་སྙིང་དང་འདྲ་སྟེ་དྲན་བྱེད་ཟུང་གི་ཆོས། འདི་ནི་ལུས་ཀུན་རྫོགས་པའི་སྐྱེས་བུ་འདྲ། ཞེས་གསུངས་པ་ལྟར་ཕྱི་སྐོར་དུ་གཞི་གདོད་མའི་གནས་ཚུལ་རྒྱ་ཆེར་བཤད་པ་ལས། ལམ་ཉམས་སུ་ལེན་ཚུལ་བར་དོའི་འཆར་ཚུལ་མཐར་ཐུག་འབྲས་བུའི་གྲོལ་ཚུལ་མ་བཤད། ནང་སྐོར་དུ་ལམ་དཔེ་དོན་རྟགས་གསུམ་གྱིས་ངོ་སྤྲད་པ་ཙམ་བཤད་ཀྱང་གཞིའི་གནས་ཚུལ་དང་མཐར་ཐུག་འབྲས་བུའི་གྲོལ་ཚུལ་མ་བཤད། གསང་སྐོར་དུ་ལམ་གྱི་བྱེ་བྲག་བསྒོམ་པ་ཙམ་བསྟན་ཀྱང་གཞིའི་གནས་ཚུལ་དང་མཐར་ཐུག་གི་གྲོལ་ཚུལ་རྣམས་མ་བཤད། ཡང་གསང་བླ་མེད་དུ་གཞི་གདོད་མའི་གནས་ལུགས། ལམ་ལྟ་སྒོམ་སྤྱོད་གསུམ། འབྲས་བུའི་མཐར་ཐུག་གི་གྲོལ་ས་དང་བཅས་པ་རྒྱས་པར་བསྟན་པའོ། །ཡང་གསང་བླ་ན་མེད་པ་དེ་ལ་རྒྱུད་ཐམས་ཅད་ཀྱི་སྒོ་དང་ལྡེ་མིག་ལྟ་བུ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལ་སོགས་རྒྱུད་བཅུ་བདུན་དང་སྔགས་སྲུང་ཁྲོས་མའི་རྒྱུད་སྤུ་གྲི་ལྟ་བུ་དང་བཅོ་བརྒྱད། དེ་དག་གི་དགོངས་ཉམས་གཅིག་ཏུ་དྲིལ་བ་ལ། རྒྱ་ཆེ་བ་པཎྜི་ཏའི་སྐོར་དང་། ཟབ་པ་ཀུ་སུ་ལུའི་སྐོར་དང་གཉིས། དང་པོ་ཀློང་ཆེན་མཛོད་བདུན། གཉིས་པ་ལ་པདྨའི་མཁའ་འགྲོ་སྙིང་ཐིག །བི་མ་ལའི་གསང་བ་སྙིང་ཐིག་སྟེ་མ་གཉིས། བུ་མཁའ་འགྲོ་ཡང་ཐིག །བླ་མ་ཡང་ཐིག་གཉིས། དེ་གཉིས་ཀའི་ཡང་ཏིག་ནི་ཟབ་མོ་ཡང་ཏིག་གོ །དེ་དག་གི་དགོངས་ཉམས་གཅིག་ཏུ་དྲིལ་བ་ནི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་དང་། རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ལྕེ་བཙུན་ཆེན་པོ་སེང་གེ་དབང་ཕྱུག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་པ་པཎ་ཆེན་བི་མ་ལ་མི་ཏྲའི་ཡེ་ཤེས་ཀྱི་སྐུ་དངོས་སུ་བྱོན་ནས་གནང་བའི་ཟབ་ཏིག་གོ །

༈ དང་པོ་ནི། གྲུབ་མཐའ་མཛོད་ལས། རྒྱུད་དེ་དག་སོ་སོའི་དོན་གྱི་ཆིངས་སྡུད་ཚུལ་གྱི་སྒོ་ནས་བཤད་པ་ནི། རང་ཤར། རང་གྲོལ། ཡི་གེ་མེད་པ་གསུམ་ནི་རྒྱུད་ཀྱི་སྙིང་པོ་གསུམ་སྟེ། རྗེ་འབངས་འཛོམ་པ་ལྟ་བུའོ། །ནོར་བུ་ཕྲ་བཀོད། མེ་ལོང་གཉིས་དང་གསུམ་ནི་རྒྱུད་ཀྱི་དྭངས་མ་གསུམ་སྟེ་རྒྱུད་ཐམས་ཅད་ཀྱི་དོན་མཐོང་བས་རི་རྒྱལ་གྱི་རྩེར་ཕྱིན་པ་ལྟ་བུའོ། །མུ་ཏིག་ཕྲེང་བ། སེང་གེ་རྩལ་རྫོགས། བཀྲ་ཤིས་མཛེས་ལྡན་གསུམ་ནི་རྒྱུད་ཀུན་གྱི་དགོངས་དོན་ཟབ་མོ་གསལ་བའི་མེ་ཏོག་གསུམ་སྟེ་ཉི་མ་གསུམ་ཤར་བ་ལྟ་བུའོ། །རྫོགས་པ་རང་བྱུང་གི་རྒྱུད་ནི་ཀུན་གྱི་སྡོམ་འདུས་པ་གཅིག་སྟེ་མཁར་གྱི་རྨང་རྡོ་ལྟ་བུའོ། །ངོ་སྤྲོད་སྤྲོས་པ་ནི་དཔེ་དོན་གསལ་བའི་སྣང་བ་གཏིང་ནས་རྫོགས་པ་སྟེ་མཁར་རྩེ་སྒྲོན་མེ་ལྟ་བུའོ། །ཉི་ཟླ་ཁ་སྦྱོར་ནི་བར་དོར་གྲོལ་བའི་ཡེ་ཤེས་གཡུལ་བཟློག་སྟེ་སྐར་ཁུང་བཏོད་པ་ལྟ་བུའོ། །རིན་ཆེན་སྤུངས་པ་དང་སྐུ་གདུང་འབར་བ་ནི་རྒྱུད་ཀྱི་མ་ཚང་བ་ཁ་སྐོང་གི་ཡན་ལག་སྟེ་བ་གམ་ལྟ་བུའོ། །སྒྲོན་མ་འབར་བ་ནི་ཉམས་ལེན་གསལ་བའི་རྣལ་འབྱོར་གྲོལ་བའི་རྒྱུད་དེ་རྒྱལ་པོ་ཕོ་བྲང་གི་རྩེར་བཞུགས་པ་ལྟ་བུའོ། །ཀློང་དྲུག་པ་ནི་དགོངས་པ་དྲང་ཐད་དུ་སྟོན་པས་སྙིང་དང་འདྲ་ཞིང་མཚན་འཛིན་གྱི་དམག་མི་འཇུག་པས་སྒོ་བཅད་པ་ལྟ་བུའོ། །ཐལ་འགྱུར་ནི་རང་གི་གྲུབ་པའི་མཐའ་གསལ་ཞིང་ཕ་རོལ་གྱི་རྒོལ་བས་མི་ཚུགས་པས་གསང་བ་རང་གཞུང་སྟེ་ལྕགས་རི་ལྟ་བུའོ། །ནག་མོ་ཁྲོས་མ་ནི་འགལ་བྱེད་ཚར་གཅོད་པའི་མཚོན་ཆ་ལྟ་བུ་སྟེ་སྒོ་སྲུང་གོ་ཞུབ་ཅན་ལྟ་བུའོ། །

༈ པཎ་ཆེན་བི་མ་མི་ཏྲས་དབུ་རྩེ་བར་ཁང་དུ་གསང་བ་མཆོག་གི་རྒྱུད་ལུང་མན་ངག་རྣམས་རྒྱལ་སྲས་མུ་ནེ་བཙད་པོ་སོགས་ལ་གསུངས། དེ་ནས་གདམས་པའི་གནད་རྣམས་གཅིག་དུ་བསྡུས་པ་། ཟབ་མོའི་པོ་ཏི་བཞི་ནི་མཆིམས་ཕུ་བྲག་དམར་གེ་གོང་དུ་གཏེར་དུ་སྦས་ནས། རྒྱ་ནག་པོའི་རི་བོ་རྩེ་ལྔ་ལ་གཤེགས་སོ། །ལྕེ་བཙུན་སེང་གེ་དབང་ཕྱུག་ནི། ཉང་རུང་པོའི་ཡུལ་ཉང་མཚོ་བྱ་བ་ན། ཡབ་ལྕེ་ཐུབ་པའི་དབང་པོ་དང་། ཡུམ་ཁྱུང་མོ་བཟའ་ལེགས་པའི་སྲས་སུ་འཁྲུངས། གནས་བརྟན་ལྡང་མ་ལྷུན་རྒྱལ་གྱིས་སྣོད་ལྡན་དུ་གཟིགས་ནས་གདམས་ངག་རྣམས་རྫོགས་པར་གནང་། དེ་ནས་ལྕེ་བཙུན་འུ་ཡུག་ནུབ་མའི་ཤུགས་གསེབ་དུ་བཞུགས་པའི་ཚེ། ནུབ་གཅིག་གི་རྨི་ལམ་ན་ཨ་ཙ་ར་ཞིག་བྱུང་ནས། བདག་ནི་བི་མ་མི་ཏྲ་མཁས་པ་སྟེ༔ སྐལ་ལྡན་སྙིང་པོའི་ཡང་བཅུད་དོན་འདོད་ན༔ མཆིམས་ཕུ་བྲག་དམར་གེ་གོང་ཡར་ལྡེབས་ལ༔ གསང་བ་སྙིང་ཐིག་སྙིང་དང་འདྲ་བ་ཡོད༔ དེ་དག་ཁྱེར་ལ་འོ་ཡུག་ཕྱི་གོང་དུཿ སུས་ཀྱང་མཐོང་བ་མེད་པར་ལོ་བདུན་སྒོམས༔ ཟག་བཅས་ཕུང་པོ་སྣང་བ་མ་ཡིན་ནོ༔ ཞེས་པ་ཐོས་ནས། མཆིམས་ཕུར་བྱོན་དུས་བུད་མེད་དུང་སོ་འཁོར་མ་ཡོད་པ་གཡུའི་སྨིན་མ་ཅན་ཞིག་གིས་དཔེ་རྣམས་བཏོན་ནས་བྱིན་པ་བླངས་ཏེ། འོ་ཡུག་ཕྱི་གོང་རྫ་ཡི་ར་བར་བཞུགས་པས། བི་མ་དངོས་བྱོན་ནས་ཟླ་བ་ཕྱེད་དུ་དབང་ཁྲིད་གདམས་པ་དང་བཅས་པ་ཐམས་ཅད་རྫོགས་པར་གནང་སྟེ་རྒྱ་ནག་དུ་གཤེགས་སོ། །དེ་ནས་ལྕེ་བཙུན་གྱིས་ལོ་བདུན་བསྒོམས་པས་ལྷག་མེད་འགྲུབ་ནས་བཞུགས་དུས། སྤྲུལ་པའི་སྐུ་རྒྱལ་བ་ཞང་སྟོན་དང་མཇལ་ནས་གདམས་པའི་སྣོད་མཁྱེན་ཏེ་གསང་བ་སྙིང་ཐིག་གི་དབང་ཁྲིད་གདམས་པ་དང་བཅས་པ་རྫོགས་པར་གནང་ནས། ལོ་བརྒྱ་ཉི་ཤུ་རྩ་ལྔ་ན་ནམ་མཁའ་ལ་འོད་ཟེར་གྱི་ཕུང་པོ་གཅིག་ཏུ་གཤེགས་ཏེ། བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྒྱ་མཚོ་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་དུས་ན་ལན་ཅིག་སྟོན་ཟླ་ར་བའི་ཚེས་ལ་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་མཁའ་འགྲོ་མ་སྤྲིན་བཞིན་དུ་གཏིབས་ནས་ཚོགས་ཀྱི་འཁོར་ལོའི་འདུ་བ་རྒྱ་ཆེན་པོ་ལ་ལོངས་སྤྱོད་པའི་ཚེ། ཨོ་རྒྱན་གྱི་ཌཱཀྐིའི་གཙོ་མོ་དཔལ་གྱི་བློ་གྲོས་མས་རྡོ་རྗེ་ལྟ་བས་བལྟས་ཏེ༔ ཕྱག་རྣལ་འབྱོར་གྱི་ལུགས་སུ་བཙལ་ནས་འདི་སྐད་ཅེས་གསོལ་ཏོ༔ ཨེ་མ༔ ཨེ་མ༔ མ་འོངས་པའི་ཚེ་ན་སྙིང་ཐིག་སྙིང་པོའི་རྣལ་འབྱོར་པ་རྣམས་ཀྱིས་ཉམས་ལེན་མཐར་ཐུག་གང་ལ་བགྱི༔ ཕྲིན་ལས་ཀྱི་གཞུང་གང་ལྟར་བསྲིང༔ སྙིང་པོའི་མཐར་ཐུག་གང་དུ་ལ་བཟླ་ཞེས་གསོལ་བ་ན༔ ཤྲི་ཧེ་རུ་ཀ་སེང་ཧེ་ཤྭ་ར་ཉིད་དལ་ཅིག་དབྱིངས་ཀ་དག་ཟང་ཐལ་གྱི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་པས་སྐུ་མི་སྣང་བ་འོད་ཀྱི་རང་བཞིན་དུ་གྱུར་ཏོ༔ དེའི་མཁའ་འགྲོ་རྣམས་ཀྱི་མགྲིན་གཅིག་ཏུ་གདུང་བའི་དབྱངས་ཀྱིས༔ ཀྱེ་མ་ཀྱེ་ཧུད་ཀྱེ་མ་ཀློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཡེ་ཤེས་སྐུ་ཡིས་ཉི་མ་ཡིས༔ མ་རིག་འཐིབ་པོ་བསལ་དུ་གསོལ༔ རྡོ་རྗེའི་གསུང་གི་བདུད་རྩི་ཡིས༔ འཁོར་བའི་ཚ་གདུང་བསིལ་བར་མཛོད། ཅེས་གསོལ་བ་བཏབ་པས་ལྷུན་གྲུབ་རིག་རྩལ་གྱི་ཏིང་ངེ་འཛིན་ལ་འཕོས་པའི་དེ་མ་ཐག་པར་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་སྣང་བར་མཛད་ནས་ཞལ་ཆེམས་གསང་བའི་གནད་དུམ་བུ་གསུམ་པ་འད ས་རྗེས་ཀྱི་ཚུལ་དུ་བབས་པའ༔ ཀློང་ལྔའི་དུམ་བུ་གསུམ་པ་ལས༔ འདི་ནས་མ་འོངས་སྙིགས་མ་ལྔ་ཆེས་བདོ་ཞིང་བོད་ཁམས་ཀླ་ཀློའི་འཇིགས་པས་བསྟན་ཞབས་སྡུད་པ་ལ་ཉེ་བ་ན༔ སྙིང་ཐིག་སྙིང་པོའི་དོན་ལ་མོས་པའི་རྣལ་འབྱོར་པ༔ ལྟར་སྣང་ཐ་མལ་པ་རྣམས་དང་ཤིན་ཏུ་མཉམ་པར་སྤྱོད་པ༔ གསང་བ་སུས་ཀྱང་བརྟག་པར་དཀའ་བ༔ ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཉམས་འོག་དུ་ཚུད་པས་གང་གིས་ཀྱང་ཟིལ་གྱིས་མི་གནོན་པ༔ སྨིན་མཚམས་སུ་དཔའ་བོའི་རྒྱ་རྟགས་ཀྱིས་སྤྲས་པ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་བྱིན་གྱིས་བརླབས་པ་ཐུགས་ཕྲད་ཤེས་རབ་ཀྱི་གཏེར་བརྡོལ་བ༔ ཁྱད་པར་ངེས་པའི་དོན་ལ་ངེས་ཤེས་རྙེད་ཅིང་བདག་དང་བདག་གི་བཀའ་སྲོལ་ཟོལ་མེད་པ་ཁོ་ན་ལ་མོས་པ་མི་འཕྲོག་པར་བརྟན་པ་འོད་གསལ་སྤྲུལ་པའི་རྡོ་རྗེ་ཞེས་བྱ་བ་དུས་རིང་མོ་ནས་འབྱུང་བར་འགྱུར་བའི་དོན་དུ་བསྟན་ཏོ༔ དེའི་ཕྱིར་དེའི་སླད་དུ༔ རེ་ཞིག་ཡེ་ཤེས་ཊཱཀྐི་མ་རྣམས་ཀྱིས་ཀློང་ལྔའི་ཡི་གེར་བཟུང་ལ༔ དུས་སུ་བབས་པའི་ཚེ་གང་ཟག་དེའི་རྒྱུད་ལ་བྱིན་གྱིས་བརླབས་པས་སད་པར་གྱིས་ཤིག༔ སྐལ་ལྡན་ཅིག་ཆར་བའི་རིགས་ཅན་འགའ་ཞིག་ལ་ཕན་པར་འགྱུར་རོ༔ ཞེས་སོ། །ཐིག་ལེ་གསང་རྫོགས་ལས། བསླུ་མེད་རྡོ་རྗེའི་ལུང་གིས་བསྟན་པའི་དོན་བཞིན་གངས་ཅན་ལྗོངས་ཀྱི་བསྟན་འགྲོ་རིས་སུ་མ་ཆད་པ་མཐའ་དག་གི་གཙུག་རྒྱན་མཁས་ཤིང་གྲུབ་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་བཀའ་བབ་བདུན་གྱི་གསང་མཛོད་འཆང་བའི་ངོ་མཚར་སྤྲུལ་བའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པའམ་མཚན་གཞན་འོད་གསལ་སྤྲུལ་པའི་རྡོ་རྗེ་དགུང་གྲངས་ཉེར་བཞིར་སོན་པ་ཆུ་མོ་ཡོས་ཀྱི་ལོ་སྣྲོན་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉིན་པར་འོ་ཡུག་མཐིལ་རམ་ལྡིངས་མ་དགོན་དང་ཉེ་བར་ཕེབ་པའི་དུས་ཀྱི་ཚེ་ཐ་མལ་གྱི་སྣང་བ་རང་འགགས་དབྱིངས་སུ་ཐིམ་པའི་འོད་གསལ་གྱི་སྣང་ཆར་ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་པའི་གནས་དུས་སྟོན་འཁོར་གྱི་ཚོམ་བུའི་བཀོད་པ་ཇི་ལྟ་བ་བཞིན་གསལ་བར་ཤར་ཞིང་མན་ངག་གི་གཞུང་བཀའ་སྩལ་བ་ཉིད་ཐུགས་ལ་བཀྲ་ལམ་གྱིས་སད་པ་ལྟར་གསང་བའི་གནས་རྗེས་སུ་དྲན་པའི་ཆོ་འཕྲུལ་ཆེན་པོས་གཏན་ལ་ཕབ་སྟེ་ཤིན་ཏུ་གསང་བའི་རྒྱས་བཏབ། ཕྱིས་དགོངས་གྲངས་སོ་བརྒྱད་དུ་སོན་པ་མེ་མོ་སྦྲུལ་གྱི་ལོར་སྔགས་སྲུང་ཨེ་ཀ་ཛ་ཊཱིས གསང་སྒོ་དབྱེ་བར་བསྐུལ་བ་ལྟར་ཞེས་གསུང་པ་བཞིན། ཐོག་མར་བློ་གྲོས་མཐའ་ཡས་པའི་སྡེ་སོགས་ལ་སྨིན་གྲོལ་ཚང་སྤྲུགས་སུ་བསྩལ། ཕྱིས་དགུ ང་གྲངས་ང་དགུར་སོན་པ་ས་ཕོ་སྟག་གི་ལོར་དུས་ཆེན་ཐ་སྐར་ཟླ་བའི་ཚེས་བཅོ་ལྔའི་ཉིན་འབྲུག་པ་རིན་པོ་ཆེ་བརྩེ་བ་ཆེན་པོས་རྗེས་སུ་བཟུང་དེ་སྨིན་གྲོལ་གྱི་གདམས་པ་ཚང་སྤྲུགས་སུ་གདམས་ཏེ། བཀའ་ལུང་གི་ཕྲེང་བ་ཡང་ཡང་གནང་ཞིང་ཆོས་འདིའི་བདག་པོ་ཡིན་ཞེས་གཏད་པ་ཡིན་ནོ། ༈ །ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ་ལས། རོ་མའི་དྭངས་མ་དཀར་པོ་དང་། རྐྱང་མའི་དམར་པོ་ཞེས་དང་། །ཡབ་ཀྱི་རི་བོང་ཅན་ཧྃ་འཛག་པའི་ངང་ལ་དར་ཅིག་བློ་གནས་པ་ནི་དགའ་བའོ། དེ་ནས་སྤྱི་བོ་ནས་མགྲིན་པར་གཡོས་པ་ཉིད་སྙིང་གར་བབས་པ་ནི་མཆོག་དགའ་འོ།། ལྟེ་བའི་བར་ནི་དགའ་བྲལ་ལོ། །གསང་བར་བབས་པ་ནི་ལྷན་ཅིག་སྐྱེས་དགའ་འོ། །ཞེས་སོ། ༈ །སྤྱིར་སྟོང་པ་དང་། སྟོང་པ་ཆེན་པོ་དང་། ཤིན་ཏུ་སྟོང་པ་དང་། ཐམས་ཅད་སྟོང་པ་རྣམས་གསུངས་ཀྱང་། ཀློང་ཆེན་སྙིང་ཐིག་གི་རིག་འཛིན་འཁྲུལ་འཁོར་སྦས་དོན་གསལ་བ་ལས། སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་ཐམས་ཅད་སྟོང་པའང་ཟེར་རབ་ཏུ་སྟོང་པ་ཞེས་གསུངས། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བློ་མཚོ་ལས་བྱུང་བའི་མཆོད་ཕྲེང་བསྡུས་པ་རྡོ་རྗེ་སྒྲ་མའི་མཆོད་སྤྲིན་ལས། སྟོང་པའི་ཡེ་ཤེས་དགའ་བར་རྗེས་ཆགས་གཟུགས།། ཞེས་དང་། ཤིན་ཏུ་སྟོང་པ་ལས་བྱུང་མཆོག་དགའི་དངོས། །ཞེས་དང་། ཐམས་ཅད་སྟོང་པ་ཁྱད་པར་དགའ་བའི་དཔྱིད། །ཞེས་དང་། རབ་ཏུ་སྟོང་པ་ལྷན་སྐྱེས་ཡེ་ཤེས་དངོས། །ཞེས་གསུངས་སོ། །ཡུམ་ཀའི་ཟིན་བྲིས་ལས། སྤྱིའི་ཚོགས་མཆོད་ཀྱི་སྐབས་སུ་སྤྱི་བོ་ཛ་ལནྡྷ་ར་སོགས་གསུངས་པ་ནི། གནས་ཡུལ་དེ་རྣམས་ཕྱི་རོལ་དུ་མི་བལྟ་བར་སྤྱི་བོ་སོགས་རང་ལུས་ཀྱི་ཆ་དེ་དང་དེའི་རང་བཞིན་དུ་ཤེས་པས་ཚོགས་མཆོད་ཕུལ་ན་ཕྱིའི་དཔའ་བོ་མཁའ་འགྲོ་མཉེས་པ་ཉིད་ཀྱིས་རྩ་ཐིག་གི་སྐྱོན་དང་རྒུད་པའི་ཆ་རྣམས་སེལ་ཞིང་ཡོན་ཏན་གོང་འཕེལ་དུ་འགྲོ་བའི་ཐབས་མཁས་སུ་འགྱུར་པ་ལ་དགོངས་པར་བཤད་ན།བསུན་བཟློག་ངོ་མཚར་སྣང་བའི་ཡིག་ཆུང་གི་དོན་དང་འབྱོར་ཏེ་དེའི་རིགས་པས་ཕྲ་བའི་ལུས་དཀྱིལ་ལ་ཕྱི་རོལ་གྱི་ཡུལ་ཆེན་དང་། དེ་ན་བཞུགས་པའི་དཔའ་བོ་ཌཱཀྐི་དངོས་སུ་ང་རྒྱལ་བཞག་སྟེ་ཚོགས་ལ་རོལ་བས་གནས་པ་ཡུལ་གྱི་མཁའ་འགྲོ་མཉེས་ཤིང་དབང་དུ་འདུ་བའང་མཚོན་ནུས། ཚུལ་འདི་བསྙེན་དམིགས་སུ་ཡང་འཁྱེར་ཆོག་གོ། ཛ་ལནྡྷ་ར་སོགས་བརྒྱད་ཚན་དང་པོ་ཐུགས་ཀྱི་འཁོར་ལོ་དེའི་ལྷ་རྣམས་སྐུ་མདོག་སྔོན་པོ། གཉིས་པ་གསུང་འཁོར་ལྷ་རྣམས་དམར་པོ། གསུམ་པ་སྐུ་འཁོར་ལྷ་རྣམས་དཀར་པོ། གསུམ་ཀའི་དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་རྡོར་དྲིལ། འོག་མའི་གཡས་ན་ཌཱ་མ་རུ་དང་གཡོན་ན་ཁ་ཊཱཾ་ཀ ཐོར་ཚུགས་དར་དཔྱང་ཅན། རྣལ་འབྱོར་མ་རྣམས་ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན། སྐྲ་གྲོལ་བ། དེ་ཐམས་ཅད་སྤྱན་གསུམ་པ་རུས་རྒྱན་ཅན་ནོ། །བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ ཞེས་པ་མཁའ་འགྲོ་ཡབ་ཡུམ་ཉེར་བཞི་དང་། མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ ཞེས་པ་དེ་དག་གི་འཁོར། དབུ་སྐྲ་ཐོར་ཚུགས་དཔའ་བོ། ལྕང་ལོའི་ཟར་བུ་སོགས་མཁའ་འགྲོ་མ་ལ་འགྲེལ་བར་བཤད་དོ། །ཞེས་གསུངས། ༈ རུ་ཤན་དང་པོ་ཐེག་མཆོག་མཛོད་ལས། ལུས་ཀྱི་སྤྱོད་པ་བྱས་པས་ཕྱི་ལུས་ཀྱི་ལས་ཟད་བྱེད་པ་ལ་མི་སྤྲོ་བ་དང་། ལུས་ཀྱི་སྡིག་པ་འདག་པའི་དགོས་པ་ཡོད་དོ། །འཁོར་ལོ་རྣམ་པར་བརྩེགས་པ་ལས། ལུས་ཀྱི་རུ་ཤན་སུས་བྱེད་པ། །འདིས་ནི་འཁོར་བའི་བག་ཆགས་འབྱོངས། །ཞེས་དང་། ཐེག་མཆོག་མཛོད་ལས། ངག་དུ་གང་བརྗོད་དེའི་སྐྱེ་བར་ཕྱིས་མི་འཇུག་པ་དང་། ཡེ་ཤེས་འཁོར་ལོ་གྲོལ་བའི་དགོས་པ་ཡོད་དེ། འཁོར་ལོ་བརྩེགས་པ་ལས། ངག་གི་རུ་ཤན་སུས་བྱེད་པ། །འཁོར་བའི་བརྗོད་པ་སྟོང་པར་ངེས། །ཞེས་དང་། ཐེག་མཆོག་མཛོད་ལས། དེ་ལྟར་ཉིན་མང་དུ་དྲན་པར་བྱས་པས་ཕྱིས་ཁམས་གསུམ་གྱི་འཁོར་ལོར མི་འཇུག་སྟེ། རྡོ་རྗེ་ཁང་བུ་བརྩེགས་པ་ལས། གང་གིས་བསམ་པའི་འཁོར་ལོ་ཉིད། །སུ་ཡིས་བསྐོར་བར་ནུས་པ་ལ། །ཕྱི་ནས་དེ་ཡི་སེམས་རྒྱུན་འགག །ཅེས་གསུངས། རུ་ཤན་གསུམ་པའི་ལུས༵་གནས༵་ལ༵། ཀྱེ་རྡོ་རྗེ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས།། རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པའོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་དང་། སམྦྷུ་ཊི་ལས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་ཏུ་གང་ནའང་སངས་རྒྱས་མེད། །ཅེས་དང་། གཉིས་མེད་རྣམ་རྒྱལ་ལས། སེམས་ཅན་ཀུན་གྱི་སྙིང་ལ་ནི། །ཐུགས་ཀྱི་གསང་བ་སྙིང་པོ་བཞུགས། །དེ་ཉིད་སྙིང་པོ་གསུམ་ལྡན་པ། །བདེ་གཤེགས་སྙིང་པོ་འཇུག་པ་ཉིད།། ཅེས་དང་། ས་ར་ཧས། མཁས་པ་རྣམས་ཀྱིས་བསྟན་བཅོས་འཆད་པའི་ཚེ། །ལུས་ལ་ཡེ་ཤེས་ཡོད་པ་མ་རྟོགས་སོ། །ཞེས་དང་། རྡོ་རྗེ་དྲིལ་བུ་པས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །ཅེས་དང་། སློབ་དཔོན་བི་མ་ལས། དྲན་པའི་ཆོས་ཉིད་རོ་མྱང་བ་ནི་དགའ་བ། དྲན་ཚད་དུ་རོ་གཅིག་པ་མཆོག་དགའ། སྐྱེ་མེད་ངང་དུ་རྟོགས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ། བློ་འདས་ཆེན་པོ་སྤྲོས་པ་དང་བྲལ་བ་ནི་དགའ་བྲལ་ལོ། །ཞེས་གསུངས་སོ། །ཆོས་བོར་བ་ཚིག་ལས་འདས་པ། ཆོས་ཟད་པ་རང་བཞིན་མ་རྙེད། ཆོས་ལས་འདས་པ་གདམས་པ་རྣམས་ཀྱང་མ་རྙེད། ༈ དགུ༵་ཕྲུག༵་སུ༵། ཉམས་ལེན་གནད་ཀྱི་སྒྲོན་མ་ལས། དེ་ཡང་ལུས་ཀྱི་ཕྱིའི་བྱ་བ་ཚོང་དང་སོ་ནམ་ལ་སོགས་པ་འཇིག་རྟེན་གྱི་འདུ་འཛི་དང་གཡེང་བ། ནང་གི་བྱ་བ་ཐུན་མོང་གི་ཆོས་སྤྱོད་ཕྱག་དང་བསྐོར་བ་ལ་སོགས་པ། གསང་བའི་བྱ་བ་ཐུན་མོང་མ་ཡིན་ཕྱག་རྒྱ་གར་ལ་སོགས་སྟེ། མདོར་ན་གཡོ་བྱེད་ལུས་ཀྱི་སྤྲོས་པ་མཐའ་དག་བཏང་ཞིང་། ངག་གི་ཕྱིའི་བྱ་བ་ལོང་གཏམ་ཚིག་རྩུབ་ལ་སོགས་པ་འཇིག་རྟེན་ཐ་མལ་བའི་ངག་གི་སྨྲ་བརྗོད། ནང་གི་བྱ་བ་ཐུན་མོང་གི་འདོན་ཟློས་ཁ་ཏོན། གསང་བའི་བྱ་བ་ཐུན་མོང་མ་ཡིན་པའི་བཟླས་བརྗོད་ལ་སོགས་པ་སྟེ་མདོར་ན་སྨྲ་བརྗོད་ངག་གི་འཇུག་པ་མཐའ་དག་བཏང་ལ། སེམས་ཀྱི་ཕྱིའི་བྱ་བ་འཇིག་རྟེན་གྱི་རྣམ་རྟོག །ནང་གི་བྱ་བ་ཐུན་མོང་གི་བྱ་བ་ཆོས་ལ་རྟོག་དཔྱོད་བསམ་མནོ། གསང་བའི་བྱ་བ་ཐུན་མོང་མ་ཡིན་པའི་བསྐྱེད་རིམ་ལ་སོགས་པའི་བློས་བྱས་ཀྱི་སྒོམ་པ་ཐམས་ཅད་སྟེ། མདོར་ན་དྲན་བསམ་ཡིད་ཀྱི་འཕྲོ་འདུ་ཐམས་ཅད་བཏང་ལ་སྒོ་གསུམ་དལ་བ་བསྟེན་པར་བྱའོ། །ཞེས་གསུངས། ༈ སྣང་བ་བཞིའི་སྐབས་སུ། ཐེག་མཆོག་མཛོད་ལས། ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་པ་ལ། ཆོས་ཉིད་ཀྱི་སྒྲ་ཉེ་བར་སྦྱར་བ་ལ་བཞི་ལས། འཁོར་བ་ལ་ཆོས། མྱང་འདས་ལ་ཆོས་ཉིད་ཅེས་པས་འདི་ཆོས་ཉིད་དོ། །སྣང་བ་ལ་ཆོས། སྟོང་པ་ལ་ཆོས་ཉིད་བརྗོད་པས་འདི་ཆོས་ཉིད་དོ། །གནད་མེད་པས་མི་གྲོལ་བ་ཆོས། ཡོད་པས་གྲོལ་ངེས་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་ཆོས་ཉིད་དོ། །དབྱིངས་ལ་ཆོས། རིག་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་གཉིས་ཀ་དབྱེར་མེད་དུ་འདོད་པའོ། །མངོན་པ་ནི་དབང་པོའི་སྤྱོད་ཡུལ་ལ་དངོས་སུ་བལྟར་ཡོད་པའོ། །ཞེས་དང་། གསུམ་ནིི་རྣམ་གྲངས་ཏེ་ཕྱི་རུ་ལུས་ངག་ཡིད་གསུམ་གྱིས་གཞི་བཅའ་བ། ནང་དུ་ཆོས་ཉིད་ཡུལ་གྱི་གནད། འཆར་བྱེད་སྒོའི་གནད། རླུང་རིག་གནས་པའི་གནད་གསུམ་གྱིས་ལམ་གསལ་བ་དང་། གསང་བར་གོམས་པ་ཚད་ཀྱི་རིམ་པ། སྨིན་པ་རྟགས་ཀྱི་རིམ་པ། མཐར་ཐུག་ཟད་པའི་རིམ་པ་དང་གསུམ་གྱིས་ཚད་གཟུང་བ་དང་། བླ་ན་མེད་པར་སྣང་བ་འོད། སྨིན་པ་ཐིག་ལེ། རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ཕྱིར། གསུམ་ཚན་བཞིར་ངེས་པས་གསུམ་ཞེས་བྱའོ། །ཞེས་དང་། སྣང་བ་ནི་གང་སྣང་ན་ནི་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་དབྱིངས་ལ་སྣང་། ཚུལ་ཇི་ལྟར་སྣང་ན། འོད་དང་། འོད་ཁྱིམ། རིག་པ་ལུ་གུ་རྒྱུད་དང་བཅས་པ་སྣང་། སྣང་བ་དེ་ཉམས་སུ་བླངས་བ་ལས། འབྲས་བུ་རྡོས་བཅས་མི་སྣང་བར་སངས་རྒྱ་བའོ། །ཞེས་དང་། ཚིག་དོན་མཛོད་ལས། སྣང་བ་ནི་དབྱིངས་རིག་གི་འཕེལ་ལས་ཐིག་ལེ་སུམ་སྦྲེལ་དུ་སྣང་བ་ཚུན་ཆད་དོ། །ཞེས་སོ། །ཐེག་མཆོག་མཛོད་ལས། ཉམས་སུ་བླང་ལུགས་ནི་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། གཉིས་པ་ལ་ཐུན་བསྐྱེད་ཅིང་ཡུན་བསྲིང་། གསུམ་པ་ལ་ཉིན་མཚན་མེད་པར་ཉམས་སུ་བླང་ཞིང་དབྱིངས་ཀྱི་ར་བར་རིག་པ་བཅུག་པ་ལས་མི་འགུལ་བར་བྱའོ། །ཞེས་སོ། །ཉམས་གོང་འཕེལ་སྐབས། ཚིག་དོན་མཛོད་ལས། ཉམས་ཞེས་པ་ལ་ཤེས་ཉམས་དང་སྣང་ཉམས་གཉིས་ལས། ཤེས་ཉམས་ལ་ཤེས་པ་དགའ་བདེའི་ཉམས་བདེ་གསལ་མི་རྟོག་པའི་འཕེལ་འགྲིབ་དང་། ཞེས་དང་། ཐེག་མཆོག་མཛོད་ལས། མཐར་འགྱུར་གྱི་ཉམས་ནི་རླུང་ཉམས་ཀྱི་ཆ་སྟེ། སྲིན་བུ་མེ་ཁྱེར་ལྟ་བུ་ད ང་། སྤྲིན་ལྟ་བུ་དང་། དུ་བ་ལྟ་བུ་དང་། སྨིག་ཟིལ་ལྟ་བུ་དང་། ཟླ་བ་ཤར་བ་ལྟ་བུ་དང་། སྐར་མ་ཤར་བ་ལྟ་བུ་དང་། ནམ་སྲོས་པ་ལྟ་བུ་ལ་མཐིང་གའི་སྣང་བ་ཡོད་པ་ལྟ་བུ་དང་། ཉི་མ་ཤར་བ་ལྟར་ཕྱི་ནང་ཟང་ཐལ་བར་སྣང་བ་དང་བརྒྱད་དེ། འཆར་ནུབ་དང་གསལ་འགྲིབ་ཏུ་བྱུང་བས། མི་བརྟན། ཚིག་མི་ཐུབ། འགྱུར་འགྲོ་བས་མཐར་འགྱུར་གྱི་ཉམས་ཞེས་བྱ་སྟེ། རླུང་གཡོ་བའི་ཉམས་ཡིན་པའི་ཕྱིར་རོ། །འདི་དག་བྱར་ཡོད་དེ་རླུང་སེམས་དག་དགོས་པའི་ཕྱིར་རོ། །སྣང་བའི་ཉམས་ནི་རིག་པའི་རང་གདངས་འོད་གསལ་ཆེན་པོ་སྟེ། གནས་སྐབས་སུ་ཕྱིར་སྣང་འཕེལ་ཞིང་ཚད་ལ་ཕེབས་ནས། རང་གདངས་གཞི་ཐིམ་ལ་ནང་དུ་བཟློག་པས་ཕྱིར་གསལ་དུ་ཟད་དགོས་ཏེ། ལྷུན་གྲུབ་ཀ་དག་གི་དབྱིངས་སུ་ཐིམ་དགོས་པའི་ཕྱིར་རོ། །ནང་གསལ་དུ་རང་འོད་ཀྱི་ཀློང་ན་རིག་པ་སྐུ་དང་ཡེ་ཤེས་ཀྱི་ཕོ་བྲང་ལ་ཡེ་བཞུགས་ལྷུན་གྲུབ་ཆེན་པོ་འཕོ་འགྱུར་མེད་པའོ། །ཞེས་དང་། དེ་དག་ཀྱང་གཅིག་སྐྱེས་གཅིག་འགགས་པས་ཉམས་ཞེས་བྱའོ། །དེ་ཡང་སྔ་མ་བས་ཁྱད་པར་དུ་འགྱུར་བས་གོང་འཕེལ་ཞེས་བྱའོ། །ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་ནི་རྡོ་རྗེའི་རིགས་རྣམ་པར་དག་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་འོད་འོད་ཁ་དོག་དཀར་པོའི་རྣམ་པར་འཆར་བ་དང་། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་བ་ལ་འཚེར་བར་འཆར་བའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་གའི་རྣམ་པར་འཆར་བ་དང་། རྣམ་པར་སྣང་མཛད་ཀྱི་གདངས་མཐིང་ལ་གནག་པར་འཆར་རོ། །རིན་པོ་ཆེའི་རིགས་རྣམ་པར་དག་པ་ལས་མཉམ་པ་ཉིད་ཀྱི་ཁ་དོག་སེར་པོའི་སྣམ་བུ་དང་། རིན་ཆེན་འབྱུང་ལྡན་གྱི་གདངས་རབ་ཏུ་འཚེར་བ་གསེར་ཞུན་སྦྱངས་པ་ལྟ་བུར་འཆར་རོ། །པདྨའི་རིགས་རྣམ་པར་དག་པ་ལས་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ཁ་དོག་དམར་པོའི་སྣམ་བུ་དང་། སྣང་བ་མཐའ་ཡས་ཀྱི་གདངས་དམར་ལ་རབ་ཏུ་དམར་བ་ལ་བྱི་རུའི་མདོག་ལྟ་བུར་འཆར་རོ། །ལས་ཀྱི་རིགས་རྣམ་པར་དག་པ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཁ་དོག་ལྗང་གུའི་ཁ་དོག་སྣམ་བུར་འཆར་བ་དང་། དོན་ཡོད་གྲུབ་པའི་གདངས་རབ་ཏུ་ལྗང་བ་ཨིནྡྲ་ནཱི་ལའི་རྣམ་པ་ལྟར་འཆར་བའོ། །དེ་དག་གི་ཕྱི་རིམ་མཐིང་ག་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི། ཡེ་ཤེས་དེ་དག་ཐ་དད་པ་མ་ཡིན་པར་མཚོན་པའོ། །དེ་ལས་སྣང་བའི་འཕེལ་ནི་འོད་ལྔ་སོ་སོའི་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་ནི། རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའོ། །ཞེས་དང་། དེ་དག་གི་ལམ་སྐྱེ་བའི་རིམ་པ་ནི་བརྩོན་འགྲུས་རབ་རྣམས་ལ་རབ་དུ་ཞག་ལྔ་ལྔའོ། །འབྲིང་རྣམས་ལ་ཞག་བདུན་བདུན། ཐ་མ་རྣམས་ལ་ཞག་ཉེར་གཅིག་ན་གོང་མའི་སྣང་བ་འགགས་ནས་འོག་མའི་སྣང་བ་དེ་དག་དུ་རྣམ་པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བར་འདི་ནི་ཐང་ཅིག་ཏུ་གནས་པ་དག་འབྱུང་ངོ་། །དེ་ནས་དེ་དག་འབྱུང་ངོ་། །དེ་ནས་དེ་དག་ནུབ་ནས་ཀྱང་ཡེ་ཤེས་ལྔའི་དབྱིངས་ཀྱི་རྣམ་པར་འཆར་ཏེ། མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་པ་དང་འདྲ་བར་འགྱུར་རོ། །དེ་ནི་ཁ་དོག་རབ་དུ་སྤེལ་ལེགས་པ་ལས་བྱུང་བའོ། །དེ་ལ་གོམས་པ་ལས་མིག་མང་རིས་འཆར་ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་འབྱུང་བའོ། །དེ་ནས་མཉམ་པ་ཉིད་དྲྭ་བ་ཕྱེད་པར་འཆར་ཏེ་དེ་ནི་རླུང་གི་སྦྱངས་པ་དག་པ་ལས་བྱུང་བའོ། །དེ་ལས་དྲྭ་བར་སྣང་བ་ནི་སྔོན་འགྲོ་དག་ཅིང་ཚར་གཅོད་པ་ལས་བྱུང་བའོ། །དེ་ནས་སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར་བ་ནི། གཟིགས་སྟངས་འགྲུབ་པ་ལས་བྱུང་བའོ། །དེ་ཡང་པདྨ་སྟོང་ལྡན་དུ་འཆར་བ་ནི་སྔོན་འགྲོ་འབྱུང་བ་ལས་བྱུང་བའོ། །དེ་ནས་བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུར་འཆར་བ་ནི། རང་བཞིན་མ་བཅོས་པ་ལས་བྱུང་བའོ། །དེ་ནས་འཁོར་ལོ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་སྔོན་འགྲོ་མཐར་ཕྱིན་པ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཁར་ཐབས་སུ་འཆར་བ་ནི། རིག་པ་མིག་ནས་དྲངས་པ་ལས་བྱུང་བའོ། །དེ་ལ་ཟ་འོག་གུར་ཁྱིམ་ལྟ་བུ་ནི་སྔོན་འགྲོ་དག་པར་བྱས་པ་ལས་བྱུང་བའོ། །དེ་དག་ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་ཞག་གསུམ་དང་། བདུན་དང་བཅུ་བཞི་ན་གཅིག་སྐྱེ་གཅིག་འགགས་པའོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ་འདི་དག་གི་སེམས་ཀྱི་སྔོན་འགྲོའི་དུས་ན། རྟོག་པ་ཐ་དད་པར་བསླངས་བ་དེ་འགགས་པའི་རྟགས་ཡིན་ནོ། །ཞེས་སོ། །རིག་པ་ཚད་ཕེབས་སྐབས། ཚིག་དོན་མཛོད་ལས། རིག་པ་ཞེས་པ་ལ། གཞི་འཛིན་གྱི་རིག་པ་སྙིང་ག་ན་གནས་པ་དང་། གཞི་གནས་ཀྱི་རིག་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་། ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་། ཡུལ་སྣང་གི་རིག་པ་སྟོང་ཉིད་གང་དུའང་མི་ཕྱེ་བ་དང་བཞི་ལས། འདིར་རྡོ་རྗེ་ལུ་གུ་རྒྱུད་དོ། །ཚ༵ད་ནི་སྐུ་ཤར་བ་སྟེ་སེམས་དཔའ་རང་རྐྱང་དང་། ཡབ་ཡུམ་དང་། ཚོམ་བུ་དང་། གཙོ་འཁོར་དང་། དཀྱིལ་འཁོར་རྫོགས་པའོ། །ཕེབས༵་ནི་སྣང་བ་དེ་ཀུན་རང་ས་ན་རྫོགས་པ་སྟེ། དབང་པོ་ལྔ་ལ་སོགས་པ་ལྔ་ཚན་གྱི་ཆོས་དག་བྱ་དུ་མ་དག་པར་བྱེད་པའོ། །སྣང་བ་ནི་འོད་དང་ཟེར་དང་སྐུའི་རྣམ་པའོ། །ཞེས་དང་། ཐེག་མཆོག་མཛོད་ལས། དེ་དག་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ་ཡར་གྱི་འཕེལ་ཟད་པས་དཀྱིལ་འཁོར་རྫོགས་དེ་རང་ངོ་ལ་བཅོས་སུ་མེད་པའོ། །ཞེས་སོ། །ཆོས་ཉིད་ཟད་པའི་སྐབས། ཚིག་དོན་མཛོད་ལས། ཟད་ལུགས་ནི་གཉིས་ལས། རིམ་གྱིས་ཟད་པ་ནི་སྣང་བ་བཞི་ཚད་དུ་ཕྱིན་པའི་དུས་སོ། །ཅིག་ཆར་དུ་ཟད་པ་ནི་ཆོས་ཉིད་མངོན་སུམ་མཐོང་ནས་གོམས་པར་བྱས་ནས་ཉམས་གོང་འཕེལ་དང་ཚད་ཕེབས་ཀྱི་སྣང་བ་མ་སྐྱེས་པར་ཟད་པ་ཡང་ཡོད་དེ་འདི་ནི་བློ་མཆོག་ཅིག་ཆར་པ་ཞེས་བྱའོ། །གང་ལྟར་ཡང་ཟད་པའི་དུས་འདིར་གདོས་བཅས་དྭངས་པ། ཉོན་མོངས་དྭངས་པ། སྣང་བ་དྭངས་པ་གསུམ་འབྱུང་ལ། ཆོས་ཉིད་ཀྱི་ཏིང་ངེ་འཛིན་ལ་ངང་གིས་གནས་པས་ཡེ་ཤེས་རྫོགས་པའི་སྐུ་ཐོབ་པ་ཞེས་བྱའོ། །ཞེས་དང་། ཐེག་མཆོག་མཛོད་ལས། ཆོས་ཉིད་ཟད་པའི་ངོ་བོ་ནི། ཕྱི་འོད་ལྔའི་སྐུ་དང་བཅས་པ་ཟད། ནང་གདོས་བཅས་རྟོག་ཚོགས་དང་བཅས་པ་ཟད། ཉམས་སྣང་གི་ཡུལ་ཟད། ཀ་དག་གི་སྣང་བ་ནམ་མཁའ་ལྟ་བུའི་ངང་ལ་རིག་པ་གནས་པའོ། །ཞེས་དང་། ཆོས་ཞེས་པ་ལུས་ངག་ཡིད་གསུམ་གྱི་ཚོགས་པའི་ཆོས་ཉོན་མོངས་དང་བཅས་པ་ཡིན་ལ། ཉིད་ནི་དེ་སྦྱོང་བྱེད་ལམ་གྱི་སྣང་བ་འོད་གསལ་བསྒོམ་པའི་ཆ་དང་བཅས་པ་སྟེ། ཟད་པ་སྟོང་པ་སྟེ། བློས་སྒོམ་པ་ཡུལ་སྣང་དང་བཅས་པ་རང་ལོག་ནས་མེད་ལ་མི་དམིགས་པ་ཞེས་བྱའོ། །མ་དག་པའི་ཕྱི་ཡུལ་སྣང་། ནང་རང་ལུས། གསང་བ་ཉོན་མོངས་པའི་རྟོག་ཚོགས་དང་དེ་དག་གཡོ་བྱེད་ཀྱི་ལས་རླུང་རྣམས་རིག་ཐོག་ཏུ་རང་སར་དག་ནས་སླར་སྐྱེ་བའི་གནས་མེད་པར་ཟད་སར་འཁྱོལ་བ་ཡིན་ཏེ། ཐལ་འགྱུར་ལས། ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་གཅོད། །ཅེས་སོ། །གང་ལྟར་ཡང་ལམ་སྣང་ལྷག་མ་མེད་པར་རང་གི་སེམས་ཉིད་གདོད་མའི་གྲོལ་ས་མཐར་ཐུག་ཀ་དག་ཀློང་ཆེན་ཡངས་པ་མཚན་མའི་སྤྲོས་པ་ཐམས་ཅད་ལས་རབ་ཏུ་འདས་ཤིང་ནང་གསལ་ཤིན་ཏུ་ཕྲ་བའི་ཡེ་ཤེས་ཆེན་པོ་ཐིམ་ལ་མ་རྨུགས་པ་རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ངོ་བོར་འུབ་ཀྱིས་འདྲེས་ཏེ་དབྱེར་མེད་རོ་གཅིག་དུ་གྱུར་བས་དག་པ་གཉིས་ལྡན་མཐར་ཐུག་པའི་གཏན་སྲིད་ཚེ་འདིར་ཟིན་པ་ཡིན་ལགས། ཞེས་གསུངས། ༈ དབང་པོ་ཉི་ཤུ་རྩ་གཅིག་ནི། དང་པོ་བདུན་ནི། རབ་ཀྱི་ཐ་མ་དང་། རབ་ཀྱི་འབྲིང་དང་། རབ་ཀྱི་རབ་དང་། རབ་ཀྱི་ཕུལ་དང་། རབ་ཀྱི་མཆོག་དང་། རབ་ཀྱི་རྩེ་མོ་དང་། རབ་ཀྱི་མཐར་ཕྱིན་པའོ། །དེ་དག་ཀྱང་རང་སྣང་རྟོགས་སླ་བའི་ཆ་ནས་གཞག་པའོ། །འབྲིང་ལ་བདུན་ཏེ། འབྲིང་གི་ཐ་མ་དང་། འབྲིང་གི་འབྲིང་དང་། འབྲིང་གི་རབ་དང་། འབྲིང་གི་ཕུལ་དང་། འབྲིང་གི་མཆོག་དང་། འབྲིང་གི་རྩེ་མོ་དང་། འབྲིང་གི་མཐར་ཕྱིན་པའོ། །དེ་བཞིན་ཏུ་ཐ་མ་ལ་ཡང་བདུན་ཏེ། ཐ་མའི་ཐ་མ་དང་། ཐ་མའི་འབྲིང་། ཐ་མའི་རབ་དང་། ཐ་མའི་མཆོག་དང་། ཐ་མའི་ཕུལ་དང་། ཐ་མའི་རྩེ་མོ་དང་། ཐ་མའི་རྩེ་ཟིན་པའོ། ༈ །ཇི་ལྟར༵་ཤར༵་ན༵། ཐེག་མཆོག་མཛོད་ལས། རང་སྣང་འཆར་ཚུལ་གྱི་རྣམ་པས་དོན་བསྡུ་བ་ལ་བཞི་ལས། ཞི་བ་ནི་བར་དོ་དང་པོ་འོད་གསལ་ལས་ཚོམ་བུའི་སྣང་བ་ཤར་བའོ། །རྒྱས་པ་ནི་བར་དོ་གཉིས་པ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཤར་བའོ། །དབང་ནི་བར་དོ་གསུམ་པ་ལྷུན་གྲུབ་རིན་པོ་ཆེའི་སྒོ་བརྒྱད་མཐོང་བའོ། །དྲག་པོ་ནི་རང་སྣང་དུ་གྲོལ་ཏེ་ཀ་དག་གི་ས་ལ་གཏན་སྲིད་ཟིན་པ་བར་དོ་བཞི་པའི་ཡེ་ཤེས་དབྱིངས་སུ་འཁྱིལ་བ་སྟེ། རང་ཤར་ལས། ཕྲིན་ལས་རྣམ་པ་བཞི་ཡི་དོན། །ལམ་ལ་རྫོགས་ལུགས་འདི་ལྟ་སྟེ། །ཞི་བའི་ལམ་ནི་འདི་ལྟ་སྟེ། །བར་དོ་དང་པོ་ཚོམ་བུ་ལ། །སྐུ་ཡི་སྣང་བ་མཐོང་བ་སྟེ། །ཞི་བའི་ལམ་ནི་ཡང་དག་འདོད། །བར་དོ་གཉིས་པའི་ཡེ་ཤེས་ལྔ། །ཡེ་ཤེས་ངོ་བོ་མཐོང་བ་དེ། །རྒྱས་པའི་ལམ་ཉིད་ཡིན་པར་འདོད། །བར་དོ་གསུམ་པ་ལྷུན་གྲུབ་ལ། །རང་གི་དེ་ཉིད་མཐོང་བ་ནི། །གོམས་པ་ཚད་དུ་ཕྱིན་པ་དང་། །དབང་གིས་ཆོས་ཉིད་ཡིན་པར་གསུངས། །ཀ་དག་ཆོས་ཉིད་རྫོགས་པ་ལས། །ཐོགས་པ་མེད་པར་ཕྱིན་པ་སྟེ། །དྲག་པོའི་ཆོས་ཉིད་ཡིན་པར་གསུངས། །ཞེས་སོ། ༈ །ཉི་ཟླ་ཁ་སྦྱོར་ལས། སྒོམ་བྱེད་ཕན་ཆད་མིག་མི་འཛུམ་པར་ཧྲིག་གེ་ལྟ་བ་གནད་ཡིན་ནོ། །དེ་ལྟར་བྱས་པས་དཔེར་ན་རྒྱ་མཚོར་གཟའ་སྐར་ལ་སོགས་པའི་གཟུགས་བརྙན་ཅི་སྣང་བ་ཐམས་ཅད་བཀྲ་ཡལ་ལེ་སྣང་ཡུལ་དུ་ཡོད་ལ་གཟུང་ཡུལ་དུ་མེད་པས་རྒྱ་མཚོ་ལ་མ་གོས་པ་བཞིན་ཏུ། རྣལ་འབྱོར་པའི་མིག་ལམ་དུ་ཕྱི་སྣང་ཤར་ཚད་སྣང་ངོར་སྣང་ཡང་། སྣང་ཐོག་ཏུ་ཤེས་པ་མ་ཤོར་བས་གཟུང་ཡུལ་མེད། དེས་མ་གོས་པས། ཕྱི་སྣང་བས་ཤེས་པ་མ་གོས། ནང་ཤེས་པས་སྣང་བ་མ་བཟུང་། སྣང་ཤེས་འབྲེལ་དོན་ཆད་པས་གཟུང་འཛིན་ཡུལ་མེད་དུ་སངས་ཏེ་ཚོགས་དྲུག་ལྷུག་པའི་སྒོམ་པ་ཞེས་བྱའོ། །ཉམས་ལེན་གནད་ཀྱི་སྒྲོན་མེ་ལས། རླུང་རླུང་ལ་ཐིམ་པས་ཕྱི་དབུགས་རྒོད་ཅིང་དབུགས་བརྩེགས་མར་འབྱུང་། ཁྲོག་གིས་འཆད་དོ། །རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ནང་དབུགས་ཆད་ཅིང་དལ་ཅིག་བརྒྱལ་ནས་དྲན་མེད་དུ་འགྱུར་རོ། །ཞེས་དང་། ཆོས་ཉིད་བར་དོར་རང་སྣང་དུ་ཡིད་ཆེས་པ་ལ་ཐིམ་ཚུལ་ལྔས་ངོས་ཟིན་པར་བྱ་བ་ལས། དང་པོ་ནི་རྣམ་ཤེས་ནམ་མཁར་ཐིམ་པའི་ཚེ་སྙིང་དབུས་ནས་རིག་པ་འོད་རྩ་ལ་ཞུགས་ཏེ་མིག་ཏུ་གནས་པའི་སྐད་ཅིག་དང་པོ་ལ་ཀ་དག་གི་སྣང་བ་སྟོན་ཀའི་ནམ་མཁའི་སྤྲིན་དང་བྲལ་བ་ལྟ་བུར་འཆར་ཏེ། དེ་ཉིད་གདོད་མའི་གྲོལ་གཞི་བསམ་འདས་ཆེན་པོར་ཤེས་ན་དེའི་ངང་དུ་བཞག་པས་གྲོལ་ལོ། །དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པས་སྐད་ཅིག་དང་པོར། འོད་ལྔའི་སྲད་བུའམ་སྐས་ཀྱི་འགྲམ་པ་ལྟ་བུར་ཤར་བ་ངོ་ཤེས་པའི་དུས་སུ་ཡར་གྱི་ཟང་ཐལ་དུ་གྲོལ་ལོ། །དེ་ནས་སྐད་ཅིག་གཉིས་པར་ཐུགས་རྗེའི་ཟེར་ཐག་ལས་ནམ་མཁའི་དབྱིངས་སུ་ཐམས་ཅད་འོད་ལྔའི་སྣང་བ་བསམ་གྱིས་མི་ཁྱབ་པར་ཤར་དུས། སྒྲ་འོད་ཟེར་གསུམ་ཁྲོ་བོའི་དཀྱིལ་འཁོར་དུ་ཤར་བ་ལ་རང་སྣང་དུ་ངོ་ཤེས་ན་རང་རིག་ཁྲོ་བོའི་སྐུ་ལ་ཐིམ་ནས་འཚང་རྒྱའོ། །ཞེས་སོ། །ཐོད་རྒལ་གྱི་རྒྱབ་ཡིག་ཉི་ཟླ་གཟའ་སྐར་ལས། དེ་ནས་རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་ནང་གི་དབུགས་ཆད་དེ་དར་ཅིག་བརྒྱལ་བ་ལས། རྣམ་ཤེས་ནམ་མཁར་ཐིམ་སྟེ་རྟོག་མེད་ནམ་མཁའ་འདྲ་བའི་ངང་ལ་དལ་ཅིག་གནས་ནས། རིག་པ་མིག་ནས་ཐོན་དུས། ནམ་མཁའ་འོད་གསལ་ལ་ཐིམ་པས་ཡེ་ཤེས་ལྔའི་སྣང་བ་དང་སྒྲ་འོད་ཟེར་གསུམ་གྱིས་རང་སྣང་ཁྱབ་དུས་རང་ངོ་ཤེས་པར་བྱའོ། །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པས་ཚོམ་བུའི་སྣང་བ་བསམ་གཏན་གྱི་ཞག་ལྔར་གནས་པ་དང་། དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པས། ཡེ་ཤེས་བཞིའི་སྣང་བ་ཤར་བ་དང་། དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པས་ཡར་ཀ་དག ཐད་ཀར་ལོངས་སྐུ། མར་རང་བཞིན་སྤྲུལ་པ་དང་། འགྲོ་འདུལ་གྱི་ཞིང་སྣང་དུས་རང་ངོ་ཤེས་པ་གཅེས་སོ། །ཞེས་སོ། ༀ་བྱིན་རླབས་ཐམས་ཅད། ཨཱཿ མཆོག་ཐུན་མོང་གི་དངོས་གྲུབ། ཧཱུྃ་ཞི་རྒྱས་དབང་དྲག་གིས་མཁའ་མཉམ་འགྲོ་བའི་དོན་མཛད་པ། ཞེས་སོ།། །།


previousལྕེ་བཙུན་ཁྲིད་ཡིག་གི་ཟིན་བྲིས།next