Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
ལྕགས་སྐོང་བདུད་འཇོམས་རིན་པོ་ཆེའི་ཞལ་རྒྱུན་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྕགས་སྐོང་བདུད་འཇོམས་རིན་པོ་ཆེའི་ཞལ་རྒྱུན་ཟིན་བྲིས།next

ལྕགས་སྐོང་བདུད་འཇོམས་རིན་པོ་ཆེའི་ཞལ་རྒྱུན་ཟིན་བྲིས།

གྲུབ་དབང་ལྕགས་སྐོང་གཏེར་ཆེན་རིན་པོ་ཆེ་ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་ཞལ་རྒྱུན་མཚུངས་མེད་དཔལ་ལྡན་བླ་མ་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་རིན་པོ་ཆེས་བསྩལ་བའི་ཟིན་བྲིས་བཞུགས་སོ།།

གྲུབ་དབང་གཏེར་ཆེན་བླ་མའི་༼སྒེའུ་གཏེར་གྱི་༽ཞལ་རྒྱུན་མཚུངས་མེད་བླ་མ་རིན་པོ་ཆེ་༼གཡུ་ཁོག་བྱ་བྲལ་བས་༽ དགྱེས་བཞིན་དུ་བསྩལ་བ་ཉམས་ཀྱིས་དོགས་ནས་ཤ་ཟིན་སྤུ་ཟིན་དུ་བྲིས་པ་ལ། རྒྱལ་མོའི་གཡུང་དྲུང་ཚེ་བརྟན་གྱིས་སྣང་སྦྱང་ཞེས་པའི་དོན་དྲིས་པ་ལ། འཁྲུལ་སྣང་ལས་གྲུབ་པའི་ཕྱི་ནང་སྣོད་བཅུད་ཡུལ་ཡུལ་ཅན་གྱི་འཁྲུལ་བ་དང་བཅས་པ་སྣང་སྟོང་ཟུང་འཇུག་ཏུ་སྦྱང་དགོས་པས། དེ་སྦྱོང་བྱེད་ཡིན་པས་སྣང་སྦྱང་ཟེར་ནི་རེད་གསུངས། སྣང་སྦྱང་གི་དབུ་ཞབས་ཐམས་ཅད་མཚན་དོན་འདིས་ཁེབས་དགོས། རང་བཞིན་ཞེས་པའི་སྟེང་འདི་ནས་སྣང་སྦྱང་གི་ལྟ་བའི་ཁོག་གི་གནད་དེ་འཛིན་དགོས། རང་བཞིན་ཞེས་པས་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་ནམ་གནས་ལུགས་དེ་སྟོང་པ་ཉིད་རེད། དེ་རྟོགས་པས་རྟག་ལྟ་དང་རྟག་འཛིན་གཏོར་ནི་རེད། སྟོང་ཉིད་དེ་ཡང་སྟོང་གསུམ་ཞིག་སོང་ཤུལ་འདྲ་འདྲའི་ཆད་ལྟ་ཞིག་མ་རེད། འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ལས་འགག་མེད་དུ་སྣང་བའི་ཆ་ནས་མེད་པ་ཅང་མེད་ཆད་མཐའ་དང་ཆད་འཛིན་གཏོར་ནི་རེད། འཁོར་འདས་ལམ་གསུམ་སོ་སོར་ཕྱེ་ནས་བཤད་ན། འཁོར་བའི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རྣམ་བཞག །རྣལ་འབྱོར་ལམ་གྱི་སྣང་བ་མཉམ་བཞག་དང་རྗེས་ཐོབ། འབྲས་བུ་སྐུ་དང་ཡེ་ཤེས་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆོས་ཐམས་ཅད་ངོ་བོ་སྟོང་པ་ཉིད་ཡིན་པས་རྟག་་མཐའ་དང་རྟག་འཛིན་གཏོར་ནི་རེད། ཨོ་ཡ། དེ་སྟོང་པ་ཉིད་ཡིན་པའི་གནད་ཀྱིས་སྣང་བ་འགག་མེད་ཤར་བས་ཆད་མཐའ་དང་ཆད་འཛིན་གཏོར་ནི་རེད། ཨ་ལེ། དེ་ཚོ་ས་ལྟ་བུ་གཅིག་ལ་སྦྱར་ན་ས་ཡི་རང་བཞིན་སྟོང་པ་ཉིད་ཟེར་དུས་ས་འདི་མེད་སོང་ནི་མ་རེད། ས་འདི་མེད་སོང་ན་སའི་སྟོང་ཉིད་ཟེར་རྒྱུ་ཟིག་འཇོག་རྒྱུ་ཡོད་ནི་མ་རེད། སའི་སྟོང་ཉིད་ཟེར་རྒྱུ་བོ་དེ་སྟོང་གསུམ་ཞིག་སོང་ཤུལ་འདྲ་འདྲའི་སྟོང་ལྷུབ་༼ཕྱག་གིས་ས་ལ་བརྡབ་ནས་མཆན་༽སེ་བུད་སོང་ནིའི་མེད་སྣང་སྟོང་སྣང་ཟིག་ལ་གོ་ཉན་ནི་མ་རེད་མི་ཆད་ལྟ་རེད། ཨ་ལེ་དཀར་པོ་དགེ་བ་སོ་ཆད་འགྲོ་ནི་ཤར་འཛམ་ཐང་མ་རེད་ན། ཨོ་ཡ་སེམས་ཅན་ཐམས་ཅད་ཀྱིས་ས་འདི་རིལ་པོ་གཅིག་བདེན་དུ་བཟུང་ཡོད་པས། དེའི་ངོ་བོའམ་རང་བཞིན་རྟག་བརྟན་བདེན་གྲུབ་དང་བྲལ་བ་རྒྱུ་རྐྱེན་གྱིས་བྱས་པ་ཅན་གྱི་རང་བཞིན་ཅན་ཡིན་པར་ཤེས་ན་དེའི་སའི་རང་བཞིན་ལ་རིལ་པོར་གཅིག་པུར་བདེན་པར་འཛིན་པའི་རྟག་འཛིན་དང་རྟག་མཐའ་གཏོར་ནི་རེད། ཅང་མི་ཤེས་ནི་ཚོས་ད་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་རྒྱུ་རྐྱེན་ལས་སྐྱེས་པ། བྱས་པའི་རང་བཞིན་ཙམ་དུ་རྟོགས་ན་དེ་ཚོ་བདེན་མེད་ཀྱི་ཕྱོགས་སུ་ཉེ་ནི་རེད། དེ་ཚོ་འུ་ཅིག་ཕན་ནི་རེད། སའི་སྣང་ཆ་འདི་ཡོད་ན་ས་དང་སའི་སྟོང་ཉིད་གཉིས་ཀ་ཟུང་འཇུག་ཏུ་ཁ་ཉན་ནི་མ་རེད། སའི་སྟོང་ཉིད་ཤ་ཚ་མ་ཟིག་མིན་ནིའི་་རྟགས་ལ་སྟོང་པ་ཉིད་ཀྱིས་ས་རུ་སྣང་ཟེར་དུས་ཨ་ལེ་སའི་ཆོས་ཉིད་དམ་རང་བཞིན་སྟོང་ཉིད་དེས་ཆོས་ཅན་ས་རུ་སྣང་བའི་སྣང་ཆ་འགག་མེད་འདི་རྒྱལ་བའི་ཕྱག་གིས་བཀབ་ཀྱང་ཁོག་ནི་མ་རེད། དེ་འདྲའི་སྣང་སྟོང་ཟུང་འཇུག་ཟེར་རྒྱུ་དེ་མཛུ་བུ་གཤིབ་གཤིབ་བྱས་ཡོད་ནི་ཟིག་ལ་གོ་ཉན་ནི་མ་རེད། ཨ་ལེ་གང་སྣང་བའི་ངོ་བོ་འདི་སྟོང་ཉིད་དང་། སྟོང་པའི་རང་བཞིན་འདི་ལས་སྣང་བ་འགག་མེད་དུ་ཤར་བའི་སྣང་སྟོང་ཟུང་འཇུག་གི་ལམ་འདི་ཤེས་དགོས་ནི་རེད། ཨ་ལེ་ཁྱེད་ཆ་གེ་གཅིག་ཚང་གི་ཡ་ལོག་ནས་མ་ལོག་ལ་ཁ་གདངས་མིག་གཅེར་ནས་དྲིལ་བུ་ཚོའི་མགོ་རྒན་མོ་ཚོས་རྡོ་རིས་འཛིན་འཛིན་བྱས་ནས། ཟུང་འཇུག་ལམ་ལ་མ་བརྟེན་པར། །མཐར་ཕྱིན་འབྲས་བུ་ཐོབ་མི་འགྱུར། །ཟེར་དུས་བསམ་གྱི་ཟིག་ཡོད་ཨི་མི་དགོས། ཨོ་ཡ། སྣང་བའི་ཆོས་འདི་ཐམས་ཅད་འོག་གི་བདག་མེད་གཉིས་ཀྱི་སྐབས་སུ་བཤད་པ་ལྟར་སོ་སོར་ངོས་ཟིན་པར་བྱས་ནས་གང་སྣང་གང་མཐོང་ཐམས་ཅད་སྣང་སྟོང་ཟུང་འཇུག་ཏུ་མཉམ་བཞག་མ་ཟད་རྗེས་ཐོབ་ཏུ་བུན་བུན་ཤིག་ཤིག་ཏུ་འཆར་ཐུབ་པ་ཟིག་མ་འོང་གི་བར་དུ་ཉིན་ན་བསྒོམ། མཚན་ན་བསམ་དགོས་ནི་རེད། འདི་མདོ་སྔགས་ཐུན་མོང་གི་ལམ་ཡིན་པས་འདི་ཉན་པ་ལ་དབང་བསྐུར་མི་དགོས་སྐྱད་དེའི་རེད། སྒྱུ་མའི་དཔེ་བཅུ་ཡན་ཆད་ཕོ་སྐྱ་མོ་ཉོག་སུས་ཉན་ཀྱང་ཆོག་ནི་རེད། སྟོང་པ་ལས་སྣང་བ་འཆར་ཚུལ་འོག་གི་སྒྱུ་མའི་དཔེ་བརྒྱད་ཀྱི་ཚུལ་དུ་འཆར་བས། འདིར་སྦྱར་ནས་བཤད་ཆོག །དེ་ཡན་ཆད་ན་རྫོགས་ཆེན་གྱི་མིང་ཙམ་རེ་ལས་ཡོད་ནི་མ་རེད། དེ་མན་ཆད་ལུང་ཙམ་བཏོན་ཀྱང་ཆོག་གསུངས། ཁོང་རིག་གིས་དེ་འདྲ་བྱེད་གསུངས། འདི་ཡན་ཆད་བཤད་ལོས་ཆོག །ཁྱེད་ཆ་གེ་གཅིག་ཚང་གི་ཡ་ལོག་ནས་མར་འཁོར་དེ་ཐོས་གྲོལ་འདོན་དུས་ཤེས་བྱ་སྒྱུ་མའི་དཔེ་བཅུ་དེ་བཞིན་དུ།། འཁོར་འདས་ཆོས་རྣམས་ཁྱོད་ཀྱིས་ཤེས་པར་གྱིས། །ཟེར་དུས་རྒད་པོ་ལ་ཟེར་ནི་ཡིན་ད། རྒན་མོ་ལ་ཟེར་ནི་ཡིན། ཁྱེད་ཆ་གེ་བཏོན་ནི་རེད། ངས་བཤད་ནི་རེད། ཅི་ཁྱད། ཨ་ལེ་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་སྣང་སྟོང་ཟུང་འཇུག་ཏུ་ཤེས་ནས་གཡས་སུ་ལོག་ནས་མི་བཞག །གཡོན་དུ་ལོག་ནས་མི་བཞག་པར་ཤ་ཕོ་ཆེན་གྱིས་གངས་གཤག་གཤག་བྱས་ནས་འགྲོ་ཚུལ་གྱི་གནད་ཡག་པོ་ཟིག་ཤེས་ན་སྣང་སྦྱང་གི་ཁོག་འདིས་བཟུང་ཡོད་པས་དེ་ཚོ་ཤེས་ནས་མན་ངག་གི་ཆིངས་ལྔ་གྲོགས་སུ་ཡོད་ན་ལམ་གནད་རེ་ཟིན་ནི་རེད། ཟ་གྱི་མེད་ནི་ཚོ་བུད་ཏ་སོང་ད་ཆོག་ནི་རེད། མགོས་ཐུ་ར་བཤད་ན་དེ་རེད། རྔ་མས་ཡར་ར་བཤད་ན་དེ་རེད། དེ་མིན་ནི་ཟིག་ཅིག་བཤད་ཀྱི་ཡོད་ནི་མ་རེད། སྣང་སྦྱང་གི་གནད་འདིའི་མཚམས་ནས། ཉི་ཟླ་གཟས་འཛིན་འཛིན། གདུག་པ་ཀླུས་འཛིན་འཛིན། གཅན་གཟན་གཏུམ་པོས་འཛིན་འཛིན་བྱས་ཏེ་གནད་རྣམས་ཟིན་དགོས་ནི་རེད། ཐེངས་རེ་མན་ངག་གི་ཆིངས་ལྔ་གསུངས། ཐེངས་རེ་དྲུག་གསུངས། གཅིག་ཁོང་གིས་མི་དྲན་གི་གསུངས། ལྔ་ནི་འཁོར་བ་ལ་ངེས་འབྱུང་། ༡ སེམས་ཅན་ལ་སྙིང་རྗེ། ༢ ཀུན་ལ་དག་སྣང་། ༣ མཆེད་གྲོགས་ལ་བརྩེ་གདུང་། ༤ བླ་མ་ལ་མོས་གུས་༥ དང་ལྔའོ། །འཁོར་བ་ལ་ངེས་འབྱུང་ཡོད་ན་སོ་ཐར་གྱི་མདོ་མི་འཆོར། ཐེངས་རེ་མདོ་འཛིན་གསུངས། ཐེངས་རེ་འཁོར་བ་ལ་ངེས་འབྱུང་གི་མདོ་མ་ཤོར་ན་སོ་ཐར་གྱི་གནད་རྫོགས་ནི་རེད་གསུངས། བརྩེ་བའི་སྙིང་རྗེ་ཡོད་ན་བྱང་སེམས་ཀྱི་མདོ་མི་འཆོར། ཀུན་ལ་དག་སྣང་ཡོད་ན་གསང་སྔགས་ཀྱི་མདོ་མི་འཆོར། མཆེད་གྲོགས་ལ་བརྩེ་གདུང་མེད་ན་དམ་ཚིག་ཉམས་པའི་གྲིབ་གྱིས་ཉམས་རྟོགས་རྒྱུད་ལ་སྐྱེ་ནི་མ་རེད། ས་ལམ་གྱི་བར་ཆད་དུ་འགྱུར། བླ་མ་ལ་མོས་གུས་མེད་ན་ཡོན་ཏན་སྣ་གཅིག་རྒྱུད་ལ་མི་སྐྱེ་བ་དང་། ཁྱད་པར་འོད་གསལ་རྫོགས་ཆེན་གྱི་ལམ་འདི་ཐོས་པས་མི་རྟོགས། བསྐྱེད་རིམ་ཀྱིས་མི་རྟོགས། བླ་མ་བྱིན་རླབས་ཅན་དང་འཕྲད་ཚེ། དེའི་དགོངས་རྒྱུད་ཀྱི་བྱིན་རླབས་སློབ་མའི་མོས་གུས་ཀྱིས་བསྐུལ་ནས་བདག་རྒྱུད་ལ་འཇུག་དགོས་པས་ཤིན་ཏུ་གལ་ཆེ་ནི་རེད། དེ་ལྟ་བུའི་མན་ངག་གི་ཆིངས་ལྔ་མེད་ན་སྣང་སྟོང་ཟུང་འཇུག་གི་ལྟ་བ་འདི་ཡང་སྤྲང་པོའི་སྤྲང་དབྱུག་འདྲ་འདྲ་ཟིག་ཡིན་ནི་རེད། རྒྱ་འཇམ་གྱིས་སྤྲང་དབྱུག་ཅི་འདྲ་རེད་ཞུས་དུས། ཨ་ལེ། ཁྱོས་སྤྲང་དབྱུག་མི་ཤེས་ནི་ཨེ་ཡིན། སྤྲང་དབྱུག་ལ་མགོ་མེད། རྔ་མ་མེད། ཡལ་ག་མེད། ལོ་མ་མེད། པགས་ཤུན་མེད་ནིའི་སྐྱ་ཤང་ཤང་ཞིག་ཡིན་ནི་བོ་ཨེ་མི་ཤེས་གསུངས། ༈ བདག་མེད་གཉིས་ཀྱི་སྐབས་སུ་ཨོ་ཡ་རྟ་མ་བརྒྱུག་གོང་གི་རྒྱན་ཟིག་འཇོག་དགོས། མདའ་མ་འཕང་གོང་གི་འབེན་ཟིག་འཇོག་དགོས། དེ་དཔེ་རེད། དོན་བོད་ཕྱི་རབས་པ་ཚོས་བདེན་འཛིན་ཉོན་སྒྲིབ་ཏུ་འདོད་པས་འཁོར་རྩ་ཆོས་ཀྱི་བདག་འཛིན་ལ་བྱེད་པ་དང་། གསང་སྔགས་སྔ་འགྱུར་བའི་ལུགས་ལ་འཁོར་རྩ་གང་ཟག་གི་བདག་འཛིན་དུ་འཇོག་པ་གཉིས་ལས་ཕྱི་མའི་དགོངས་པ་ལྟར། ཁམས་གསུམ་འཁོར་བའི་རྩ་བ་ནི་གང་ཟག་གི་བདག་འཛིན་ཡིན། གང་ཟག་གི་བདག་འཛིན་དེ་ལ་བརྟེན་ནས་ལས་དང་ཉོན་མོངས་པ་འབྱུང་། དེ་ལ་བརྟེན་ནས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་འདི་གྲུབ་པ་རེད། རྒྱུ་མཚན་དེས་འཁོར་བའི་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་འབྲས་བུ་སྡུག་བསྔལ་གྱི་ཆ་འདི་ཐད་སོར་སྤང་རྒྱུ་ཆུད་ནི་མ་རེད། དེའི་རྩ་བ་ཀུན་འབྱུང་ལས་དང་ཉོན་མོངས་གཉིས་སྤང་དགོས་ནི་རེད། དེ་གཉིས་ཀྱི་ཕུག་གང་ཟག་གི་བདག་འཛིན་ལ་ཐུག་ཡོད་ནི་རེད། ཡང་ན་བདག་འཛིན་འདི་ལྡོག་ན་ལས་དང་ཉོན་མོངས་པ་གཉིས་ཀ་ལྡོག །འདི་གཉིས་ལྡོག་ན་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་ལྡོག་འགྲོ་བས། གང་ཟག་གི་བདག་འཛིན་འདི་ཆུ་བརྒྱའི་མགོའི་བོ་ཐོ་ནག་རིས་མ་གཅིག་པུ་དེ་ཡིན་ནི་རེད། ཨ་ལེ། ཁ་ནང་དུ་སྐོར་ནས་དེ་ངོས་གཅིག་ཟིན་དགོས་ནི་རེད། དེ་ངོས་མ་ཟིན་ན་མེད་སྣང་སྟོང་སྣང་ཟིག་གིས་ནི་སྤུ་ཙམ་ཕན་ནི་ཤར་འཛམ་ཐང་རེད་ན། ཨ་ལེ་བདག་འཛིན་ཟེར་རྒྱུ་བོ་དེའི་མིང་ལ་གཅིག་ལྟོས་དང་། བདག་འཛིན་དེ་འཛིན་མཁན་ཞིག་དང་འཛིན་མཁན་དེ་ལ་འཛིན་རྒྱུ་ཞིག་ཡོད་པས་ཟེར་ནི་ཨི་མི་ཡིན། བདག་འཛིན་དེ་འཛིན་རྒྱུའི་ཡུལ་དེ་ལ་གང་ཟག་གི་བདག་ཟེར་ནི་རེད། ངར་འཛིན་དེ་འཛིན་མཁན་ཞིག་དང་། འཛིན་མཁན་དེ་ལ་འཛིན་རྒྱུ་ཞིག་ཡོད་ནི་འི་ཨེ་མི་ཡིན། ངར་འཛིན་དེའི་འཛིན་རྒྱུའི་ཡུལ་དེ་ལ་ང་ཟེར་ནི་རེད། ཨོ་ཡ། དེས་ན་ང་དང་ངར་འཛིན་གྱི་ཁྱད་པར། བདག་དང་བདག་འཛིན་གྱི་ཁྱད་པར་ཕྱེས་ནས་བདག་འཛིན་གྱི་བདག་དེ་མེད་གི་མ་ཟེར་ཡོད་གི་རྫོས།

ངར་འཛིན་གྱི་ཡུལ་གྱི་ང་དེ་མེད་གི་མ་ཟེར་ཡོད་གི་རྫོས། ཡོད་ནས་ངོས་འཛིན་ནི་རེད་མི་མེད་ན་ངོས་འཛིན་རྒྱུ་ཡོད་ནི་མ་རེད། ཁ་ནང་ལ་བསྐོར་ནས་བཙལ་ན་བདག་འཛིན་གྱི་བློ་ཕྱིན་ཅི་ལོག་དེས་ཕུང་པོ་ལ་བདག་ཏུ་བཟུང་ནི་རེད་ཕུང་པོ་དེ་བདག་ཡིན་ནི་མ་རེད། ཨོ་ཡ། ཤེས་ནི་ཚོས་ཕུང་པོ་ལྔ་ཟེར་ན་ཉན་ནི་རེད། མི་ཤེས་ནི་ཚོས་ལུས་ངག་ཡིད་གསུམ་ཟེར་ན་ཉན་གི། འཛིན་ཚུལ་ངར་འཛིན་ཕྱིན་ཅི་ལོག་གི་བློ་དེས་ཕུང་པོ་འདི་ལ་ང་འོ་༼ ཕྱག་གིས་སྐུ་ལ་བརྒྱབ་ནས་མཆན་༽ བདག་གོ་ཞེས་ཆ་ཕྱེ་རྒྱུ་མེད་པའི་རིལ་པོ་གཅིག་བདེན་བྱ་མོ་ནག་མོའི་སྒོ་ང་ལྟ་བུར་འཛིན་ནི་རེད། བདག་འཛིན་ཕྱིན་ཅི་ལོག་འདིས་དུ་མར་འཛིན་ཤེས་ནི་མ་རེད། གཅིག་ཏུ་འཛིན་ནི་རེད། མི་རྟག་པ་དང་མི་བདེན་པར་འཛིན་ཤེས་ནི་མ་རེད། རྟག་པ་དང་བདེན་གྲུབ་ཏུ་འཛིན་ནི་རེད། མདོར་ན་རང་གི་ཕུང་པོ་ལ་དམིགས་ནས། བདག་འཛིན་དང་ངར་འཛིན་གྱི་ཡུལ་གྱི་ང་དེ་དང་བདག་དེ་མདའ་སྔུན་གྱི་འབེན་དང་འདྲ་འདྲ་ཟིག་འཆར་བ་དེ་ལ་ཟེར་ནི་རེད། ཨ་ལེ་བདག་འཛིན་གྱི་ཡུལ་བདག་དེ་ངོས་ཟིན་ན་བདག་འཛིན་དང་ངར་འཛིན་དེ་ངོས་ཟིན་ནི་རེད། བདག་འཛིན་བྱེད་ཀྱི་རྟོག་པ་དེ་ལ་བདག་འཛིན་ཟེར་ནི་རེད། ང་འཛིན་བྱེད་ཀྱི་རྟོག་པ་དེ་ལ་ངར་འཛིན་ཟེར་ནི་རེད། ཨོ་ཡ། དེ་འདྲའི་བདག་དེ་ངོས་བཟུང་ནས་ཆད་རྟག་གཉིས་ཀའི་མཐའ་དང་བྲལ་བར་རྟོགས་ནས་དེའི་ངང་དུ་བཞག་ན་ཡུལ་ཅན་གང་ཟག་གི་བདག་འཛིན་རང་ཤུགས་ལ་ལྡོག་འགྲོ་བ་ལས་ལོགས་སུ་སྤང་དགོས་ནི་མ་རེད། མེ་ཟིག་གཏན་ནས་མེད་ན་དུ་བ་རང་ལོག་ལ་བུད་འགྲོ་ནི་རེད། སྔོན་པོ་ཟིག་གཏན་ནས་མེད་ན་སྔོ་འཛིན་མིག་ཤེས་ཟིག་གཏན་ནས་ཡོད་ནི་མ་རེད། དེ་དཔེ་རེད། དོན་གང་ཟག་གི་བདག་མེད་ཚུལ་ཤེས་ན་བདག་འཛིན་ལྡོག་ཚུལ་དེ་ལྟར་རོ། །རེ་འགའ་རང་གི་རྩག་པ་ཟུར་དུ་བཞག་ནས་འདི་སུས་རྩག་པ་རེད་དྲིས་ཚེ། ངའི་རྩག་པ་རེད་ཟེར་ནས་༼ཕྱག་ཟུར་དུ་བསྐྱངས་ནས་མཆན་༽ཕྱུགས་དང་ཕྱུགས་རྫི་ལྟར་བདག་བྱེད་པའི་ང་དེ་བདག་བྱེད་ཡུལ་ལས་ཟུར་དུ་ཡན་གར་དུ་ཡོད་པ་ལྟ་བུར་བཀར་ནས་འཆར་བ་དེ་ལ་ང་ཡི་བའམ་བདག་གི་བ་ཟེར་ནི་རེད། ཨ་ལེ་རང་གི་སེན་མོ་བཅད་ནས་མདུན་དུ་བཞག་ནས་འདི་ཅི་ཡིན་དྲིས་ཚེ་འདི་ངའི་སེན་མོ་རེད་ཟེར་ནི་རེད། དེ་བཞིན་དུ་སེན་མོ་དེ་རྡུལ་དུ་ཕབ་ནས་རྡུལ་རྣམས་ལྷན་དུ་སྤུང་ནས་བཞག་སྟེ། འདིའི་རྡུལ་འདི་ཅི་ཡིན་དྲིས་ཚེ་འདི་ངའི་སེན་མོའི་རྡུལ་རེད་ཟེར་ནས་ཁྱི་རྒན་གྱིས་གོད་རོ་བསྲུང་བསྲུང་བྱས་ཡོད་པ་འདི་ཚོ་ངོས་ཟིན་དགོས་ནི་རེད། དེ་བཞིན་དུ། མགོ་དང་ལག་པ་སོགས་སུ་ངའི་ཞེས་འཛིན་ནི་རེད། ང་ཡི་བ་དེ་ལ་རང་རྒྱུད་ཀྱིས་བསྡུས་པའི་ང་ཡི་བ་དང་། རང་རྒྱུད་ཀྱིས་མ་བསྡུས་པའི་ང་ཡི་བ་གཉིས་ཡོད་ནི་རེད། བདག་གམ་བདག་འཛིན་དང་ངར་འཛིན་དང་ང་ཡིར་འཛིན་པའི་ཡུལ་དེ་བདག་གམ་ང་དེ་རེད། རེས་འགའ་ཁྱོད་ཐུང་ང་རིང་ཞེས་ལུས་ལ་དམིགས་ནི་རེད། རེས་འགའ་ང་སྐད་སྙན་ཞེས་ངག་ལ་དམིགས། རེས་འགའ་ང་བློ་འཕྲུལ་ཆེ་ཟེར་ནས་སེམས་ལ་དམིགས་ནི་རེད། ཨ་ལེ་ཚོ། འཁོར་བ་ཐོག་མེད་ནས་གང་ཟག་གི་བདག་འཛིན་ལས་ལས་ཉོན་སྡུག་བསྔལ་སོགས་བྱུང་ཚུལ་དཔེར་ན་སྐས་ཀྱི་ཐེམ་པ་འདྲ་འདྲ། མཛོ་རྒན་གྱི་རྭ་ཚིགས་འདྲ་འདྲ་ཞིག་ཡིན་ནི་རེད། ཨོ་ཡ་བདག་འཛིན་ཕྱིན་ལོག་གིས་བཟུང་བ་ལྟར་གྱི་ཡུལ་བདག་གམ་ང་ཞིག་ཡོད་ནི་མ་རེད། དེའི་ཡུལ་ཕུང་པོ་རིལ་པོ་གཅིག་དུ་སྣང་ཡང་གཅིག་མ་རེད། མང་པོ་ཞིག་རེད། ལོས་ཡིན། རགས་པ་ཞིག་ཏུ་ཕྱེ་ནའང་ཕུང་པོ་ལྔ་ཡོད་ནི་རེད། དེའི་ནང་གི་རང་གི་གཟུགས་ཕུང་འདིའང་མགོ་རྐང་ལག་ལྔ། སྐྲ་ཉི་ཁྲི་ཆིག་སྟོང་། བ་སྤུ་བྱེ་བ་ས་ཡ། སོ་སུམ་ཅུ། སེན་མོ་ཉི་ཤུ། དོན་སྣོད་བཅུ་གཉིས། རུས་པའི་དུམ་བུ་སུམ་བརྒྱ་དང་དྲུག་ཅུ་ཡོད་ནི་རེད། འདི་གཅིག་ཅི་འ་ཡིན། དེ་ལྟར་བརྟགས་ཏེ་བཙལ་ན་བདག་འཛིན་གྱི་ཡུལ་གྱི་གང་ཟག་གི་བདག་དེ་བློ་ཕྱིན་ལོག་གི་ངོར་དེ་ལྟར་བཟུང་བ་ལས་མེད་པར་ཤེས་པས་བདག་འཛིན་གཏན་ལ་ཕབ་མི་དགོས་པར་ལྡོག་འགྲོ་བ་ནི་ཁྱེད་ཆ་གས་ཨི་མི་ཤེས། ཁྱེད་ཆ་གའི་ཡ་ཐོད་ན་མིག མགོ་ཟུར་ན་རྣ་བ། ཡ་ཆུང་ནང་ན་སེམས་ཡོད་ན་ལྟོས་ད་ཨེ་མི་རིག །ཁྱེད་ཆ་གའི་མིག་རྒྱལ་འགོང་གི་བཀབ་ཡོད་ནི་མ་རེད་ད། རྣ་བ་བདུད་གི་བཀབ་ཡོད་ནི་མ་རེད་ད། གསུངས། ཨ་ལེ་དེ་འདྲའི་བདག་དང་ང་ཟིག་ཡོད་ན་ཡོད་ཚུལ་ཇི་ལྟར་ཡིན་ཁ་ནང་དུ་ལོག་ནས་བརྟག་དགོས་ནི་རེད། རང་གི་ལུས་ལྟ་བུ་ཡང་ཆ་ཤས་སོ་སོར་ཕྱེས་ནས་གོང་ལྟར་བརྟགས་ན་རྒྱུ་རྐྱེན་དུ་མ་འདུས་པའི་བདག་ཉིད་ལས་སྐྱེས་པའི་རྟག་པ་གཅིག་བདེན་ཇི་ལྟར་ཡོད་ཞིབ་ཏུ་བརྟགས་ནས་ཉིན་བསྒོམ། མཚན་བསམ་བློ་བཏང་ནས་གཏན་ལ་ཕབ་ནས་ང་དང་བདག་དེ་སྣང་ཙམ་མ་གཏོགས་དེ་རིལ་པོ་གཅིག་བདེན་གྱི་ང་དང་ང་ཡི་བ་དང་། བདག་གི་བ་ཞིག་མེད་པར་སྟོང་ཆམ་གྱིས་སོང་བའི་སྟེང་དུ་ལྷོད་དེ་མཉམ་པར་བཞག་ནས་བསྒོམ། ཡང་གོང་བཞིན་གཏན་ལ་ཕབ་ཏེ་ཡང་ཡང་ཉིན་ན་བསྒོམ། མཚན་ན་བསམ་ནས་མཉམ་བཞག་མ་ཚད་རྗེས་ཐོབ་ཏུ་སྣང་སྟོང་ཟུང་འཇུག་ཏུ་བུན་བུན་ཤིག་ཤིག་འཆར་བ་ཟིག་མ་ཡོང་གི་བར་དུ་བསྒོམ་དགོས་ནི་རེད། ཨ་ལེ་ཚོ། འཁོར་བ་ཐོག་མེད་ནས་འཁྱམས་པའི་ང འམ་བདག་དེ་ངོས་བཟུང་ནས་གནད་དེ་སྲོག་རྩ་སྒ་མདའ་ཟིག་མ་བྱས་པར། ང་མེད་ཁྱོད་མེད་ཟིག་དེ། ཡ་ཁ་མ་ཁ་མ་ཟད་ཀྱི་བར་དུ་བཤད་ཀྱང་ང་བདག་གི་འཛིན་པའི་སྤུ་ཟིག་ཆོད་ནི་ཤར་འཛམ་ཐང་རེད་ན། མ་མཐའ་དེ་འདྲ་རེ་མ་ཤེས་ན། ཕུང་པོ་ལྔ་པོ་འདི་འདུས་བྱས་རྒྱུ་རྐྱེན་ལས་སྐྱེས་པ་དང་རྟག་བརྟན་མེད་ཚུལ་རེ་ཤེས་ན་བདག་མེད་གི་ཕྱོགས་ནི་ཉེ་ནི་རེད། གོང་གི་མཉམ་བཞག་ངེས་པའི་ཤེས་རབ་དེ་ལ་སྐབས་འདིའི་ལྟ་བ་ཟེར་ནི་རེད། འོག་གི་སྒྱུ་མའི་དཔེ་བཅུ་འདིར་ཡར་སྦྱར་ཏེ། སྟོང་པ་ལས་སྣང་ཕྱོགས་འཆར་ཚུལ་གོ་བ་ལེན་དགོས། ཆོས་ཀྱི་བདག་དང་བདག་འཛིན་ལ་ཡང་དཔྱད། ཁ་སྤོས་པས་ཆོག་གསུངས། སྣང་སྦྱང་གི་མགོ་རྔ་ཐམས་ཅད་གནད་དེས་བཟུང་ཡོད། གནད་དེ་རྣམས་གཅན་གཟན་གཏུམ་པོས་འཛིན་འཛིན། གདུག་པ་ཀླུས་འཛིན་འཛིན་བྱས་ནས་འཛིན་དགོས་ནི་རེད། ཁྲིད་གསུང་སྐབས་ཡི་གེ་གང་ཡོད་ཀྱི་སྟེང་ནས་གསུངས་ཀྱི་ཡིན་པས་ཉིན་གཅིག་ཁྲིད་སྐབས་སུ། གཅིག་གིས་ཟིན་བྲིས་ཅན་ཞིག་མདུན་དུ་བཞག་ནས་གསུངས་ཚེ། ཨ་ལེ་འདི་ཚོའི་ནང་ན། གཟུང་བ་ཆོས་ཀྱི་བདག །འཛིན་པ་གང་ཟག་གི་བདག་བརྫས་ཡོད་གི། ང་ནི་དཔེ་ཆ་མེད། ཡི་གེ་གང་ཡོད་གི་ཐོག་བཤད་གི་འདུག་ནི་ཡིན། ཨོ་ཡ། ད་ང་འབྲོང་ཡར་སོང་གི་རྗེས་ན་རྣི་ལི་ཁེར་འདུག་རེད། ད་སུ། གནད་ཅང་གོ་ནི་མེད་གི། ཚེས་བཅུ། བན་བཀྲ། ཧོར་བླ་ཕུན་ཚོགས་ཚོས་འདི་འདྲ་བྲིས་མེད་ཨི་གོ། ཕྱིན་ཆད་དཔེ་རེ་ཆུད་ན་ལྟོས། མཁྱེན་སྤྲུལ་གི་སྣང་སྦྱང་འདི་ཞུ་དག་གྱིས་ཞེས་བསྐུལ་ནས་གླིང་སྤྲུལ་ཁྱེད་གཉིས་ཁ་ཐུག་ནས་ཞུ་དག་བྱས་ཡོད། དེ་ཚོའི་ནང་ན་འདི་འདྲ་ཟེར་ཨེ་ཡོད་ལྟོས། འདི་ཁ་བྲལ་བཏང་ནི་འདྲ་འདྲ་ཟིག་ཨེ་རེད་ལྟོས། དེ་ཡིན་ན་གཟུང་བ་ཡིན་ཚད་ལ་ཆོས་ཀྱི་བདག་དང་། འཛིན་པ་ཡིན་ཚད་གང་ཟག་གི་བདག་ལས་མེད་ནི་འདྲ་འདྲ་ཟིག་ཁས་བླང་ཡོད་ནི་རེད། དེ་འཐད་ནི་མ་རེད། གནད་དེ་དག་འཆུག་རུང་ནི་མ་རེད། ༈ མན་ངག་གི་ཆིངས་ཆེན་པོ་ལྔ་དང་ལྡན་པའི་གང་ཟག་ཟིག་གིས་འདི་ཉམས་སུ་ལེན་དགོས་ནི་རེད། ཕྱི་ནང་གསང་བའི་ནམ་མཁའི་སྐབས་སུ་ནམ་མཁའ་མིག་གིས་མ་བོར་ཙམ་གྱིས་ཆོག་ཟེར་གྱི་དེ་ཕྱིའི་བེམ་སྒོག་འདི་མ་རེད། ཨ་ལེ་དམ་ཉམས་ཆ་ག །ཁྱེད་ཆ་གའི་ཡ་ཐོད་ཀའི་མིག་བུད། རྣ་བ་བདུད་གི་བཀབ་ནི་ཨེ་རེད། སྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་སྟེ། ནམ་མཁའ་མིག་གིས་མ་བོར་ཙམ་གྱིས་ཆོག་ཅེས་པའི་སྐབས་སུ། སྒོམ་པའི་ཚེ་ནའམ་དམིགས་པའི་ཚེ་ན་ཞེས་སམ། ལྟ་བའི་ཚེ་ན་ཞེས་པའི་ཚིག་གི་ནུས་པས་ནམ་ཞིག་མི་བསྒོམ་པའི་དུས་ཞིག་ཡོད་པ་ཤུགས་ལ་བསྟན་ནི་རེད། དེ་གསང་བའི་ནམ་མཁའི་སྟེང་དུ་འཁྱེར་དགོས་ནི་རེད། དཔལ་ཡུལ་བ་ལ་སོགས་པས་ཤིང་མཆུ་རྡོ་ལི་ལྷ་སྐུ་ཡིག་འབྲུ་སོགས་ལ་དམིགས་རྟེན་བྱེད་པར་འདུག་ཀྱང་། དེ་ཚོ་རྒྱལ་བའི་བཀའ་ན་གསུངས་ཡོད་པས་མིན་ཟེར་རྒྱུ་ཡོད་ནི་མ་རེད། ཨ་ལེ། ངའི་དམིགས་རྟེན་འདི་གཞན་དང་མི་འདྲ། ནམ་མཁའ་འདི་རྒྱ་ཆེ་ཁྱོན་ཡངས་མཐའ་དབུས་སྟེང་འོག་ཕྱོགས་མཚམས་སོགས་མེད་པར་སྣོད་བཅུད་ཐམས་ཅད་ལ་ཁྱབ་ཡོད་པས་ན་གཞན་ཐོགས་བཅས་ཀྱི་དམིགས་རྟེན་ཟིག་དང་འདྲ་ནི་མ་རེད། རྡོ་ལི་ཤིང་མཆུ་སོགས་ལ་གཏད་ན། བར་གཅིག་ན་འགུལ་ཚོ་ཨི་མི་ཡོང་། ཨ་ལེ། རྐྱེན་གསུམ་དང་བྲལ་བའི་ནམ་མཁའ་ཟིག་དགོས་ནི་རེད། རྐྱེན་གསུམ་ནི་ཉིན་མོའི་ཉི་འོད་དམར་པོ། མཚན་མོའི་ཟླ་འོད་སྐྱ་བོ། ཉེར་དགུ་གནམ་སྟོང་སོགས་ལ་མཚན་མོ་མུན་པ་ནག་པོ་སྟེ་གསུམ་ལ་ཟེར་ནི་རེད། དེ་གསུམ་དང་བྲལ་བ་ཟིག་ཡོད་གསུངས་ཟིག ཡོད་ནི་ཨི་མི་ཡིན། དེ་འདྲའི་རྐྱེན་གསུམ་བྲལ་ཟིག་ཅང་རིག་རྒྱུ་ནི་མེད་གི མེད་ནི་ཨོའི་རེད། ཨོ་ཡ་དེ་འདྲའི་རྐྱེན་གསུམ་བྲལ་གྱི་ནམ་མཁའ་སྟེང་གི་སྔོན་པོ་དེ་ལ་གོ་ནི་མ་རེད། བར་སྣང་སྟོང་པ་གོ་སྐབས་ཕྱེ་བ། རྡུལ་དུ་གྲུབ་པའི་བེམ་པོས་སྟོང་པ། གསལ་ཞིང་རིག་པ་ཤེས་པས་སྟོང་པ། དེ་ལ་ངོས་འཛིན་ནི་རེད། ཨོ་ཡ། དེ་འདྲའི་རྐྱེན་གསུམ་བྲལ་གྱི་ཕྱིའི་ནམ་མཁའ་དེ་ལ་ནང་གི་སེམས་དེ་མདུང་ཚུགས་སུ་ལུས་ངག་ཡིད་གསུམ་འཇུག་པ་གཅིག་དྲིལ་གྱི་ཆེད་དུ་གཏད་ནས་བསྒོམ་དགོས་གསུངས། ཅི་ཙམ་ལ་གཏད་དགོས་པའི་ཚད་ནི་རང་གི་ཁམས་ཀྱིས་ཤེས་དགོས། ནམ་མཁའི་ཁམས་ཅན་ལ་ཡང་ཡང་གཏད་ཀྱང་ཞིག་སོང་ནས་གཏད་རྒྱུ་མེད་པ་རྒྱ་གར་དུ་ཨིནྡྲ་བྷོ་དྷི་དང་། བོད་དུ་ཡང་དེ་དང་ཕྱོགས་འདྲའི་ནམ་མཁའི་ཁམས་ཅན་ཡོད་ཀྱང་དཀོན་གསུངས། རླུང་ཁམས་པས་གཏད་ཆེ་ན་སྨྱོ་འོང་བ་དང་། ཆུ་ཁམས་གསལ་ཉམས་དང་། མེ་ཁམས་ལ་འཕེལ་འགྲིབ་འགྱུར་ལྡོག་མ་ངེས་པ་འབྱུང་བ་དང་། ས་ཁམས་པ་སྲ་འཐས་ལྟར་བརྟན་པ་ཡིན་པ། ཁམས་ཀྱི་དབང་གིས་རང་གི་ཉམས་མྱོང་ལ་དཔག་པ་མ་གཏོགས་མཐའ་གཅིག་ཏུ་འདི་ཙམ་ལ་ཕྱིའི་ནམ་མཁའ་ལ་དམིགས་རྟེན་བཟུང་དགོས་ཟེར་ཐག་མི་ཆོད། དེ་ལྟར་བློ་མིག་སེམས་གསུམ་འཇུག་པ་གཅིག་དྲིལ་བྱས་ནས། ཕྱིའི་ནམ་མཁའ་ལ་མདུང་ཚུགས་སུ་གཏད་ནས་རིམ་བཞིན་འཛིན་སྟ ངས་ཀྱི་རྩོལ་བ་ཇེ་ལྷོད་དུ་རིམ་གྱིས་བཏང་ནས་ཕྱི་ཡི་ནམ་མཁའ་ལ་བརྟེན་ནས་ནང་གི་ནམ་མཁའ་སེམས་ཉིད་སྟོང་གསལ་མཐའ་དབུས་སྤྲོས་པ་དང་བྲལ་བ་མངོན་དུ་གྱུར་པ་ན་ནང་གི་ནམ་མཁའ་ཟེར་ནི་རེད། དེའི་ཚེ་ཕྱི་ནང་གི་ནམ་མཁའ་མངོན་དུ་གྱུར། ཕྱིའི་ནམ་མཁའ་དབྱིངས་སུ་དག །ནང་གི་ནམ་འཛིན་གྱི་བློ་བོར་ནས། འདས་པ་སྔོན་བསུ། མ་འོངས་རྗེས་གཅོད། ད་ལྟའི་ཕྱི་ནང་གི་མཚན་འཛིན་ཇི་སྙེད་ཤར་བ་དེ་དག་བྱ་མ་རྗེས་སུ་བུ་ཁྲིད་པ་ལྟ་བུ་དང་། གཉེན་པོས་འབུར་འཇོམས། དྲན་པས་རྗེས་སླེབས། ཐོད་སྐྱེས་རྦད་ཆོད་ཀྱིས་སྐྱོན་གསུམ་དང་བྲལ་བར་དུས་གསུམ་ཡིད་ཀྱི་རྟོག་ཚོགས་གང་དུ་ཇི་སྙེད་ཤར་བ་དེ་དག་ཐམས་ཅད་ཤར་གྲོལ་འགག་མེད་དུ་སོང་ནས་བག་ཆགས་བསོག་ལོང་མེད་པར་སྦྲུལ་གྱི་མདུད་པ་ཞིག་པ་ལྟར་གྲོལ་ནས་ཉམས་ཞེན་གྱི་ཤུན་པ་ལ་ཁའི་ན་བུན་བཞིན་དུ་ཡལ། དུས་གསུམ་ཡིད་ཀྱི་མཚན་རྟོག་བསེ་ལུང་ལྕགས་ཀྱི་རྒྱ་མདུད་བཞིན་ཏུ་འཐོར་ནས་ཤར་གྲོལ་དུ་སོང་བ་ལ་གྲོལ་བ་ཟེར་ནི་རེད། ཤར་གྲོལ་མཚན་ཉིད་པ་གསང་བའི་ནམ་མཁའི་སྐབས་སུ་འོང་རྒྱུ་ཡིན་ཀྱང་འདི་ནས་ཤར་གྲོལ་གྱི་མགོ་ཚུགས་ཤིང་ཁྲེགས་ཆོད་ཀྱི་ཚོགས་ལམ་ཆུང་ངུ་ཙམ་རེ་ཨི་མི་ཡིན། ཁྲེགས་ཆོད་ཀྱི་ལམ་ནི་ཤར་གྲོལ་གྱི་སྟེང་ནས་འཇོག །ཐོད་རྒལ་གྱི་ལམ་ནི་སྣང་བ་བཞིའི་སྟེང་ནས་འཇོག་དགོས་པས་ལམ་སྣེ་རེ་ཟིན་ནི་རེད། ནང་གི་ནམ་མཁའི་སྟེང་དུ་བཞག་ཀྱང་ཕྱིའི་ནམ་མཁའ་ལ་གཏད་ཡོད་པའི་རྟགས་སུ་དུས་གསུམ་གྱི་རྟོག་ཚོགས་འགྱུ་བར་བྱེད་ཀྱི་ཡོད་ནི་མ་རེད། དེ་མེད་ན་གྲོལ་ཆ་མེད་པའི་གནས་ཆ་ཙམ་ལས་ཡོད་ནི་མ་རེད། ཕྱིའི་ནམ་མཁའི་སྐབས་སུ་རྩེ་གཅིག་གི་དྲན་པ་སྤང་ལ་བེ་ཕུར་བཏབ་པ་ལྟ་བུ་རེད། ནང་གི་ནམ་མཁའི་དུས་མཉམ་བཞག་གི་ངང་བརྗེད་ན་དེའི་སྟེང་དུ་འཇོག་བྱེད་ལ་གཉུག་མའི་དྲན་པ་ཟེར་ནི་རེད། དེས་དྲན་ཙམ་ནས་དྲན་མཁན་རང་ཡལ་དུ་འགྲོ་དགོས་ནི་རེད། དེ་རང་ཡལ་དུ་དྭངས་ནུས་ན་དྲན་པ་ཡང་ཡང་འདྲེན་ན་བཟང་ནི་རེད། དཔེར་ན་མེ་དཔུང་ཆེན་པོའི་ནང་དུ་རྩྭ་སྦུར་འཕང་ནི་འདྲ་འདྲ་ཟིག་ཡིན་ནི་རེད། ཨ་ལེ་ཁ་ནང་དུ་བསྐོར་ནས་དྲན་པ་བཤིགས་ཏེ་རང་དྭངས་ལ་འགྲོ་མ་ནུས་ན་དྲན་པའི་ལྕགས་མཁར་དུ་ཚུད་འགྲོ་ནི་རེད། དེ་ཚུད་སོང་ན་སྒོམ་ཆེན་བརྒྱ། གྲུབ་པ་སྟོང་གིས་ཀྱང་བཤིག་རྒྱུ་ཆུད་ནི་མ་རེད། ཨ་སྐྱབས་བདེ་ལེགས་འདྲ་འདྲ་ཟིག་ཡིན་གྱི་བོ་རེད། ནམ་འཛིན་གྱི་བློ་མ་བོར་ན་གནས་ཆ་ཡོད་ཀྱང་གྲོལ་ཆ་ཡོད་ནི་མ་རེད། གྲོལ་ཆ་མེད་སྐྱད་གྲོལ་རྒྱུ་ཤར་ཆ་མེད་ནི་རེད། དུས་གསུམ་གྱི་ཤར་ཆ་འཆར་བཅུག་དགོས། མ་ཤར་ན་གྲོལ་རྒྱུ་མེད་པས་ཤར་གྲོལ་གྱི་ལྷག་མཐོང་མི་འོང་ནི་རེད། དེ་ལྟར་ཤར་གྲོལ་དུ་སོང་བའི་ཆ་ནས་ལྷག་མཐོང་དང་། སེམས་གནས་པའི་ཆ་ནས་ཞི་གནས་སུ་བཞག་རྒྱུ་འདི་ངའི་ལུགས་ཡིན། ཞི་གནས་སྔོན་དུ་བསྒྲུབས་ནས་ལྷག་མཐོང་གཟོད་བསྒོམ་དང་། ལྷག་མཐོང་སྔོན་ལ་བསྒོམས་ནས་ཞི་གནས་རྗེས་སུ་བསྒྲུབ་རྒྱུ་དེ་ཚོ་ཨ་ལེ་ངའི་ལུགས་མ་རེད་གསུངས། དེ་ལྟར་ན་ཤར་གྲོལ་གྱི་མགོ་ཚུགས་པའི་ལམ་རྒྱུད་ལྡན་གྱི་གང་ཟག་དེས་ལོང་བས་གླང་རྔ་འཛིན་འཛིན་བྱས་ནས་གསང་བའི་ནམ་མཁར་གཏུག་དགོས། ནང་གི་ནམ་མཁའི་སྟེང་དུ་ས་མ་ཟིན། གྲོལ་ཆ་མ་ཐོབ་ན་དབང་ཤེས་རྟོག་མེད་ཁ་ཕྱིར་ལྟ་རེད། མིག་གི་དབང་པོ། དབང་པོ་གཞན་ལས་རྒྱུ་ཤིན་ཏུ་དྭངས་ནི་རེད། མིག་ཤེས་དབང་ཤེས་གཞན་ལས་ཁྱབ་རྒྱ་ཆེ་ནི་རེད། དེ་ལ་ཕྱིའི་བར་སྣང་སྐྱ་སེང་ངེ་བ་འདི་ཤར་ནས་དེ་གཉིས་འདྲེས་སོང་ནི་འདྲ་འདྲ་ཧང་དུང་ངེ་དེ་ནི་ནམ་མཁའི་རྣམ་པ་མིག་ལམ་དུ་ཤར་བ་ལ་ལམ་བྱེད་ནི་རེད། འདི་ལ་གོལ་ན་ཆོས་ཉིད་ཀྱི་གཤིས་ལུགས་ལ་རྒྱབ་གཏད་ནི་རེད། གཅིན་གཏང་ན་ལྷྭམ་ཡུའི་ནང་དུ་ཤོར་ནི་རེད། ཨ་ལེ་འདི་གོལ་ས་ཟིག་ཡིན་ནི་ཤར་འཛམ་ཐང་མ་རེད་ན། སྒེའུ་ལི་དཔལ་ལྡན་གྱིས་འདི་བསྒོམས་ན་གང་དུ་སྐྱེ་ལགས་ཞུས་ཚེ། ཆིངས་ལྔ་དང་བྲལ་བའི་གོལ་ས་འདིས། མཐོ་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་པ་དང་། འབྲིང་ན་ལྷ་ཚེ་རིང་པོར་འཕེན་སྤྱད་རེ་ཡིན་ཐང་། ཆོས་ཐམས་ཅད་ནམ་མཁའ་ལྟར་མཐའ་ཡས་སོ་སྙམ་དུ་སྒོམ་པ་དང་ཕྱོགས་འདྲ་ནི་རེད། ཨ་ལེ་ཡང་ན་དྲན་པ་བྱ་རོག་གི་སོ་བ་འདྲ་བ་དེས་དྭངས་ཆ་སྒྲིབ་པའི་བྱིང་བ་དང་། གསལ་ཆ་སྒྲིབ་པའི་རྨུག་པ་གཉིས་འདྲེས་ནས་བསྒོམས་པས་བྱི་བ་སོགས་དུད་འགྲོ་ལ་སྐྱེ་ནི་རེད། ཨ་ལེ་དེས་ནི་ནང་གི་ནམ་མཁའི་སྟེང་དུ་ཕྱོགས་ཙམ་ཉེ་ནི་མ་རེད། འདིས་ངར་འཛིན་དང་ཉོན་ཡིད་གཉིས་ཁོག་ཡོད་ནི་མ་རེད། ཚོགས་དྲུག་གི་རྟོག་པ་ཨི་ཟིག་ཁོག་ལོས་ཡོད། ནང་གི་ནམ་མཁའི་སྟེང་དུ་བཞག་ཀྱང་ཕྱིའི་ནམ་མཁར་གཏད་ནས་གོལ་ཡོད་པ་ཡིན་མིན་བརྟགས་ན། ཕྱི་རུ་ཁ་ཆར་བུ་ཡུག་འཚུབ་དུས་སོགས་ལ་སྒོ་སྐར་ཁུང་རྣམས་འདན། ཞྭ་གྱོན་མིག་བཙུམ་ནས་བསྒོམ་ན་སྒོམ་མི་ཐུབ་པར་བཀྱིག་བཞག་ཡོད་ནི་འདྲ་འདྲ་ཞིག་དང་གཉིད་དུབ་འགྲོ་བ་ཡིན་ནི་རེད། ཡང་རེ་འགའ་རི་ཆེན་པོའི་རྩེ་ནས་ནམ་མཁའ་དྭངས་པའི་དཀྱིལ་དུ་བལྟས་ནས་བསྒོམ་ན་ཤིན་ཏུ་དྭངས་པའང་ཡོང་རྒྱུ་དེ་གོལ་ས་ཡིན་པའི་རྟགས་རེད། དེ་དུས་ཁ་ནང་དུ་སྐོར་མིག་བཙུམ་ནས་འོད་གསལ་ནང་ནས་ཨི་འཆར་བལྟ་དགོས། ནུབ་མོ་ཉལ་དུས། སྒོ་སྐར་རྣམས་འདན་མལ་སར་ཉལ་ཏེ་སྐྲག་ཡོང་སྐྱད་མགོ་བཏུམ། མིག་བཙུམ་ནས་གཉིད་དུས་འོད་གསལ་འཆར་འོང་རྒྱུ་དེ་ཕྱི་ན་མེད་ནིའི་རྟགས་རེད། ནང་གི་ནམ་མཁའ་ལ་མཉམ་པར་བཞག་དུས་རྟོག་བཅས་ཡིད་ཀྱི་ཤེས་པ་གཙོ་བོ་དང་ཉོན་ཡིད་གཉིས་མི་འཆར་ཤར་ནའང་དྭངས་འགྲོ་ནི་རེད། དེ་ལོས་འགྲོ། རྒད་པོ་ཞིག་གིས་མལ་གསོས་ནའང་འགག་གི་ནི། ཀུན་གཞི་དང་ཀུན་གཞིའི་རྣམ་ཤེས་གཉིས་ཀ་སད་སྟོན་དགོས། གཏོར་སྟོན་དགོས། སྒོ་ལྔའི་ཤེས་པ་ལྔ་དུས་གཅིག་ལ་འགག་མེད་དུ་ཤར། ཤར་ཀྱང་ཡུལ་ཐོག་ཏུ་མི་ཤར་བར་སྒོ་ལྔ་ཆ་མཉམ་ལྷུ་མི་འཐོར་བ་ཞིག་དགོས། ལྷུ་འཐོར་ནས་ཡུལ་ཐོག་ཏུ་འབྲ ང་དུས་ཡང་ན་མིག་ཤེས་གཟུགས་ལ་གཏད་དུས་གཟུགས་མཐོང་ཡོང་། ཡང་རྣ་ཤེས་སོགས་འགག་མེད་དུ་ཡོད་པའི་རྟགས་སུ་སྒྲ་སོགས་ཡུལ་ལྔ་འགག་མེད་དུ་ཤར་ནི་རེད། སྒོ་ལྔའི་རྣམ་ཤེས་དྭངས་སང་འདི་རྟོག་མེད་ཡིན་པས་ལས་བསགས་ནི་མ་རེད། དེ་བཀག་དགོས་ནི་མ་རེད། མིག་གི་རྣམ་པར་ཤེས་པའི་རང་བཞིན་དེ་གསལ་རིག་ཞིག་རེད། ཡུལ་མི་གསལ་བ་གསལ་བས་གསལ་བ། ཡུལ་རྣམ་པར་ཤེས་པས་ནི་རྣམ་ཤེས། ཡུལ་རྣམ་པར་རྟོག་པས་རྣམ་རྟོག་ཟེར་ནི་རེད། གསལ་རིག་ཟེར་རྒྱུ་དེ་གསལ་མོ་མཆོད་མེ་བལྟམས་ནི་འདྲ་འདྲ་ཞིག་ཡིན་ནི་མ་རེད། སྤྱིར་ཤེས་པ་འདི་དག་འོད་གསལ་གྱི་ཆ་ལས་ཤར་བ་སེང་གེ་དཀར་མོའི་བུ་འདྲ་འདྲ་ཟིག་ཡིན་ནི་རེད། མིག་གི་རྣམ་པར་ཤེས་པ་ལྟ་བུ་རེ་ལའང་། ཤེས་ཆ་ཟིག་སྟོང་ཆ་ཟིག །ཟུང་འཇུག་གི་ཆ་གསུམ་རེ་ཕྱེ་རྒྱུ་ཡོད། མིག་ཤེས་དེ་མཁྱེན་པའི་ཡེ་ཤེས་ལ་ཤར་བའི་རྟགས་སུ་ཤེས་ཆ་ཟིག་ཡོད་ནི་རེད། ཡེ་ཤེས་དེ་དབྱིངས་ལས་ཤར་བའི་རྟགས་སུ་སྟོང་ཆ་ཟིག་ཡོད་ནི་རེད། འཆར་གཞི་དབྱིངས་ཡེ་ཟུང་འཇུག་དུ་ཡོད་པའི་རྟགས་སུ་མིག་གི་ཤེས་པའང་སྣང་སྟོང་ཟུང་འཇུག་ཏུ་ཤར་ནི་རེད། མིག་གི་རྣམ་ཤེས་ཤར་ནས་སྣང་ན་མི་སྟོང་ནི་ཟིག་དང་། སྟོང་ན་མི་སྣང་ནི་ཟིག་ཡོད་ནི་མ་རེད། གསལ་རིག་གི་ཆ་དེ་ཡབ་རེད། དབྱིངས་ཀྱི་ཆ་དེ་ཡུམ་རེད། སྣང་སྟོང་གཉིས་ཀྱི་ཟླས་ཕྱེ་ན་གསལ་བའི་ཆ་ཐབས། སྟོང་པའི་ཆ་ཤེས་རབ་རེད། འདི་དགག་འདུག་ཅི་དགོས། སྒོ་ལྔའི་རྣམ་ཤེས་འདི་འཆར་ཀ་བཞག་ན་གྲོལ་དགོས་ནི་མ་རེད། འོ་ན། ཡིད་ཤེས་དང་ཉོན་ཡིད་གཉིས་ཀའང་འཆར་ཁ་བཞག་ན་སེང་གེའི་བུ་དང་འདྲ་ནས་གྲོལ་ཨེ་དགོས་ཟེར་ན། དེ་གཉིས་རྐྱེན་ལོག་པ་དང་འཕྲད་དུས་འཁོར་བར་འཕེན་པའི་ལས་བསགས་ནི་འི་གྲོལ་དགོས་ནི་རེད། ལ་ལས་ཁོའི་དུས་གསུམ་གྱི་རྟོག་པ་མེད་ཤུལ་ན་ཤེས་པ་དྭངས་གསལ་ཞིག་ཡོད་གི་དེ་རིག་པ་རེད་ཤར་འཛམ་ཐང་མི་ཟེར་གི་ན། ཨ་ཁ། ཐང་ང་རྒྱག་གྱི་བོ། དེའི་ཤུལ་ན་རྣམ་རྟོག་གཅིག་གི་མི་ཚད་ལྔ་ཡོད་ནི་རེད། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་ང་ཐོན་ན་དྲུག་ཡོད་ནི་རེད། སྒོ་ལྔའི་རྣམ་ཤེས་དེ་ནམ་འགག་ན། ཤི་དུས། གཉིད་དུས། བརྒྱལ་དུས་སོགས་སེམས་མེད་པའི་གནས་སྐབས་ལྔ་ལ་འགགས་ནི་རེད། དེ་མ་གཏོགས་པའི། ཆོས་ཉིད་ཟད་པའི་དུས་སུའང་འགག་མེད་དུ་ཤར་ཡོད་ནི་རེད། ཨ་ལེ་ཆོས་ཉིད་ཟད་པའི་དུས་ན་སྒོ་ལྔའི་ཤེས་པ་མེད་ནི་ཟིག་ཨོའི་ཡོད་གསུངས། དེ་ལྟར་ནང་གི་ནམ་མཁར་སེམས་ཉིད་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཉམས་དེ་ཤར་འོང་དུས་དེར་ཡང་འདྲེས་ཤིང་གོམས་ན་ཀློང་དུ་གྱུར་ཚེ་དྭངས་བའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་དུ་ཡུལ་ལྔ་པོ་དུས་གཅིག་ལ་ཚུར་དབང་ཤེས་ཀྱི་ངོར་ཤར་ཡོང་ནི་རེད། མེ་ལོང་ནང་གི་གཟུགས་བརྙན་དང་། རྒྱ་མཚོའི་གཟའ་སྐར་རྣམས་ཚུར་མེ་ལོང་དང་རྒྱ་མཚོའི་ནང་དུ་ཤར་ནི་རེད། ཕར་མེ་ལོང་རྒྱ་མཚོ། གཟུགས་བརྙན་གཟའ་སྐར་གྱི་ངོས་ལ་ཤར་ནི་མ་རེད། དེ་ལྟར་ཡུལ་ལྔ་དུས་ཅིག་ཆར་དུ་ཚུར་ལ་འཆར་་འོང་བ་ནི་འཆར་གཞིའི་འོད་གསལ་དང་། ཐག་ཉེ་བའི་གནད་ཀྱིས་ཤར་འཛམ་ཐང་མ་རེད་ན། ཨ་ལེ་དེ་དང་བར་ན་རྣམ་ཤེས་ཚོགས་བདུན་ལས་བརྒལ་ཚར་བས་ཀུན་གཞི་ལས་ཡོད་ནི་མ་རེད། སྒོ་ལྔ་ཆ་མཉམ་ལྷུ་མ་འཐོར་ན་ཉོན་ཡིད་དང་། ཡིད་ཤེས་རྒྱ་མཚོ་ཆེན་པོ་གཉིས་མགོ་འབུར་བ་ལྟ་བུ་རེ་ཤར་ཡང་རང་ཞིར་བུད་འགྲོ་ནི་རེད། དེ་དུས་དྭངས་སེང་ངེ་བའི་ཤེས་པ་དེ་སྒོ་ལྔ་རེད། ཡིད་དང་ཉོན་ཡིད་ཀྱིས་གོས་ནི་མ་རེད། སངས་རྒྱས་ཐུགས་རྗེ་ཅན་གྱིས་རྟོག་པ་མི་མངའ་བའི་ཚུལ་གྱིས་དུས་གསུམ་ཆགས་ཐོགས་མེད་པར་མཁྱེན་ཚུལ་ཡང་འདི་ཡར་ལ་བཟང་སོང་ནི་རེད། འདི་ཕར་ཕར་སྒོམ་ན་འདིའི་སྟེང་ནས་བསྒོམ་པ་རྒྱ་མཚོ་ཅོག་བཞག་ཀྱང་བཞག་འོང་ཆོག་ནི་རེད། སྒོ་ལྔ་ཆ་མཉམ་ལྷུ་མ་འཐོར་བར་བཞག་ན་གནད་ཐམས་ཅད་དེ་ལ་ཚང་ཡོད། འཇོག་ཚུལ་འདི་གྲུབ་ཆེན་ཤ་བ་རི་པ་དང་ས་ར་ཧ་པ་སོགས་ཀྱིས། སེམས་མེད་བུ་ཆུང་ལྟ་བུར་བཞག ། ཅེས་བུ་ཆུང་ལྕོགས་༼གཅག་༽ ར་ནང་ན་ཡོད་པ་ལ་ཉོན་ཡིད་འཆར་ནི་མ་རེད། སྒོ་ལྔ་འགག་མེད་དུ་དུས་གཅིག་ལ་ཤར་བ་དེ་དཔེ་བྱས་ནི་རེད། རྫོགས་ཆེན་བཀའ་གཏེར་གཉིས་ཀྱི་ལུགས་ལ། ལས་དང་པོ་པས་གནད་དེ་ངོས་ཟིན་རྒྱུ་གལ་ཆེ་གསུངས། སྒོ་ལྔ་འགག་མེད་དུ་ཤར་ལུགས་ཐོས་གྲོལ་དབང་བཤད་དུ་ཡོད། ཁྱེད་ཆ་གས་ལོས་ཤེས། ཨ་ལེ། མིག་གི་རྣམ་པར་ཤེས་པ་གཟུགས་འགག་མེད་དུ་སོགས་གསུངས་པ་ལྟར་རེད། དེའི་སྟེང་ནས་མན་ངག་གི་ཆིངས་ལྔ་དང་ལྡན་པས་ཉམས་སུ་བླངས་ན་ལམ་ཡང་དག་པ་རེད། ད་དུང་གཞིའི་དྲི་མ་ཙམ་བྲོ་ནི་ཤར་འཛམ་ཐང་རེད་ན། དེ་ལྟ་བུའི་ནང་གི་ནམ་མཁའི་ངང་དུ་མཉམ་པར་བཞག་ནས། རབ་གི་སྔ་དྲོ་ཕྱི་འཕྲེད། མིན་ན་ད། ཇ་བར་ཤག་ཤག་ཞིག་ལ་བཞག་ན་ཁ་ཉན་དུས་གཟོད་ཤན་འབྱེད་རྣམས་ཕུད་ནས་ངོ་སྤྲད་དགོས་ནི་རེད། དེ་མ་ཐུག་གི་བར་དུ་ཁབ་མིག་ཞིག་གི་ནང་དུ་གཡག་ཟིག་མ་ཚད་ལུག་ཟིག་བཤའ་ས་ཡོད་ནི་མ་རེད། དེའི་སྟེང་ང་ཤན་ཕྱེ་རྒྱུ་ལག་ནི་མ་རེད། གསང་བའི་ནམ་མཁའ་ནི་གཞི་སྐུ་གསུམ་འདུ་འབྲལ་མེད་པར་བཞུགས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་འཆར་གཞི་རེད། རྒྱུའི་སྟེང་ན་མེད་པའི་འབྲས་བུ་ཞིག་ཡོད་ནི་མ་རེད། ཨ་ལེ། གཞི་ནམ་མཁའ་དེ་བདག་འཛིན་གཉིས་ཀྱིས་བསྒྲིབས་སོང་ནི་རེད། དེའི་སྟེང་ན་བྱིང་རྨུག་འཐིབ་གསུམ་སོགས་ཀྱང་། གཉིག་སྐྲང་སྟེང་ན་ཁུ་ཚུར་རེད། རང་གི་སྙིང་ཁ་ན་བཞུགས་པའི་གཞི། སྐུ་གསུམ་འདུ་འབྲལ་མེད་པའི་འོད་གསལ་དེ་བླ་མའི་མན་ངག་གི་ཤན་འབྱེད་ལ་བརྟེན་ནས་སད་དགོས་ནི་རེད། དེ་སད་ན་ཕྱི་ནང་གསང་བའི་ནམ་མཁའ་གསུམ་མངོན་དུ་གྱུར། ཕྱི་ནང་གི་ནམ་མཁའ་གཉིས་དབྱིངས་སུ་དག །ནམ་འཛིན་གྱི་བློ་དང་བྲལ་ནི་རེད། ཡིད་དང་ཤེས་རབ་ཀྱི་ཤན་འབྱེད་ལ། ཡིད་ནི་གཙོ་སེམས་ཡིད་ཀྱི་ཤེས་པ་འཁོར་བའི་སེམས་བྱུང་ཤེས་རབ་དེ་ལ་ཟེར་ནི་རེད། འཕགས་པའི་མཉམ་བཞག་ལ་ཐུག་གི་བར་དུ་ཤེས་རབ་འདི་ལ་བརྟེན་ནས་བསྒོམ་ནི་རེད། དེ་དབྱེ་ན་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གསུམ་ཡོད། སྒོམ་པའི་ཤེས་རབ་མཚན་ཉིད་པ་མེད། དོན་སྤྱིའི་སྒོ་ནས་སྒོམ་ཚུལ་ཡོད། དེ་འདྲའི་ཤེས་རབ་དེ་ལ་དགག་རྟོག་སྒྲུབ་རྟོག་གཉིས་ཡོད། མངོན་རྗེས་གཉིས་ལས་རྗེས་དཔག་ཡིན། དགག་རྟོག་མེད་དགག་འཛིན་པའི་རྟོག་པ་དང་། སྒྲུབ་རྟོག་མ་ཡིན་དགག་འཛིན་པའི་རྟོག་པ་ལ་ཟེར། འཕགས་པའི་མཉམ་བཞག་གི་དུས་སུ། གཙུབ་ཤིང་གཙུབ་སྟན་གྱི་དཔེ་ལྟར་ཤེས་རབ་འདི་དགག་ནི་རེད། བློ་དང་རིག་པ་བཟང་ངན་ཤེས་རབ་འདི་མཆོག་དམན་ཡོད་པས་ཟེར། འདི་ལ་ཡིད་ཟེར་བའི་དོན། ཡིད་ཤེས་དེའི་འཁོར་གྱི་ཤེས་རབ་དེའི་རྣམ་ལྡན་དུ་ཡིད་ཤེས་དེ་སྐྱེ་ནུས་པའི་ཕྱིར་ཡིད་ཟེར་ནི་རེད། ཆོས་ཉིད་མངོན་སུམ་རྟོགས་པའི་ཤེས་རབ་ནི་འོད་གསལ་ཡེ་ཤེས་ཀྱི་རང་རྩལ་ལས་ཤར་ནི་རེད། མདོ་ལྟར་ན་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་རྩལ་ལས་དང་། སྔགས་ལྟར་ན་དོན་གྱི་འོད་གསལ་ལས་ཤར་བའི་ཤེས་རབ་རེད། འཕགས་པའི་མཉམ་བཞག་ལས་ལྡང་བའི་རྗེས་ཐོབ་ཡེ་ཤེས་སྔར་གྱི་ཤེས་རབ་རྗེས་དཔག་གི་ཕྱོགས་སུ་བསྡུ་གསུངས། ཤེས་རྒྱུད་འདི་དུམ་བུ་གཉིས་སུ་ཕྱེ་ན་ཁ་ཡེས་མ་རེད། སེམས་ལ་རྟོག་བཅས་ཡིད་ཀྱི་རྣམ་ཤེས། རྟོག་མེད་སྒོ་ལྔའི་རྣམ་ཤེས། ཤིན་དུ་རྟོགས་མེད་ཀུན་གཞིའི་རྣམ་ཤེས། ཚོགས་བརྒྱད་སེམས་བྱུང་དང་བཅས་པ་ཡོད། སེམས་བྱུང་ཚོ་ཞིབ་པར་མ་ཤེས་རུང་ཚོགས་བརྒྱད་ཀྱི་རྟོག་པ་ཤར་དུས་འདི་རེད་བསམ་ནས་ངོས་འཛིན་རྒྱུ་ཆུད་དགོས། དེ་ཆུད་ན་སེམས་ཁ་ཡེས་ཤེས་ནི་རེད། སྒོ་ལྔའི་རྣམ་ཤེས་ནི་གཟུགས་མཐོང་མཁན། སྒྲ་ཚོར་མཁན། དྲི་སྣོམ་མཁན། རོ་མྱོང་མཁན། ལུས་ཀྱི་རེག་བྱ་འཁྱག་མི་འཁྱག་མྱོང་མཁན་ཙམ་ཞིག་རེད། དེ་ཕན་ཡུལ་རྟོག་དཔྱོད་མི་ཤེས་ནི་རེད། ཐ་ན་ཐོས་གྲོལ་གྱིས་ཤེས། གཟུགས་མཛེས་མི་མཛེས་སོགས་རྟོག་མཁན་ཡིད་ཤེས་དང་ཆགས་སོགས་ཀྱི་ངོ་བོར་སྐྱེ་མཁན་ཉོན་ཡིད་གཉིས་རེད། དབང་ཤེས་དང་ཀུན་གཞིའི་རྣམ་ཤེས་གཉིས་རྟོག་མེད་རེད། ཨ་ལེ། ངར་འཛིན་ཉོན་ཡིད་འདིས་དམིགས་པ་ཀུན་གཞི་ལ་དམིགས་ནས་རྣམ་པ་ངར་འཛིན་དུས་ཞིག་ཀྱང་ཡོད་ནི་རེད། གཞུང་གཞན་དུ་ཉོན་ཡིད་ཁ་ནང་ལྟ། དམིགས་པ་ཀུན་གཞི་ལ་དམིགས་ནས། རྣམ་པ་ངར་འཛིན། འཁོར་ཀུན་འགྲོ་དགུ་དང་མཚུངས་པར་ལྡན་ཞེས་མི་ཕམ་ཚང་གིས་གསུངས། ཀུན་གཞི་མ་གཏོགས་པའི་ཚོགས་བདུན་པོ་ནང་གི་སྐབས་ནས་ངོས་ཟིན་ཡོད་དགོས། ཀུན་གཞི་གསང་བའི་ནམ་མཁའ་ངོ་སྤྲད་དུས་ངོས་བཟུང་ནི་རེད་གསུངས། ཀུན་གཞི་དེ་ཅི་འདྲ་རེད་དྲིས་ཚེ། ཨོ་ཡ་ཀུན་གཞི་ཟེར་རྒྱུ་བོ་ནི་ངོ་བོ་རྣམ་པར་མི་རྟོག་པ། དཔྱོད་པ་མེད་པ། དམིགས་པ་སྣོད་བཅུད་རྒྱ་ཆེན་པོ་ལ་དམིགས་པ། རྣམ་པ་ཡུལ་གྱི་སྤུ་རིས་མི་འབྱེད་པ་ཕྱི་ན་གཏད་ཀྱི་མེད། ནང་ན་བསྒོམ་གྱི་མེད། བར་ན་བཞག་མེད། མར་ལ་དུབ་མེད། ཡར་ལ་འཕྲུལ་གི་མེད། བློས་བསླད་མ་ཞུགས་ནི་འདྲ་འདྲའི་རྟོག་མེད་སྟོང་སེང་གི་རྣམ་པ་ཅན་ཞིག་ཡིན་ནི་རེད། ཀུན་གཞིའི་རྣམ་ཤེས་དྭངས་ལ་གཡོ་བ་མེད་པའི་རྣམ་པ་ཅན་ཞིག་ཡིན་ནི་རེད། དེ་ཁྱེད་ཆ་གས་དྲི་འི་འདུག་མི་དགོས་དང་། སྒོམ་ཆེན་ཡ་ད་ཟིག་མིན་ན་དེའི་སྟེང་དུ་ཐོན་རྒྱུ་མ་རེད། དེའི་རག་འ་བདག་དང་བདག་འཛིན་ཚོ་ངོས་ཨེ་ཟིན་ལྟོས་ད། དེའི་གལ་ཆེ་ནི་རེད། ཀུན་གཞི་བཞི་ཡོད་པའི་ནང་གི་ཡེ་དོན་གྱི་ཀུན་གཞི་ཟེར་རྒྱུ་དེ་ཁམས་བདེ་གཤེགས་སྙིང་པོ་རེད། ཀུན་གཞི་ཆོས་སྐུ་ང་དང་མཉམ། །ཞེས་དེ་ལ་གསུངས་ནི་རེད། དེ་སྒྲིབ་བྱེད་ཀྱི་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ནི། ངོ་བོ་རྟོག་མེད་རྣམ་པ་གསལ་རིག་ཅན་ཁམས་གསུམ་འཁོར་བའི་འཁྲུལ་གཞི་རེད། ཀུན་གཞི་བཞི་པོ་མ་ཤེས་ནའང་། དེ་གཉིས་ཀ་ཤེས་དགོས། ཀུན་མཁྱེན་ཀློང་ཆེན་པའི་མཁའ་འགྲོ་ཡང་ཏིག་ཏུ་ཀུན་གཞི་ངོས་འཛིན་ཚུལ། ཐང་ཆེན་པོ་ཞིག་ཏུ་བརྒྱུག་བརྒྱུག་ནས་ང ལ་ཆད་དུས་མལ་གསོས་ན་དཀའ་བའི་ཤུགས་ཀྱིས་རྟོག་པ་རྣམས་རེ་ཞིག་འགག་པའི་ཤུལ་ཏུ་སྟོང་ཧང་ངེ་ཟིག་ཡོད་རྒྱུ་དེ་ཀུན་གཞི་རེད། དེའི་སྟེང་ནས་ཅུང་ཟད་གསལ་ཆ་ཐོན་པ་ཀུན་གཞིའི་རྣམ་ཤེས་རེད། དེ་རྩོལ་བའི་སྟོབས་ཀྱིས་མངོན་དུ་གྱུར་ཚུལ་རེད། འདི་གཉིས་ངོ་བོ་གཅིག་ཡིན་པས་ལམ་གོམ་སྟོབས་ཀྱིས་ཀུན་གཞིའི་སྟེང་དུ་སླེབ་པ་རྣམས། རང་རང་གི་ཁམས་ཀྱི་དབང་གིས། སྟོང་ཆ་དང་གསལ་ཆ་གཉིས་གང་གི་ཕྱོགས་མངོན་དུ་གྱུར་གོ་ནི་མ་རེད། བླ་མ་མི་ཕམ་ཚང་གིས། ཤེས་མཁན་ཟིག་འ་ཡིན་ནི། ཅི་ཤེས་འདི་ཤེས་ཡང་མེད་ནི། གོ་མཁན་ཟིག་འ་ཡིན་ནི། ཅི་གོ་འདི་གོ་མེད་ནི་ཟིག །བླ་མ་ལ་ལས་བཏང་སྙོམས་ལུང་མ་བསྟན་དུ་ངོས་འཛིན། ལ་ལས་མ་རིག་པར་ངོས་འཛིན། དོན་ཀུན་གཞི་རེད། འདི་སྒོམ་གྱི་དངོས་གཞི་མཚན་ཉིད་པ་མིན་ཀྱང་། ལས་དང་པོ་པས་དང་པོ་འདི་ལ་མ་བརྟེན་པར་འགྲོ་ཚུལ་མེད་གསུངས། དེ་བླ་མའི་གསུང་མིན། སེམས་རྣམ་ཤེས་ཚོགས་བརྒྱད་ངོས་ཟིན་དུས། དེའི་ཤུལ་ན་འཆར་གཞི་ཞིག་ལྷག་ཡོད་ན། དེ་མདོ་ལྟར་ན་བདེ་གཤེགས་སྙིང་པོ། སྔགས་ལྟར་ན་འོད་གསལ་གསང་བའི་ནམ་མཁའ་རེད། དྭངས་སང་ངེ་ཟེར་རྒྱུ་དེ་དུབ་མེད་ནིའི་མིང་རེད། གསལ་སང་ངེ་ཟེར་རྒྱུ་དེ་རྨུག་པས་མ་བསྒྲིབས་པའི་མིང་རེད། དེ་འོད་གསལ་མ་རེད། ཐན་མགོ་དགུ་ཞིག་མིན་པ་དེ་ལ་ཚང་ནི་རེད། དེ་མིན་ནིའི་འོད་གསལ་ཞིག་ངོས་ཟིན་དགོས་ནི་རེད། གཞི་ནམ་མཁའ་ཡིན་ཟེར་དུས་དེ་ལ་གཏད་ནི་རེད། སེམས་ཡེ་གནས་ཀྱི་ཤེས་པ་དེ་རེད། འདི་ནི་དུར་ཁྲོད་ཀྱི་འདྲེ་ངན་ཟས་སུ་ཤ་ཟ་བ། སྐོམ་དུ་ཁྲག་འཐུང་བ། ལས་སུ་སྲོག་གཅོད་པ་རྣམས་ཀྱི་རྒྱུད་ནའང་ཡོད་ནི་རེད་དང་ངོས་ཟིན་ནི་མ་རེད། སེམས་དང་རིག་པའི་ཤན་ཕྱེ་དུས་ཁ་ནང་དུ་བསྐོར་ནས་རང་གི་ཤེས་རྒྱུད་ལ་རང་གིས་བལྟས་ན་ཁ་ཕྱི་ལ་བསྐོར་ནས་དོམ་ཡིག་འདྲ་འདྲ་ཟིག་འ་བལྟས་ནིའི་ཉན་ནི་མ་རེད། ཤའི་ཆེ་ས། ཀོའི་འཐུག་ས་ནང་ན་ཡོད་ནི་རེད། ཧ་རང་གོ། ངོ་རང་ཤེས། ངང་མངོན་གྱུར་ཟེར་རྒྱུ་དེའང་གསང་བའི་ནམ་མཁའི་སྟེང་དུ་འཁྱེར་ཤེས་དགོས། ༈ རྒྱ་ཚོགས་འཇམ་དཔལ་གྱིས། ནམ་མཁའ་འདི་གཞི་ཨི་ཡིན་ལགས་ཞུས་ཚེ། ཨ་ལེ་དམ་ཉམས་ཆ་ག ཁྱེད་ཆ་གི་མིག་རུབ་ནི་མིན་ན། ཤེས་མེད་བེམ་སྟོང་ནམ་མཁའ་ལྟ་བུ་ནི་མ་ཡིན་ནོ་ཞེས་དང་མཐར་སངས་རྒྱས་པ་ན་སྐུ་དང་ཡེ་ཤེས་ཀྱི་རོལ་བ་འབྱམས་ཀླས་གསུངས་ཡོད་ནི་བོ་མ་རིག་ནི་ཨི་ཡིན། ཕྱིའི་ནམ་མཁའ་གཞི་ཡིན་ན་ནམ་མཁའ་གསུམ་བཤད་པ། དགོས་པ་ལ་ཡོད་ནི་མ་རེད་གསུངས། སློབ་དཔོན་སྦ་སྒོམ་པས། ནམ་མཁའ་འདི་ཁོང་དུ་ཆུད་པར་གྱིས་ཤིག །དེ་རྟོགས་ན་སྒོམ་མེད་ཀྱི་གཟེར་ཆེན་ཐེམ་པ་ཡིན་གསུངས་རྒྱུ་དེ་ཕྱིའི་ནམ་མཁའ་ལ་བརྟེན་ནས་ནང་གི་ནམ་མཁའ་ཁོང་དུ་ཆུད། ནང་གི་ནམ་མཁའ་ལ་བརྟེན་ནས་གསང་བའི་ནམ་མཁའ་ཁོང་དུ་ཆུད་དགོས་ནི་རེད། ཕྱིའི་ནམ་མཁའ་དཔེར་བཞག་ནི་རེད། ཕྱིའི་ནམ་མཁའ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱིས་འཁོར་འདས་ལམ་གསུམ་ལ་ཁྱབ་ཡོད་ནི་རེད། ནམ་མཁའ་འདི་ལ་མཐའ་དབུས་ཕྱོགས་ལྷུང་མེད་པ་བཞིན་དུ་ཆོས་ཀྱི་དབྱིངས་ལ་མཐའ་དབུས་ཕྱོགས་ལྷུང་མེད་ནི་འི་ཕྱི་རོལ་དཔེའི་ནམ་མཁའ་གསུངས་ནི་རེད། ནམ་མཁའ་བསྒོམ་དུས་ནད་གདོན་སྡིག་སྒྲིབ་གང་ཡིན་ཀྱང་རྨི་ལམ་དབྱིངས་སུ་སད་པ་ལྟར་སྟོང་ཉིད་ཆོས་ཀྱི་དབྱིངས་སུ་དག་པར་བསམ་ན་ནད་པ་སོགས་ལ་ཅིག་ཕན་ནི་རེད། ༈ ཡང་ཐོག་མེད་ཀྱི་དུས་ནས་འཁྲུལ་བ་འདིས་སྡུག་བསྐོའི་བསྐོའི་འི་ཕྱི་ནང་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀྱི་འཁྲུལ་སྣང་ཐམས་ཅད་རྨི་ལམ་དབྱིངས་སུ་སད་པ་དང་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་ལྟར་སོང་བར་བསམས་ནས་ནང་གི་ནམ་མཁའི་སྟེང་དུ་བཞག་ན་ཅིག་ཕན་གྱི་རེད། སྟོང་སྦྱང་ཟེར་རྒྱུ་དེ་རེད་གསུངས། ནམ་མཁའ་སྒོམ་དུས་དུས་གསུམ་གྱི་རྟོག་ཚོགས་རྣམས་བླ་མའི་མན་ངག་གི་བཞག་སྟོབས་ཀྱིས་རྣམ་རྟོག་ཐམས་ཅད་ཤར་གྲོལ་དུ་འགྲོ། གསང་བའི་ནམ་མཁའི་སྐབས་སུ་རྣམ་རྟོག་ཐམས་ཅད་བཞག་ཐབས་ལ་མ་ལྟོས་པར་གང་ཤར་ཐམས་ཅད་རྒྱ་གྲོལ་དུ་འགྲོ། སྤྱིར་ན་མདོ་སྔགས་གཉིས་ཀའི་བསྒྲུབ་བྱ་ཆོས་གཟུགས་ཀྱི་སྐུ་ཡིན་པ་མཚུངས་ཀྱང་། མདོ་ཕར་ཕྱིན་ཐེག་པས་བསྐལ་བ་གྲངས་མེད་གསུམ་ལ་སྦྱིན་སོགས་ཕར་ཕྱིན་སྔ་མ་ལྔས་བསོད་ནམས་ཀྱི་ཚོགས་དང་། གཟུགས་སྐུ་བསྒྲུབ་གཞི་བྱ། ཕྱི་མས་ཡེ་ཤེས་ཀྱི་ཚོགས་དང་ཆོས་སྐུ་བསྒྲུབ་གཞི་བྱས་ཏེ་ཚོགས་གཉིས་བསགས་པའི་སྒོ་ནས་སྐུ་གཉིས་བསྒྲུབ་ནི་རེད། སྔགས་བླ་མེད་ཀྱི་སྐབས་སུ་ཆོས་གཟུགས་ཀྱི་བསྒྲུབ་གཞིར་བསྐྱེད་རྫོགས་གཉིས་སྒོམ་པ་དང་། རྫོགས་རིམ་རྐྱང་པའི་སྐབས་སུ་སྒྱུ་ལུས་གཟུགས་སྐུའི་སྒྲུབ་གཞི་དང་། དོན་གྱི་འོད་གསལ་ཆོས་སྐུའི་སྒྲུབ་གཞིར་འཇོག་ནི་རེད། འོད་གསལ་རྫོགས་ཆེན་གྱི་སྐབས་སུའང་ཆོས་གཟུགས་གཉིས་ཀྱི་སྒྲུབ་གཞི་དེ་རང་རྒྱུད་ལ་བཙལ་དགོས། ལུས་ངག་ཡིད་གསུམ་ནི་ཤུལ་དུ་བསྐྱུར་རྒྱུ་རེད། དེ་ནི་མི་འཇོག གང་འཇོག་ན། ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་དེ་སངས་རྒྱས་ཀྱི་ཐུགས་ཆོས་སྐུ་དངོས་ལམ་དུ་བྱེད་པ་དང་། ལྷུན་གྲུབ་ཐོད་རྒལ་གྱི་སྣང་བ་སངས་རྒྱས་གཟུགས་སྐུ་དངོས་ལམ་དུ་བྱེད་པར་གོ་དགོས། ཁྲེགས་ཆོད་རྐྱང་བ་ཡིན་ན་གཟུགས་སྐུ་གཉིས་ཀྱི་འཆར་གཞི་ལམ་དུ་བྱེད་ཟེར་རྒྱུ་མ་གཏོགས་དངོས་ལམ་དུ་བྱེད་ཨོའི་ཟེར་གསུངས། ཤ་རུས་པས་མི་རྟེན་ན་ཚེ་གཅིག་གིས་རྡོ་རྗེ་འཆང་གི་གོ་འཕང་ཐོབ་འོང་སྤྱད་པོ་སྐུ་གཉིས་དངོས་ལམ་དུ་བྱེད་ནི་གི་རེད་གསུངས། རང་གིས་སངས་རྒྱས་ཐོབ་པ་ལ་རང་རྒྱུད་ཀྱི་རིག་པ་སྐུ་གསུམ་འདུ་འབྲལ་མེད་པ་འདི་མ་གཏོགས་འདི་ལས་གཞན་པའི་སངས་རྒྱས་ཞིག་རྙེད་རྒྱུ་ཡོད་ནི་མ་རེད། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་བརྒྱར་སོང་ན་སངས་རྒྱས་ཞིག་ཉོ་རྒྱུ་ནི་མི་རྙེད། བཙོང་རྒྱུ་ནི་མེད། སྦྱིན་རྒྱུ་ནི་མེད། བཙལ་རྒྱུ་ནི་མེད། རྒྱལ་བ་རིགས་ལྔའི་ཐུགས་ཀར་བསྟིམ་ནའང་རྒྱུད་ཐ་དད་རེད། རྒྱལ་བའི་སྲས་སུ་གྱུར་ཟེར་བས་ཤེས་ནི་རེད། དེ་དང་རྒྱུད་གཅིག་ཏུ་སོང་ནི་མ་རེད། དེ་ལ་དགོངས་ནས་སངས་རྒྱས་གཞན་དུ་མི་རྙེད་གསུངས་ནི་རེད་མ་གཏོགས་སྤྱིར་སངས་རྒྱས་ཟིག་མེད་ཟེར་ནི་མ་རེད། ཕྱོགས་བཅུའི་སངས་རྒྱས་ས་ཆེན་པོའི་རྡུལ་གྱིས་བགྲངས་ཀྱང་མི་ཟད་ཀྱི་ཟིག་ཡོད་ནི་རེད། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། གསུངས་རྒྱུ་དེ་རེད། ཨ་ལེ། དམ་ཉམས་ཆ་ག དེ་མེད་ཟེར་ན་ཁ་ནང་ནས་མེ་འབར། སྣ་ནང་ནས་དུ་བ་འཕྱུར་འོང་རྒྱུ་འཛམ་ཐང་མ་རེད་ན། རང་གིས་སངས་རྒྱས་ཞིག་བསྒྲུབ་དགོས་ན་ནི་སངས་རྒྱས་ཀྱི་རྒྱུ་ཞིག་ས་ན་མེད། གནམ་ན་མེད། སེམས་ཅན་རང་རང་གི་རྒྱུད་ན་ཡོད་ནི་རེད། སངས་རྒྱས་ཀྱི་རྒྱུ་དེ་འདྲ་དེ། ངོ་མ་ཤེས་པ་མ་གཏོགས་དུར་ཁྲོད་ཀྱི་འདྲེ་མོ་ནག་ལི་མ་ཡན་ཆད་ཀྱི་རྒྱུད་ནའང་ཡོད་ནི་རེད། སེམས་ཅན་གཞན་ན་མེད་གསུངས་པའང་རྣམ་ཤེས་ཚོགས་བརྒྱད་ལས་གཞན་པའི་སེམས་ཅན་ཞིག་བཙལ་མི་དགོས་ནི་རེད། སྤྱིར་སེམས་ཅན་ཞིག་གཞན་ན་མེད་ཟེར་ན། ཁྱོད་གཅིག་པུ་ལས་གཞན་མེད་ནི་ཨི་རེད། ཨེ་མ། སངས་རྒྱས་ང་ལ་སེམས་ཅན་ང་། ཞེས་པའང་དེ་ལ་གཏད་ནི་རེད། སངས་རྒྱས་མེད་ལ་སེམས་ཅན་མེད། ཅེས་པའང་། དེ་དང་། ཡར་ལ་རེ་བའི་སངས་རྒྱས་གཅོད། །མར་ལ་དོགས་པའི་འཁོར་བ་གཅོད། །ཅེས་དང་། ཐོད་རྒལ་གྱི་སྐབས་ཀྱི་གདེངས་བཞི་ཡང་འདིའི་སྟེང་ནས་གོ་དགོས་གསུངས། གཞིའི་སངས་རྒྱས་ང་ལ་ངོ་མ་ཤེས་པར། ཁམས་གསུམ་འཁོར་བར་འཁྱམས་དུས་སེམས་ཅན་ང་། ཞེས་སོ། །གཅིག་སངས་རྒྱས་དུས་ཀུན་སངས་རྒྱས་ཞེས་པ་ལ། འཁོར་འདས་གཉིས་ཀའི་གཞི་གཅིག་ནི་གི། གཅིག་སངས་རྒྱས་ན་ཀུན་སངས་རྒྱས་ཟེར་ནི་མ་རེད། རྟ་ཤུལ་བན་ཆེན་ཁྱོད་དེ་རིང་སངས་རྒྱས་སོང་ན་གཟིགས་པ་མཐར་ཐུག་ཐོབ་ནི་རེད། གནས་ཚུལ་མཐར་ཐུག་གཟིགས་ནི་གི་དེའི་ངོར་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ནི་རེད། ཞིང་ཁམས་འདིའི་ཆུའི་རྡུལ་ཕྲ་རབ་གཅིག་གི་ཁོང་ན་སངས་རྒྱས་ཀྱི་ཞིང་ཁམས་བྱེ་བ་བརྒྱ་སྟོང་གྲངས་མེད་པ་གཟིགས་ནི་རེད། དེ་ལ་སྟོན་འཁོར་གྱི་རྣམ་པ་སྨོས་ཅི་དགོས། དེ་ལྟར་ཆུའི་རྡུལ་བྱེ་བ་ཕྲག་བརྒྱ་སྟོང་གི་བར་དང་། ཆོས་ཐམས་ཅད་དེ་ལྟར་དུ་གཟིགས་ནི་རེད། གནས་སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་སངས་རྒྱས་ནི་རེད། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དེ་ལ་ཕྱོགས་དང་དུས་ཀྱིས་གཞལ་རྒྱུ་ཡོད་ནི་མ་རེད། ཨོ་ཡ། དེ་བན་ཆེན་གཅིག་གི་རང་སྣང་ལ་སངས་རྒྱས་ནི་རེད་མ་གཏོགས། བན་ཆེན་སངས་རྒྱས་ནི་གི། ལྷ་རྩེ་བའི་བན་ཆུང་པདྨ་རྡོ་རྗེ་ལ་ཕན་གནོད་ཡོད་ནི་མ་རེད། ལྷ་རྩེ་བའི་བན་ཆུང་པདྨ་རྡོ་རྗེ་སངས་རྒྱས་སོང་ན་དེས་རྟ་ཤུལ་བན་ཆེན་ལ་ཕན་གནོད་ཡོད་ནི་མ་རེད། ཨ་ལེ། དེ་ཚོ་ཤེས་ན་ཀུན་ལ་དག་སྣང་ཟེར་རྒྱུ་དེ་ཡོང་ནི་རེད། དེ་ཙམ་མ་ཤེས་ན། ཐ་ན་གཟུགས་སྣང་ཐམས་ཅད་སྐུ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར། སྒྲ་གྲགས་པ་སྔགས་ཀྱི་རང་བཞིན། དྲན་རྟོག་ཐམས་ཅད་ཐུགས་ཡེ་ཤེས་ཆེན་པོའི་རང་བཞིན་དུ་ཤེས་དགོས་ནི་རེད། དེ་ཤེས་ན། ཨ་ལེ་ཐོག་ཡོག་ནི་བསྒྱུར་འཇོག་ནི་ཤར་འཛམ་ཐང་མ་རེད་ན་འོ། དེ་མིན་ནེ་ཡུལ་ཕྱོགས་རེས་འགའ་བ་ཞིག་གི་བླ་སེར་གྲགས་པ་ཅན་ཞིག་ལ་དུས་རེས་འགའ་བ་ཞིག་ལ་དག་སྣང་བྱེད་རྒྱུ་དེ་ཚོ་བཟང་ལོས་བཟང་ད། སྡུག་ཐུག་ས་ཟད་གི་གྲོ་མ་བྲག་ལ་བསྐོ་ནི་ཨོས་རེད། ཆུ་གཅིག་པུ་ལའང་འགྲོ་བ་དྲུག་གི་སྣང་ཚུལ་དྲུག་ཡོད་ནི་རེད། དམྱལ་བས་ཁྲོ་ཆུ་ཁོལ་མར་སྣང་། ཆུ་བུར་མེ་སྟག །རླངས་པ་མེ་ལྕེ་རུ་སྣང་། ཡི་དྭགས་ལ་རྣག་ཁྲག་སོགས་སུ་སྣང་ནི་རེད། ལས་དག་པ་ཞིག་གིས་གཟིགས་ན་མ་མ་ཀིར་སྣང་ནི་རེད། འགྲོ་བ་རྣམས་ཀྱི་སྐད་གདངས་སྔགས་སུ་གནས་པའི་རྟགས་ལ། ལུག་གིས་འབའ་ཟེར། ཡར་ངན་ཟིག་ཤི་ན་ཨུ་ཨུ་ཟེར་ནས་འཁུན་པ་འདེབས་ནི་རེད། ཡང་ན་ཨི་ཨི་ཟེར་ནི་རེད། འབྱུང་བཞིའི་སྒྲ་ཡང་སྔགས་ཀྱི་རྣམ་པར་གནས་པ་ཡིན། རུ་ཤན་སྐབས་འབྱུང་བཞིའི་སྒྲ་དོན་བསླབ་པའང་གནད་དེའི་རེད། དང་པོ་འཇིག་རྟེན་པའི་གཏམ། ཐ་མ་ལས་དག་དུས་ཆོས་ཀྱི་སྒྲ། ༈ གཉུག་མའི་སེམས་སེམས་ཉིད། སེམས་ཡེ་གནས་ཀྱི་ཤེས་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་རེད། གཉུག་མ་ཟེར་རྒྱུ་དེ་ཡེ་གདོད་མ་ནས་གནས་པའི་དོན་རེད། ཞིང་སྐུ་ཕོ་བྲང་གསུམ་པོ་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཆ་ནས་རང་གཟུགས་རང་གིས་མཐོང་། རང་སྒྲ་རང་གིས་ཐོས་གསུངས། གཉུག་མར་གནས་པའི་འདྲེ་རྒན་ཟེར་རྒྱུ་དེ་གནའ་ནས་ཡོད་པའི་འདྲེ་རྒན་ལ་གོ་དགོས་པ་ལྟར་རོ། ༈ །བཅུད་ཀྱི་སེམས་ཅན་གྲངས་མང་བ་ནི་ཆོས་ཀྱི་བདག་ཡིན། ཞེས་དང་། ལུས་ཅན་གྱི་ལུས་དེ་གང་ཟག་གི་བདག་ཡིན། ཞེས་པ་ནི་སེམས་ཅན་གྱིས་བཟུང་བ་ལྟར་གྱི་སངས་རྒྱས་ཟིག་ཡོད་ན་དེའི་ཞིང་དང་ཕུང་ཁམས་སྐྱེ་མཆེད་རྣམས་ཆོས་ཀྱི་བདག་དང་། དེའི་ངར་འཛིན་ཡུལ་གྱི་ལུས་དེ་གང་ཟག་གི་བདག་ཡིན་ཏེ། ཡིན་ཚུལ་བདག་དང་བདག་འཛིན་ངོས་བཟུང་བའི་སྐབས་ནས་ཤེས་དགོས། དང་པོ་ཡུལ་འཁོར་བའི་རྫུན་ཕུག་རྡིབ་དུས། ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་དང་ཉོན་མོངས་པ་ལས་བྱུང་། ལས་དང་ཉོན་མོངས་པ་བདག་འཛིན་ལས་བྱུང་བ་ཡིན་པས། བདག་འཛིན་གྱི་ཡུལ་ཕུང་པོ་བདག་ཏུ་སྣང་བ་དེ་གཏན་ལ་ཕབ་པས་བདག་འཛིན་ལྡོག་གོ །དེ་ལྡོག་པས་ལས་དང་ཉོན་མོངས་པ་ལྡོག་གོ།། དེ་ལྡོག་པས་རང་གི་ངོས་སྐལ་གྱི་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་ཚུལ་ཤེས་དགོས་སོ། ༈ །སངས་རྒྱས་ལ་མིག་ཡོད་པར་མ་སེམས་ཤིག་ཅེས་པ་སེམས་ཅན་ལ་སྣང་རྒྱུའི་མིག་ཡོད་པར་མ་སེམས་ཤིག་ཅེས་པ་སྟེ། གང་དག་ང་ལ་གཟུགས་སུ་ཞེས་སོགས་ལྟར། སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་ཙམ་ཡང་སེམས་ཅན་གྱིས་དཔག་ནུས་པ་མིན། སྤྱིར་སངས་རྒྱས་ལ་མིག་མེད་ཟེར་ན་ཚར་སོང་ནི་རེད། སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་གིས་ཤེས་བྱ་ཐམས་ཅད་མཁྱེན། ལོས་མཁྱེན་ཡེ་ཤེས་ཀྱི་ཕུང་པོ་རེད། སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་བ་གཅིག་གིས་སངས་རྒྱས་ཀྱི་མཛད་པ་སྟོན་ནི་རེད། ལོས་སྟོན་ཡེ་ཤེས་ཀྱི་ཕུང་པོ་རེད། སེམས་ཅན་རང་ག་མ་ཞིག་གི་སྒོ་གསུམ་གྱི་ཡུལ་དུ་གྱུར་བའི་སངས་རྒྱས་ཞིག་ཨེ་ཡོད། གཡག་བཤས་བཤའ་བཤའ་བྱས་ནས་བརྟགས་པས་མཐོང་རྒྱུ་ག་ལ་ཡོད། ཡེ་ཤེས་རང་སྣང་ལས་གྲུབ་པའི་སྐུ་དང་ཞིང་དང་། གཞལ་ཡས་ཁང་དང་རྒྱན་རྟ་བབ་ཁ་དོག་སྣ་ཚོགས་པ་སོགས་ཡོད་ཟེར་དགོས་ནི་རེད། བོད་ཕྱི་རབ་པས་མཆོག་གི་སྤྲུལ་སྐུ་སངས་རྒྱས་དངོས་ཡིན་ཟེར་ནི་རེད། སྔ་རབ་པས་དངོས་མིན་ཟེར་ནས་རྩོད་ནི་རེད། ཅེས་གསུངས་སོ། །དགེའོ། །བཀྲ་ཤིས། ཆོས༵་ཉིད་ཀ་དག་ཀློང་ཆེན་ཕྱམ་བརྡལ་བར། །ལྷུན་གྲུབ་སྐུ་གསུམ་དབྱིངས༵་སྣང་དཀྱིལ་འཁོར་རྫོགས། །རང༵་བྱུང་ཡེ་ཤེས་སྣང་སེམས་ཡེ་གྲོལ༵་བ། །ངེས་དོན་བླ་མའི་རང་ཞལ་མྱུར་མཇལ་ཤོག། །།


previousལྕགས་སྐོང་བདུད་འཇོམས་རིན་པོ་ཆེའི་ཞལ་རྒྱུན་ཟིན་བྲིས།next