Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
རིག་འཛིན་བླ་མའི་ཞལ་རྒྱུན་ཚིག་གསུམ་གནད་བརྡེག་གི་དོན་བསྡུས་མན་ངག་གསེར་གྱི་ཐིག་ལེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིག་འཛིན་བླ་མའི་ཞལ་རྒྱུན་ཚིག་གསུམ་གནད་བརྡེག་གི་དོན་བསྡུས་མན་ངག་གསེར་གྱི་ཐིག་ལེ།next

རིག་འཛིན་བླ་མའི་ཞལ་རྒྱུན་ཚིག་གསུམ་གནད་བརྡེག་གི་དོན་བསྡུས་མན་ངག་གསེར་གྱི་ཐིག་ལེ།

རིག་འཛིན་བླ་མའི་ཞལ་རྒྱུན་ཚིག་གསུམ་གནད་བརྡེག་གི་དོན་བསྡུས་མན་ངག་གསེར་གྱི་ཐིག་ལེ་བཞུགས་སོ། །

བླ་མ་ལ་ཕྱག་འཚལ་ལོ། །ལྟ་སྒོམ་སྤྱོད་གསུམ་གྱི་ནང་ནས་དང་པོ་ལྟ་བ་ངོ་སྤྲད་པ་ནི། སྐྱེ་མེད་ཆོས་སྐུའི་ཀློང་ན་འགག་མེད་ཟང་ཐལ་རྗེན་པའི་རིག་ཆ་ཞིག་ཡོད་པ་དེ་ནི། སེམས་རྣམ་པར་ཤེས་པའི་ཚོགས་བརྒྱད་ལས་འདས་པའི་རིག་པའི་ཡེ་ཤེས་ཡིན་ལ་དེ་ནི་སྔོན་མེད་གསར་བྱུང་ཞིག་མ་ཡིན་ཏེ། ཡེ་གདོད་མ་ནས་ཇི་བཞིན་པར་བཞུགས་པ་དེ་ཉིད་བླ་མའི་མན་ངག་གིས་སད་པར་བྱས་ནས་ངོ་སྤྲད་པ་ཡིན་ནོ། །རང་ངོ་འཕྲོད་པ་ལྟ་བ་ཡིན། ངོ་རང་ཐོག་དུ་སྤྲད་པའི་གནད་དང་པོའོ། །གཉིས་པ་སྒོམ་པས་ཐག་བཅད་པ་ནི། རིག་སྟོང་ཟུང་འཇུག་ཆོས་སྐུ་ཐིག་ལེ་ཉག་གཅིག་དེ་ཉིད་ཀྱི་རང་ངོ་བསྐྱང་བ་དེ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེའི་ཉམས་ལེན་ཐམས་ཅད་ཀྱི་སྙིང་པོ། དབང་བཞི་པའི་དོན་གྱི་ཡེ་ཤེས། སྒྲུབ་བརྒྱུད་ཡིད་བཞིན་ནོར་བུའི་ཁྱད་ཆོས། རྒྱ་བོད་གསར་རྙིང་གི་གྲུབ་བརྙེས་ཀྱི་དགོངས་པ་རྨ་མེད་པ་ཡིན་པས་ན་ཡིད་ཆེས་ཀྱིས་ཁོ་ཐག་ནང་ནས་བཅད། ངེས་ཤེས་གཏིང་ནས་སྐྱེས་ནས་བློ་ཐག་རྦད་ཀྱིས་བཅད་དགོས་ཏེ། ངེས་དོན་བསྡུས་རྒྱུད་ལས། དེ་ཕྱིར་ཆོས་སྐུ་འགྱུར་བ་མེད། །འཛིན་བྲལ་སེམས་མེད་ཡེ་ཤེས་སྐུ། །དེ་དོན་འབྲལ་མེད་བྱང་ཆུབ་ཀློང་། །སེམས་བྲལ་ཏིང་འཛིན་རྒྱུན་དུ་གནས།། དེ་ལས་གཞན་མེད་ཁོ་ཐག་བཅད། །དེ་ལྟར་ཆོས་སྐུ་རང་གནས་ཀྱི་ཡེ་ཤེས་རྗེན་པ་འཁྲུལ་མ་མྱོང་བའི་སངས་རྒྱས་སུ་བློ་ཐག་བཅད་ནས་དེའི་རྒྱུན་སྐྱོང་བ་འདི་གལ་ཆེ། ངང་ལ་གནས་པ་བསྒོམ་པ་ཡིན། ཐག་གཅིག་ཐོག་ཏུ་བཅད་པའི་གནད་གཉིས་པའོ། །གསུམ་པ་སྤྱོད་པ་རང་གྲོལ་དུ་འགྲོ་བའི་ཚུལ་ནི། གསེར་གླིང་དུ་ཕྱིན་དུས་ས་རྡོ་ཕལ་བ་བཙལ་ཀྱང་མི་རྙེད་པ་བཞིན་དུ་གང་ཤར་རང་གྲོལ་གྱི་གནད་འདི་དང་ལྡན་ན་གནས་འགྱུ་རྣམ་རྟོག་གང་སྐྱེས་སྒོམ་དུ་ཤར་ནས་འཁྲུལ་བ་རང་མཚན་པ་བཙལ་ཀྱང་མི་རྙེད་པར་འགྱུར་བས་ན་གདེངས་གྲོལ་ཐོག་དུ་བཅའ་བ་ཡིན་ནོ། །གང་ཤར་རང་གྲོལ་སྤྱོད་པ་ཡིན། གདེངས་གྲོལ་ཐོག་དུ་བཅའ་བའི་གནད་གསུམ་པའོ། །དེ་ལྟ་བུའི་གནད་གསུམ་རང་བཞིན་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་བཞི་ཀ་དག་རིག་པ་ཟང་ཐལ་གྱི་ངང་དུ་ཆིག་ཆོད་དུ་འཁྱེར་བའི་གནད་ཡིན་པས་ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་སྙིང་ཐིག་རྡོ་རྗེ་སྙིང་པོའི་ལམ་གནད་འབྲས་བུའི་ཐུས་ཀ་འདི་ལས་ལྷག་པ་མེད་པས་ན། སྐུ་གསུམ་ལྷུན་གྲུབ་འབྲས་བུ་ཡིན། ལྟ་སྒོམ་སྤྱོད་འབྲས་གང་གི་དུས་སུ་རིག་སྟོང་ཟུང་འཇུག་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ངང་དེ་ལས་འདའ་བ་མེད་པས་ན། དེ་ལས་མི་འདའ་དམ་ཚིག་ཡིན། ཅེས་པ་འདི་ནི་དུང་དཀར་དགོན་ནས་མིང་དུ་མཁན་པོ་དགེ་བཟང་ཟེར་བ་དོན་དུ་ཆོས་འཇིག་རྟེན་གང་ཐད་ནས་ཡོན་ཏན་སྣ་གཅིག་མེད་པའི་སྤྲང་རྒན་མདོ་མེད་བླུན་པོ་དུག་ཧྲུལ་ཅན་གྱིས་ཚིག་གསུམ་གནད་བརྡེག་གི་ནང་ནས་དོན་གྱི་གནད་བྲི་མ་ཤེས་རུང་མགོ་མཇུག་མེད་པའི་ཚིག་བླ་མའི་ཞལ་རྒྱུན་ལྟར་བྲིས་པ་ཡིན་ནོ། ༈ །བདེ་སྡུག་ཐམས་ཅད་ཉམས་ཀྱིས་རྫུན་རིས་ལ། །ངོ་ཤེས་ཙམ་ན་གེགས་སེལ་གནད་དུ་ཆེ། །སྤང་བླང་བཅོས་བསླད་མེད་པར་རང་སར་ཞོག །བཅས་བཅོས་རེ་དོགས་གེགས་དང་གོལ་ས་ཡིན། །རྟོགས་པ་རྐྱེན་མེད་ལམ་གྱི་ངོ་བོ་ནི། །ཅི་ཡང་མ་ཡིན་སྤྲོས་པའི་མཐའ་དང་བྲལ། །མ་བལྟས་མ་བསྒོམ་མ་བཟུང་རང་ཡན་ནོ། །ཤུགས་འབྱུང་ཧར་སངས་དེ་ནི་ཡང་དག་གོ། རྟོག་པས་དཔྱད་མཐའ་ལས་འདས་སྟོང་པ་ཉིད། །ཚིག་དཔེ་དོན་གྱིས་མི་མཚོན་མཚན་མ་མེད། །རང་ལས་གྲོལ་བ་མེད་པའི་སྨོན་པ་མེད། །ཉམས་སྣང་ཕྱིན་ཅི་ལོག་ཏུ་བསྒྱུར་བའི་རྐྱེན། །འདྲེ་གདོན་བགེགས་ཀྱི་གནོད་པར་འཛིན་པ་ཡི། །སྨན་དཔྱད་རིམ་གྲོ་ཅི་ཕན་བསྒྲུབ་གྱུར་ན། །ཐམས་ཅད་གནོད་པ་ཆེན་པོར་འགྱུར་བ་ལས། །ཕན་པ་མི་འབྱུང་སྲོག་གི་གཤེད་དུ་འབབས། །དེ་ཕྱིར་རྣལ་འབྱོར་ལམ་དུ་ཞུགས་པ་དག །བདེ་སྡུག་ན་ཚ་ཉམས་སུ་ཤེས་གྱུར་ན། །ས་ལམ་གྱིས་བསླང་ཉམས་ནི་མ་ཡིན་ཀྱང་། །འཁོར་བ་འཁྲུལ་བའི་གཤིས་ཉམས་ཡིན་པའི་ཕྱིར། །རྐྱེན་ངན་དངོས་གྲུབ་མཆོག་ཏུ་བསྒྱུར་བ་དང་། །ལྟས་ངན་གཡང་དུ་ལེན་པའི་མན་ངག་ཡིན། དེ་ཕྱིར་འཁྲུལ་བའི་སེམས་སྣང་བདེ་སྡུག་ཀུན། །ཐམས་ཅད་ཉམས་སུ་ཤེས་པ་གནད་དུ་གཅེས། །ཆོས་ཉིད་སྒྱུ་མར་བདེན་པའི་མངོན་སུམ་རིག་པ་ཡིས། །འཁོར་འདས་སྒྱུ་མ་རོལ་པའི་རྒན་པོས་སྨྲས། །བླ་མའི་རྒྱུད་འདི་མི་ཤེས་པར། ཉམས་སུ་ལེན་པར་འདོད་པར་དེ། ཁ་བྲག་ལམ་དུ་ཕུར་བ་འདྲ། །ཞེས་སོ།། །།


previousརིག་འཛིན་བླ་མའི་ཞལ་རྒྱུན་ཚིག་གསུམ་གནད་བརྡེག་གི་དོན་བསྡུས་མན་ངག་གསེར་གྱི་ཐིག་ལེ།next