Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
ཚིག་གསུམ་གནད་བརྡེག་གི་ཟིན་བྲིས་ཀྱི་དོན་བཀྲོལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚིག་གསུམ་གནད་བརྡེག་གི་ཟིན་བྲིས་ཀྱི་དོན་བཀྲོལ་བ། next

ཚིག་གསུམ་གནད་བརྡེག་གི་ཟིན་བྲིས་ཀྱི་དོན་བཀྲོལ་བ།

བླ་མ་ལ་ཕྱག་འཚལ་ལོ། མཆོད་པར་བརྗོད་པའི་དང༷་པོ༷་དཀོན༷་མཆོ༷ག་ཀུན༷་འདུས༷་ཞེས་པའི་སྐབས་སུ། སྤྱིར་གསང་སྔགས་རྙིང་མ་བ་ཞིག་ཡིན་དུས་གུ་རུ་རིན་པོ་ཆེ་བླ་མར་བཟུང་དགོས་པས་ཆོས་སྐུ་རྡོ་རྗེ་འཆང་ནས་བརྒྱུད་པའི་བླ་མ་ཐམས་ཅད་མར་བསྡུ། ད་ལྟའི་ཀ་ཁ་སུམ་ཅུ་སློབ་པའི་སློབ་དཔོན་ཐམས་ཅད་ཡར་བསྡུས་ནས་ངོ༷་བོ༷་རྩ༷་བའི་བླ༷་མ༷་ལ་རྣམ་པ་ཨོ་རྒྱན་ཆེན་པོ་སྐྱབས་གནས་ཀུན་འདུས་སུ་ཤེས་པ་སྔགས་ལྟར་གྱི་ཡིན། ཐུགས་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་འདུན། མཆོག་གསུམ་ཀུན་འདུས། སྐུ་བླ་མ། གསུང་ཡི་དམ། ཐུགས་མཁའ་འགྲོ་སྟེ། རྩ་གསུམ་ཀུན་འདུས། སྐུ་སྤྲུལ་སྐུ། གསུང་ལོངས་སྐུ། ཐུགས་ཆོས་སྐུ་སྟེ་སྐུ་གསུམ་ཀུན་འདུས་སུ་ཤེས་དགོས་པ་དང་། འདས་མ་འོངས་ད་ལྟར་གྱི་སངས་རྒྱས་ཐམས་ཅད་འདུས་པ་སྐྱབས་འགྲོ་དགུའི་བདག་ཉིད་དུ་དམིགས་ནས་དེ༷་ལ༷་ཕྱག༷་འཚལ༷་བ༷་དང་། སྐྱབས་སུ་འགྲོ་བ་ཁོ༷་ནས༷་ཀྱང་དེ་རྣམས་ལ་ཕྱག་འཚལ་བ་དང་སྐྱབས་སུ་འགྲོ་བའི་ཕན་ཡོན་ཡོད་པར་གསུངས་ཏེ། བློ་བླ་མར་གཏོད་པ་སྐྱབས་འགྲོ་ཡི་མཐར་ཐུག །ཅེས་དང་། ཁམས་འདུས་དད་པས་གསོ་ནུས་པ་སོགས་གསུངས། དྲན་པས་གདུང་བ་སེལ་བ་ཞེས་སོ། །ལོག་ལྟ་བྱས་ན་ཡང་དེ་དང་འདྲ་བའི་ཉེས་པ་མཚུངས་གསུངས། ༈ རྩ་རྒྱུད་ཀྱི་བླ་མ་སོགས་ཀྱི་སྐབས་རྒྱལ་བ་དགོངས་བརྒྱུད་ཀློང་ཆེན་རབ་འབྱམས། རིག་འཛིན་བརྡ་རྒྱུད་འཇིགས་མེད་གླིང་བ། གང་ཟག་སྙན་རྒྱུད་རྫ་ཁྲ་མའི་བླ་མ་གསུམ་གྱི་མཚན་དོན་དང་འབྲེལ་ན་རང་སེམས། དེའི་ཕྱིར་བརྒྱུད་གསུམ་འདུ་བ་ཡིན་ཏེ། ཇི་ལྟར་འདུ་སྙམ་ན་བརྒྱུད་པ་གསུམ་གྱི་བླ་མའི་དགོངས་པའི་ཐུགས་བཅུད་རྟོགས་ཤིང་རྒྱུད་ན་བཞུགས་པའི་ཆ་ནས་དེར་འདུ་བ་ཡིན་གསུངས། ༈ དང་པོ་ལྟ་བ་མདོར་བསྟན་ནི། དབྱིངས་སྤྲོས་པ༴ དབྱིངས་དེ་ལ་དབྱེ་ན་ཕར་ཕྱིན་ཐེག་པའི་ལམ་གྱི་ཉན་རང་དང་བྱང་སེམས་རྣམས་ཀྱིས་ཀ་བ་དང་བུམ་པ་སོགས་ཀྱི་བདེན་གྲུབ་བཀག་ཙམ་གྱི་སྟོང་ཉིད་ཐ་ཤལ་བའམ་ཕྱང་ཆད་པ་དེ་ནི་ཀ་བ་ཡོད་པའི་དུས་སུ་སྟོང་ཉིད་ཀྱ ང་ཡོད། རྫས་རྒྱུན་ཞིག་པའི་དུས་སུ་སྟོང་ཉིད་ཀྱང་མེད། སྟོང་ཉིད་དང་དབྱིངས་དེའང་། སྟོང་གཞིའི་སེམས་བག་ཆགས་མ་འཁྲུལ་བ་ལས་གྲུབ་པ་ཡིན་པས་ན། དུས་འཁོར་བསྡུས་རྒྱུད་ལས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །ཅེས་གསུངས་པ་བཞིན་ནོ། །འོ་ན་མདོའི་སྟོང་ཉིད་ལ་དགོས་པ་མེད་དོ་སྙམ་ན་མ་ཡིན་ཏེ། སྲིད་རྩེའི་དངོས་གཉེན་སྟོང་ཉིད་བདུད་རྩི་ལྟ་བུ་དེ་ཡིན། རྫོགས་ཆེན་ལྟར་ན་དབྱིངས་སྤྲོས་བྲལ་འདི་ནི་གདོད་མའི་སྟོང་ཆེན་གྱི་དབྱིངས་སམ་རིག་པ་ཀ་དག་གི་དབྱིངས་དེ་ལ་འཕོ་འགྱུར་མེད་པ། སྔགས་ལྟར་ན་སྐུ་དང་ཡེ་ཤེས་ཀྱིས་བརྒྱན་པའི་དབྱིངས། དེ་ཉིད་ལས། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་དང་འདྲ་མ་ཡིན། །ཞེས་པ་ལྟར་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་མི་ཕམ་ལ་སོགས་པས་གསུངས་པ་ཡིན་ནོ། །དབྱིངས༷་སྤྲོས༷་པའི༷་མཐའ་ཐམས་ཅད་དང༷་བྲལ༷་བའི་༷ཆོས༷་ཉིད༷་དེའི་ཡིན་ལུགས་བདེ༷་བར་གཤེགས༷་པ་ཞེས་སངས་རྒྱས་ཀྱི་མཚན་ཡིན་ལ། རང་གདངས་འགགས་པ་མེད་པའི་ཡེ་ཤེས་ནི་སྙིང༷་པོ༷། དེ་གཉིས་ཟུང་འཇུག་གི་ཆ་ནས་ཀློང༷་ཆེན༷་པོ༷་ན་ཞེས་པས་འཆར་གཞི་བསྟན། དེ་ལས་འཆར་ཆོས་ནི་མ་དག་འཁོར་བ་དང་། དག་པ་མྱང་འདས་གཉིས་ཀྱི་སྣང་བ་རབ་འབྱམས་སམ། ཡང་ན་ཆགས་སྡང་སོགས་དུས་གསུམ་ཡིད་ཀྱི་འཁྲུལ་རྟོག་དང་ཉམས་ཞེན་སོགས་མ་དག་འཁོར་བ་དང་། དག་པ་མྱང༷་འདས༷་ལྷུན་གྲུབ་ཐོད་རྒལ་གྱི་སྣང་ཆ་དབྱིངས་དང་ཡེ་ཤེས་ཐིག་ལེ་སོགས་ཀྱི་སྣང་༷བ༷་རབ༷་འབྱམ༷ས། ༈ དེ༷་ལྟ་༷བུའི༷་ལྟ༷་བ༷་སྤྲོས༷་བྲལ༷་གྱི༷་རང༷་བཞི༷ན་འདི་ལམ་སྒོམ་པས་ཉམས་སུ་བླངས་ན། དེ་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། སྐྱོབ་པའི་ནུས་མཐུ་སོགས་ཡོད་ལ། མཁྱེན་ཆ་ནི་འགག་པ་མེད་པ་ཀུན་ཤེས་ཀུན་རིག་གི་ཆ་རིག་སྟོང་ཟུང་འཇུག་གི་ལྟ་བ་དེ་ཉིད། ཤེས་རབ་ལྷག་མཐོང་གིས་གཏན་ལ་འབེབས་པའི་གཞི་བདུན་སྐྱོན་ཅན་དང་། སྐྱོན་མེད་རང་གཞུང་གི་གཞི་བཤད་ན་ལེགས་གསུངས་སོ། །སྟོང་ཉིད་དེའང་སྙིང་རྗེ་བརྩེ་བ་ཆེན་པོའི་བདག་ཉིད་དུ་བཞུགས་ཡོད་པ་ནི་བརྩེ་བའི་སྙིང་རྗེ། དུས་སྐད་ཅིག་ལ་དུས་གསུམ་ཡིད་ཀྱི་འཁྲུལ་རྟོག་ལས་སྐྱོབ་པས་ན་སྐྱོབ་པའི་ནུས་མཐུ། དབྱིངས་སྤྲོས་བྲལ་ཤེས་རབ་ལྷག་མཐོང་གི་ཆ་ཞི༷་གནས། ཐབས་བརྩེ་བའི་སྙིང་རྗེའམ། དུས་གསུམ་ཡིད་ཀྱི་འཁྲུལ་རྟོག་ཞི་བ་ཐབས་དང་། རིག་པའི་ངང་དུ་རྩེ་གཅིག་ཏུ་གནས༷་པའི་མཉམ་པར། ༈ སྤྱོད༷་པ༷་རྒྱལ༷་བའི༷་མྱུ་༷གུ༷་ཞེས་པའི་སྐབས། མྱུ་གུ་བཟང་པོ་ལས་སྡོང་པོ་མེ་ཏོག་འབྲས་བུ་སོགས་འཁྲུངས་པ་ལྟར། མཉམ་བཞག་སྐབས་ཚོགས་ཆེན་ཡེ་རྫོགས་ནི་ཕྱིན་དྲུག་ཚང་བ་ཡིན་པས་དེའི་སྟོབས་ཀྱིས་རྗེས་ཐོབ་སྤྱོད་ལམ་གྱི་སྐབས་སུའང་ཕྱིན་དྲུག་འབད་མེད་རང་ཤུགས་ཀྱིས་འབྱུང་བ་ནི་རིག་སྟོང་ཟུང་འཇུག་རྟོགས་བྱེད་ཀྱི་གྲོགས་སུ་བྱང་ཆུབ་སེམས་དཔའ་འམ། ༈ ཚེ་འདིར་ཀ་དག་ཞེས་པའི་སྐབས། རབ་ཚེ་འདིར་གྲོལ་བ་འཆི་མེད་གཉུག་མའི་བཙན་ས་ཟིན་པ། ཐིམ་རིམ་གྱི་མགོ་རྩོམ་པའི་ཚེ་གྲོལ་བ་ཚེ་འདིར་གྲོལ་བའི་ཕྱོགས་སུ་བསྡུ། འབྲིང་འཆི་སྲིད་ཆོས་སྐུའི་འོད་གསལ་ཤར་བའི་ཚེ་གྲོལ་བ་ཁྲེགས་ཆོད་ཀྱི་གྲོལ་བ། ཆོས་ཉིད་བར་དོ་ཐོད་རྒལ་གྱི་གྲོལ་བ། ཐ་མ་སྲིད་པ་བར་དོ། ཡང་ཐ་སྐྱེ་བ་ཕྱི་མ། ལོ་བཅུ་དྲུག་གམ་མིན་ཀྱང་རང་ལོ་ཉེར་ལྔའི་དུས་འོད་གསལ་རྫོགས་ཆེན་གྱི་ཆོས་དང་འཕྲད་ནས་ཚེ་དེ་ཉིད་ལ་གྲོལ་བ་རྫོགས་ཆེན་ལྟར་བཀའ་གཏེར་སྤྱིའི་འདོད་ལུགས་ཡིན་ནོ། ༈ །ལྟ་བ་རྒྱས་བཤད་སྐབས། ལྟ་བ་ཀློང་ཆེན་རབ་འབྱམས་ནི། ལ་བཟླ་གསུམ་གྱི་ཉམས་ལེན་གྱིས་སེམས་ཀྱི་གསང་ལ་བརྡེག་པ་ཞེས་གནད་ལ་བརྡེག་པ། དཔེར་ན་ཤན་པ་སྲོག་གི་གནད་ལ་མཁས་པ་བཞིན་འཁྲུལ་བའི་སྲོག་གཅོད་པར། སྤྱིར་མཚན་ཉིད་ཐེག་པའི་ལྟ་བ་ལུང་རིགས་ཀྱིས་གཏན་ལ་ཕབ་པ་ཞེས་ལུང་རྒྱལ་བའི་བཀའ། རྗེས་འཇུག་གི་བསྟན་བཅོས་རྣམས་དང་། རིགས་པ་ནི། ཤིང་རྟ་རྣམ་བདུན། དབུ་མའི་གནད་བཞི། ཡོད་མེད་སྐྱེ་འགོག །མཐའ་བཞི་སྐྱེ་འགོག རྡོ་རྗེ་གཟེགས་མ། གཅིག་དུ་བྲལ་སོགས་ཀྱིས་གཏན་ལ་འབེབས་པ་དང་། གསང་སྔགས་ཐུན་མོང་པའི་ཐབས་ལམ་དབང་གསུམ་པའི་དཔེའི་ཡེ་ཤེས་ལ་བརྟེན་ནས། ༈ འདིར་སྒྲུབ་རྒྱུད་དམ་པ་ཞེས་པའི་སྐབས། རང་ལུགས་འདིར་ཆོས་སྐུ་རྡོ་རྗེ་འཆང་ནས་ད་ལྟའི་རྩ་བའི་བླ་མའི་བར་གྱི་བརྒྱུད་པའི་ཕྱག་བཞེས་ནི། སེམས་ཀྱི་ཡལ་ས་འམ་འགྱུ་བའི་ཡལ་ས་ངོ་སྤྲོད་པ་ཡིན་ལ། ངོ་སྤྲོད་ལུགས་ནི། སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་ལ་བརྟེན་ནས་རགས་པའི་རྣམ་རྟོག་ཡུན་རིང་པོའི་བར་དུ་དྭངས་སུ་བཞག་པའི་ཚེ། དེས་ཤུལ་དེ་ན་གནས་ཆ་བདེ་གསལ་མི་རྟོག་པའི་ཉམས་གསུམ་ཡོད་པ་ལས། དེ་གསུམ་གང་རུང་ལས་མི་འདས། དེ་གསུམ་དང་བྲལ་དགོས་ཏེ། གཏོར་བྱེད་ཀྱི་ཡི་གེ་ཕཊཿ སྒྲ་དྲག་པོ་བྱས་པའི་ཚེ་ཉམས་ཞེན་གྱི་ཤུན་པ་རྣམས་འཐོར་བའི་ཚེ། སྐྱེ་མེད་ཆོས་སྐུའི་ངང་ནས་འགག་མེད་ཟང་ཐལ་རྗེན་པའི་རིག་ཆ། སེམས་རྣམ་ཤེས་ཚོགས་བརྒྱད་མ་ཡིན་པ། དེ་ལས་འདས་པའི་ཡེ་ཤེས་སྔར་མེད་གསར་བྱུང་རྒྱུད་ལ་སྐྱེས་པ་མ་ཡིན་པས། ཡེ་ནས་ཇི་བཞིན་པར་བཞུགས་པ་དེ་བླ་མའི་མན་ངག་གིས་ངོ་སྤྲོད་པ་ཡིན་པས་ན། ཞེས་སོ། །སེམས་རིག་བྱེ་བྲག་ཕྱེད་པ་ཙམ་ཡིན། བྱེ་བྲག་རིག་པ་ངོས་བཟུང་བ་ཙམ་ཡིན་གསུངས། འདི་ཡན་ཆོས་དབྱིངས་མཛོད་ལེའུ་དགུ་པའོ། །ངོ་སྤྲད་པའི་རིག་པ་དེ་ཡང་སྐྱེ་བ་མེད་པ་ཡིན་ཏེ། རྒྱུ་དང་རྐྱེན་གང་གིས་མ་བསྐྱེད་པ་སྤྲོས་པའི་མཐའ་ཡོད་མེད་གཉིས་ཀ་གཉིས་མིན་སོགས་མཐའ་བཞིའམ་བརྒྱད་ལས་འདས་པའི་ཡེ་ཤེས་ལེའུ་བཅུ་པའི་ཤན་འབྱེད་ཀྱི་འཕྱོངས་ཡིན་ནོ། །ངོ་བོ་སྟོང་པས་རྟག་པའི་མཐའ་དང་བྲལ། རང་བཞིན་གསལ་བས་ཆད་པའི༴ ཟུང་དུ་འཇུག་པས་ཐ་དད་ཀྱི༴ རྩལ་སྣང་སྣ་ཚོགས་སུ་འཆར་བའི་ཆ་ནས་གཅིག་པུའི་མཐའ་དང་བྲལ་བ་ཡིན་ནོ། །སེམས་ཀྱི་ཤེས་པ་སྐད་ཅིག་ཆ་མེད། གཟུང་བ་རྡུལ་ཕྲན་ཆ་མེད་ལྟ་བུ་ནི་མ་ཡིན་ལ། རིག་པ་ནི་ངག་གི་བརྗོད་བྱའི་ཡུལ་ལས་འདས་པ། རྩོལ་མེད་དེ་རྟོག་མེད་ཡིན། རིག་པ་རང་གི་ངོ་བོ་ལ་འཁྲུལ་གྲོལ་མེད་པའི་རང་གནས་ཡེ་ཤེས་བརྗོད་བྲལ། སེམས་ནི་སྐད་ཅིག་སྐྱེ་འགག་ཅན། རྒྱུ་གསུམ་རྐྱེན་བཞི་ལས་གྲུབ་པ་ཡིན་ནོ། །ཀློང་ཆེན་དང་མི་ཕམ་སོགས་ཀྱི་བཞེད་ལུགས་ཕར་ཕྱིན་ཐེག་པའི་ལམ་ནས་འཕགས་པའི་མཉམ་བཞག་སྐབས་རིག་པ་མངོན་སུམ། སྔགས་ཀྱི་རིག་པ་མངོན་སུམ་ངོ་འཕྲོད་པ་གཉིས་ལ་དགོངས་ནས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་གསུངས་ཡང་མདོ་ལམ་ནས་ཚོགས་སྦྱོར་ལམ་དང་། སྔགས་ཀྱི་ལྟ་བ་དོན་སྤྱི་ཙམ་ཡིད་ངོར་ཤར་བ་གཉིས་ལ་དགོངས་ནས། དོན་དམ་བློ་ཡི་སྤྱོད་ཡུལ་ཡིན། །ཞེས་པ་ལྟར་འགྲེ ལ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བདེ་གཤེགས་སྙིང་པོ་ཡེ་ནས་བཞུགས་པ་ལ་ཆོས༷་སྐུ༷་གཞི༷་གནས༷་ཀྱི་རིག་པ༷་ཟེ༷ར། དེ་བླ་མའི་མན་ངག་གིས་ངོ་སྤྲོད། དེ་ལ་གོམས་ནས་སྒྲིབ་པ་ཅི་རིགས་པ་དག་པའི་རྣལ༷་འབྱོ༷ར་ལམ༷་གྱི༷་ལྟ༷་བ༷་ཡིན། ངོ་སྤྲད་པ་དེ་ནི་གཞིའི་འོད་གསལ་དེ་ལས་གཞན་མ་ཡིན་པས་འདི་ཁོ༷་ནའོ༷། ༈ །རྫོགས་ཆེན་སྐབས་ཚོགས་སྦྱོར་གྱི་དུས་སུ། ཡིད་ཀྱི་ཤེས་པ་རྫིང་བུ་ལྟ་བུ་ལ། རིག་སྟོང་ཟུང་འཇུག་དོན་སྤྱི་ཟླ་གཟུགས་ཆུ་ལ་འཕོས་པ་ལྟ་བུ་ཡིན། མངོན་སུམ་རྟོགས་དུས་ཡིད་ཤེས་ནུབ་ཚེ་ཟླ་བ་དངོས་ཤར་བ་བཞིན་ནོ། །དང་པོ་ལྟ་བ་ལྟ་ཡུལ་གཉིས། ལྟ་མཁན་ཡིད་ཤེས། ལྟ་ཡུལ་རིག་སྟོང་གི་ཡེ་ཤེས་གཉིས་དབྱེར་མེད་དུ་གྱུར་བའི་ཚེ། བསྒོམ་མེད་འོད་གསལ་གྱི་འཁོར་ལོའི༴ དེའང་ལས་དང་པོ་པའི་ཚེ་རིག་པ་སྐད་ཅིག་དེ་མངོན་སུམ་ཤར་བའི་ཚེ། དེའི་ངང་ལ་ཡོད་སྐབས་དེ་ལས་གཞན་བསྒོམ་ཏུ་མེད་པས་འོད་གསལ། མ་བསྒོམ་ན་ཨེ་ཆོག་སྙམ་ན། འཁྲུལ་བ་རྒྱ་འབྱམས་སུ་སོང་བའི་ཐ་མལ་དང་ཁྱད་མེད། རིག་པ་རང་གི་ངོ་བོ་ལ་འཕོ་འགྱུར་མེད་ཀྱང་། གློ་བུར་རྣམ་རྟོག་གི་དྲི་མས་བསྒྲིབས་ཏེ། དྲི་མ་དག་ཚེ་སྐུ་གསུམ་སྟོན་པའི་སྐུར་བཞེངས་པ་ཡིན་ནོ་གསུངས། རིག་པ་མཐོང་བའི་ཆ་ནས་སྐད་ཅིག་མ། གནས་པའི་ཆ་ནས་དུས་གསུམ་འཕོ་འགྱུར་མེད་པ་ཡིན་གསུངས། ༈ ལྟ་བའི་ངོ་མ་འཕྲོད་ན་བསྒོམ་པའི་ངང༴ རྣལ་འབྱོར་ལམ་པ་བས་ལྟ་ཐོག་ནས་སྒོམ་པ་བཙལ་བ་ནི། དང་པོ་ལྟ་བ་ངོ་སྤྲད་ནས་དེ་ལ་གོམས་པ་སྒོམ་པ་ཡིན། སྒོམ་ཐོག་ནས་ལྟ་བ་བཙལ་བ་ནི་ངོ་མི་འཕྲོད་པ་རྣམས་ཡུན་རིང་པོའི་བར་སྒོམ་དུ་བཅུག་ནས་མཐར་ངོ་མ་སྤྲད་ན་རྩ་ཁམས་ཀྱིས་ངོ་མི་འཕྲོད་པའང་ཡོད་པ་ཡིན་ནོ། །ཞེས་གསུངས། རང་ངོ་འཕྲོད་པ་ལྟ་བ། ངང་ལ་གནས་པ་སྒོམ་པ། གང་ཤར་རང་གྲོལ་སྤྱོད་པ་ཞེས་གསུངས། ༈ དེ་ནས་སྒོམ་པ་རྒྱས་བཤད་ནི། ངང་བཞག་ཆུ་བོའི་རྒྱུན་གྱིས་སྒོམ་པའམ། རང་བཞིན་བབ་ཀྱི་བསམ་གཏན་ནི། རིག་པ་རང་གི་ངོ་བོ་ལ་འཁྲུལ་གྲོལ་མེད་པ་ཐོག་མེད་ནས་ད་ལྟའི་བར་དང་། ད་ནས་སངས་རྒྱས་ཀྱི་བར་དུས་གསུམ་དུ་འཕོ་འགྱུར་མེད་པ། བཅོས་མ་མ་ཡིན་པས་རིག་པའི་ངང་བཞག་དཔེ་ཆུ་བོའི་རྒྱུན་ལྟ་བུ་གསུངས། བསམ་གཏན་ཐབས་ལམ་མ་བརྟེན་བྱིང་རྒོད་བྲལ། ཞེས་གསུངས། ཀློང་དྲུག་པ་ལས། མ་བཙལ་བཞག་པའི་སྒོམ་པ་དང་། །རྩ་རླུང་སེམས་ཀྱི་ངལ་གསོ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་སོགས་གསུངས། རིག་པའི་རང་དུས་དེ་ན་གནས་པ་ལ་བསྒྲུབ་རྒྱུ་མེད། འཕྲོ་བ་ལ་དགག་བྱ་མེད་པར། རྩ་ཐིག་རླུང་སེམས་ཀྱི་ཐབས་ལ་བརྟེན་པ་ནི་འཕོ་འགྱུར་ཅན་ནོ། ༈ །ཀུན་འབྱུང་གི་བདེན་པ༴ དགེ་མི་དགེ་ལུང་མ་བསྟན་གསུམ་འཁོར་བའི་ཕྱོགས་ཀྱི་རྒྱུ། འབྲས་བུ་སྡུག་བསྔལ་བདེན་པ་ཁམས་གསུམ་སྣོད་བཅུད། མྱང་འདས་ཕྱོགས་ཀྱི་རྒྱུ་ལམ་བདེན། འབྲས་བུ་འགོག་བདེན་ནོ། །རྣམ༷་རྟོ༷ག་དེ༷་གའི༷་རང༷་བཞིན༷་ཞེས་པ་འཆར་གཞི་ལ་ཆོས༷་སྐུ༷་གཞིའི༷་འོད༷་གསལ༷་གཞི་གནས་པའི་འོད་གསལ་ཞེས་པའི་དོན། རྒྱུད་ན་བཞུགས་པའི་ཆ་ནས་གཞི། སད་པར་བྱ་བའི་ཆ་ནས་ལམ། སྒྲིབ་པ་དག་པའི་ཆ་ནས་འབྲས༷་བུ༷་འོད་གསལ་ཞེས་བརྗོད་པ་ཡིན། འོད༷་གསལ༷་མ༷་བུ༷་འཕྲོ༷ད་པ༷་ཞེས་བྱ་བའང་དེ་ཉིད་ཡིན་ནོ། །དེ༷་ལྟར༷་ནམ༷་ཡ༷ང་བླ་མས་ངོ་སྤྲད་པའི་ལྟ༷་བ༷་རང༷་གི༷་ངོ་བོ་ཤེས་པའི་འོད་གསལ་གྱི་རིག་པ་དེ༷་དྲན༷་པར༷་བྱས༷༴ ༈ རིག་པ་དེ་ཉིད་རྗེན་ལ་ཤར་བའི་ཚེ་རྣམ་རྟོག་དགེ་མི་དགེ་ལུང་མ་བསྟན་གང་ཤར་ཡང་ངན་པ་དགག་པ་དང་སྤང་མི་དགོས། བཟང་པོ་བསྒྲུབ་༷པའ༷མ་བླང་༷མི༷་དགོས༷་པ༷་གནད༷་དམ༷་པ༷་ཡིན་པས། ལས་དང་པོ་པས་རིག་པ་ངོ་འཕྲོད་ཀྱང་ཉམས་བདེ༷་གསལ༷་མི༷་རྟོག༷་པ༷་གཉུག༷་མའི༷་རིག་པའི་རང༷་ཞལ༷་འགེབ༷་པའི༷་ཉམས༷་ཞེན་རྣམས༷་དང་བྲལ༷་དགོས། རིག་པའི་རང་ཚུགས་མ་ཤོར་བ་ཉམས་གསུམ་པོ་སྐུ་གསུམ་གྱི་བསྒྲུབ་གཞི་རིག་པ་ཡུན་རིང་དུ་གནས་པའི་གྲོགས་ཡིན་པས། ཉམས་ཀྱི་གོས། རྣམ་རྟོག་གི་ཟས་གསུངས་པ་ཡིན་པས། རིག་པའི་ཡེ༷་ཤེས༷་ཁོ༷ང་ནས༷་ཤར༷་བའམ༷་གསལ་བ་ཡིན་ཏེ། ༈ བརྗོད༷་མེད༷་ཀྱི་དབྱིངས༷་བསྟན། དེའི་གདངས་འགག་པ་མེད་པའི་ཡེ་ཤེས་རིག༷་ཆ༷་ཟུང་འཇུག་ནི། ཕྱོགས་མཐའ་དབུས་ཐམས་ཅད་དང་བྲལ་བའི་ཟང་ཐལ༷་ལེ༷་མཉམ༷་བཞག༷་དང༷་རྗེས༷་ཐོབ༷་ཀྱི༷་སྒོམ༷་པ་སོ་སོར་མེད་ཅེས་གསུངས། དེ་ཡང་རིམ་སྐྱེས་པ་ལ་མཉམ་བཞག་དང་རྗེས་ཐོབ་གང་གི་ཚེ་རིག་ཆའི་ངང་བསྐྱངས་པ་ལས་གཞན་མེད་པར་བསྟན་པ་དང་། ཅིག་ཆར་བས་མཉམ་རྗེས་འདྲེས་ནས་གང་ཤར་ཚད་རིག་པའི་རྣམ་ལྡན་དུ་གྱུར་ནས་འགྲེལ་ཚུལ་གཉིས་སོ། ༈ །རང་གནས་ཕྱལ༷་བ༷་ནི་རིག་པའི་ངང་དུ་ཀུན་ལ་ཁྱབ་ཅིང་བརྡལ་༷བའི༷་ཆ་དང་། འཁྲུལ་པ་རྒྱ་འབྱམས་པའི་ཕྱལ་བ་ཞེས་བརྗོད་པ་ཚིག་གི་གྲོགས་མི་ཤེས་སོ། ༈ །ཡང་ཐོས་གྲོལ་ཅིག་ཆར་བའི་རིགས་ཅན་དེ་ལ་བླ་མའི་མན་ངག་གིས་ལྟ་བ་ངོ་སྤྲད་པ་ཙམ་གྱིས་རྟོགས་པ་དང་གྲོལ་བ་དུས་མཉམ་པ་སྟེ། རྟོགས་གྲོལ་དུས་མཉམ་ཨིནྟྲ་བྷུ་ཏི་བཞིན་ཞེས་སོ། །ཕྱི་སྣང༷་བའི་ཡུལ་དང་། ནང་འཛིན་པའི་སེམས༷་གཉིས་ཐོག་མའི་གཞི༷་ལ་གྲོལ༷་བས་ཆེན༷་པོ༷། དཔེ་ཉི་མའི་དཀྱིལ་འཁོར་བཞིན། རིག་པ་ལ་རྣམ་རྟོག་གིས་གནོད་མི་ནུས་པ་ཡིན། རིམ༷་གྱིས༷་པས༷་འཁྲུལ༷་བའི༷་གཞན༷་དབང༷་དུ༷་རྣམ་རྟོག་གི་རྗེས་འབྲང་བས། རིག་པའི་རང་དབང་ཡིན་ན་འཁྲུལ་བ་སོགས་ཉོན་མོངས་པས་གནོད་མི་ནུས་པ་ཡིན་པས་ཤར་གྲོལ་ཡིན། ༈ མཉམ༷་བཞག༷་རང༷་ས༷་ཞེས་པའི་སྐབས། ལྟ་བའི་གདངས་མ་ཤོར་སྒོམ་པའི་ངང་མ་ཤོར་བར་ལྷག་མཐོང་གི་རྩལ་སྦྱང་མ་ཐུབ་ན་ཉམས་མྱོང་གི་ཡེ་ཤེས་རྗེས༷་ཐོབ༷་སྤྱོད༷་ལམ༷་གྲུབ་ཐོབ་སྤྱོད་པ་གཤེགས་པ་དང༷་བསྲེ༷་མི༷་ནུས༷་པས་གཉེན་པོས་རྐྱེན་ཐུབ་དུས་གང་ཤར་གྱིས་ཚུགས་མི་ཐུབ་ཅེས་གསུངས། གཉེན་པོས་རྐྱེན༷་མ༷་ཐུབ༷་ན་རྣམ༷་རྟོག༷༴ རྗེས་ལ་ཐོབ་པའི་ཡེ་ཤེས་ཟང་ཐལ་དུ༴ ༈ རིག་སྟོང་ཆོས་སྐུའི་ལྟ་བ་དེ་ཉིད་ལས་བསྒོམ༷་བྱ༷་གཞན༷་ལོགས་ཤིག༷་ནས་ཚོལ༷་མི༷་དགོས༷། ༈ བྱ་བྱེད་ལས་གསུམ་དང་རྣམ་རྟོག་བཟང་ངན་བར་མ་ཐམས་ཅད་དཔེ་མི་རྒན་བྱིས་པའི་རྩེད་མོ་ལྟ་བ་བཞིན་རྩིས་མེད་རྟོག་མེད་སྒྱུ་མ་ལྟ་བུ་གར་གཏད་ངེས་པ་མེད་པ། སྣང་བ་དུམ་ཆོད་དུ་སྦྱང་བ་དང་། སྤྱི་ལ་སྦྱང་བ་གཉིས་ཀྱིས་གང་སྣང་ཁྲལ་ཁྲོལ་དུ་འགྲོ་གསུངས། འཕྲོས་དོན་ནི། ལས་དང་པོ་བའི་སྐབས་ཞི་གནས་མཚན་བཅས་དང་མཚན་མེད་དམ་རྟེན་བཅས་དང་རྟེན་མེད་གཉིས་ལས། དང་པོ་ནི། མཚན་བཅས་དམིགས་རྟེན་ལ་སེམས་གཏད་པ་དང་། མཚན་མེད་དམིགས་རྟེན་མེད་པར་གནས་ཆའི་ངང་དུ་བཞག་པ་ནི་ཞི་གནས། ཕྱི་ནང་སྣོད་བཅུད་དཔྱོད་བྱེད་ཀྱི་ཤེས་རབ་ཀྱིས་གཏན་ལ་དབབ་པ་ནི་ལྷག་མཐོང་། ཡང་སེམས་རྒོད་པ་དང་བྲལ་བ་ཞི་གནས། བྱིང་རྨུག་གཉིད་གསུམ་དང་བྲལ་བ་ལྷག་མཐོང་། སེམས་འཛིན་གྱི་བསམ་གཏན་དང་བྲལ་བ་ཞི་གནས། རྣམ་ཤེས་ཀྱི་རྟོག་དཔྱོད་དང་བྲལ་བའི་ལྷག་མཐོང་། ཞེས་གསུངས་སོ། །འདིར་རིག་པའི་ངོ་བོ་ཡེ་སྟོང་སྤྲོས་པ་དང་བྲལ་བའི་དབྱིངས་གནས་བྱ་གནས་བྱེད་དང་བྲལ་བའི་ཞི་གནས། དབྱིངས་དེའི་གདངས་འགག་པ་མེད་པའི་ཡེ་ཤེས་ལྷག༷་མཐོང་ཡིན་པས་དེ་གཉིས་དབྱེར༷་མེད༷། ཆོས༷་ཉིད༷་ཀྱི་འཆར་གཞིའི་རིག་པ་དེ་ཉིད་ཡིན་ལ། དེ་ནི་ཡང་དག་གཉུག༷་མའི༷་དྲན་པས་རང༷་ངོ༷་རྒྱུན་སྐྱོང༷་བ༷་དང་། རྗེས་ཐོབ་སྐབས་ཡེངས་ཚེ་དྲན་པ་ཡང་ཡང་བསྟེན་ནས་རང་ངོ་སྐྱོང་བ་དེ་ནི་བློ་འདས་ཆོས་སྐུའི་དོན་ལ་མི་བལྟ་བར། བློས༷་བྱས༷་པའི་བཅོས༷་མ༷་ཐམས་ཅད་སྟོང་པའོ་ཟེར་བ་སོགས་པའི་རྗེས་སུ་འབྲང་ན་མ་རིག་པའི་གཟེབ༷ས་སུ༷༴ ལྟ་བའི་ཐོག་ཏུ་བློ༷་ཐག༷་རྦད་ཀྱིས་ཆོད༷་དགོས༷་པས༷་ཁྲེགས་ཆོད་དང་ཐག་ཆོད་དོན་གཅིག་གོ། ༈ །སྤྱོད་པ་རྒྱས་པར་བཤད་པ་ནི། ད་ནི་དེ་དག་གི་ཚེ་གྲོལ་ལུགས་ལ་སྤྱི་དང་བྱེ་བྲག་གཉིས། སྤྱི་ལ་འབད་བཅས་དང་འབད་མེད་གཉིས། འབད་བཅས་སྣང་བ་ཡུལ་གྱི་བློ་ཅན་ཡིན་ལ། དེ་ནི་རྣམ་རྟོག་གང་ཤར་བ་ངོས་བཟུང་ནས་མ་བཅོས་པར་འཇོག་པ་ནི་འགྱུ་བ་གནས་དག་གི་དགོངས་པ་བསྐྱངས་པ་དེ་ཡིན་ནོ། །འབད་མེད་ནི་རིག་པ་རང་སྣང་གི་བློ་ཅན་ཏེ། དེ་ནི་རིག་པ་རྗེན་པར་ཤར་ཡོད་པའི་ཚེ་བཟང་རྟོག་ངན་རྟོག་ལུང་མ་བསྟན་གསུམ་གྱི་རྟོག་པ་གང་ཤར་ཐམས་ཅད་ཤར་ཙམ་ནས་རྡོ་ཚན་ལ་ཁ་བ་བབས་པ་ལྟར་ཤར་གྲོལ་རྗེས་མཐུད་མེད་པའོ། །བྱེ་བྲག་ལ་གྲོལ་ཚུལ་ལྔ་ཡོད་དེ། ཡེ་གྲོལ། རང་གྲོལ། ཅེར་གྲོལ། མཐའ་གྲོལ། གཅིག་གྲོལ་དང་ལྔ་ཡོད་ཀྱང་། དེ་དག་གི་གནད་རང་གྲོལ་མངོན་སུམ་དུ་སྟོན་པ་གསུམ་པོ་ཐུན་མིན་གྱི་ཁྱད་ཆོས་སོ། །ཉམས་ལེན་ལ་ཤར་གྲོལ་གྱི་གདེངས༷་མེད༷་ན༷་སེམས༷་གནས༷་བསམ་གཏན༷་ཙམ་ལ་ངལ༷་གསོ༷་བ་ནི། ཡུན་རིང་པོའི་མགྲོན་པོས་རེ་ཞིག་ངལ་གསོ་བ་ལྟ་བུའི་སྒོམ་ནི། དཔེ་མུ་སྟེགས་ལྷག་སྤྱོད་ལོ་བཅུ་གཉིས་ལ་བསམ་གཏན་ལ་གནས་པ་བཞིན་ནོ། །ཞེས་པས་རང་ལྟ་མཆོག་འཛིན་བདུད་ཀྱིས་བསླུས་པ་ཡིན་གསུངས་སོ། །བས མ་གཏན་སེམས་གནས་ཀྱི་སྒོམ༷་ཙམ༷་གྱིས་ནི་ཁམ༷ས་གོང༷་མའི༷་གོལ༷་ས༷་ལས༷་མི༷་འདའ༷་ཞིང་། རྣམ་ཤེས་ཚོགས་བདུན་གྱི་ཟག་བཅས་དགེ་བས་མཐོ་རིས་གསུམ། མི་དགེ་བས་ངན་སོང་གསུམ་དུ་འཕེན། ཀུན་གཞིའི་སྟེང་ནས། བདེ་བའི་ཉམས་ལ་གོམས་པ་ཤས་ཆེ་ན། འདོད་ལྷ་དྲུག་གི་ཐོག་མ། གསལ་བ་ཤས་ཆེ་ན་གཟུགས་མེད་ཁམས་བདུན་ནས་འཕགས་པའི་ས་ལྔ་མ་གཏོགས་པའི་སོ་སོའི་སྐྱེ་བོའི་ས་བཅུ་གཉིས། མི་རྟོག་པ་ལ་གོམས་པ་ཤས་ཆེ་ན། སྐྱེ་མཆེད་མུ་བཞི་དང་། ཚོགས་དྲུག་བཀག་ན་ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བའོ། །རྒྱུ་མཚན་དེའི་ཕྱིར་ན་ཁམས་གསུམ་གྱི་བྱེད་པོ་སེམས་ཡིན་གསུངས་སོ། །སེམས་གནས་ཙམ་ལ་ཤར་གྲོལ་གྱི་གནད་མེད་པས་ཆགས༷་སྡང༷༴ དགེ་སྡིག་གི་ལས་འདུ༷་བར་བྱེད༷་པས་ན༷། ༈ ལྟ་བ་རིག་སྟོང་ཟུང་འཇུག་དེ་ཉིད་ཇི་བཞིན་པར་མ་རྟོགས་ན་ཐག་ཆོད་ཀྱི་བློ་གདེངས་མི་ཐོབ་པའམ་མི་ཁེལ་བས་ན། སྟོང་པ་དམ་པས་མདུན་ནས་ཚོལ། ཞེས་སོ། །དེའི་ཕྱིར་ན་གོང་ན་བཤད་པའི་ཤར་གྲོལ་གྱི་གནད་དེ་གལ་ཆེ་ལ། གྲོལ་ཚུལ་ནི། གང་ཟག་གཅིག་གི་རྒྱུད་ལ་བཟང་རྟོག་ངན་རྟོག་ལུང་མ་བསྟན་གསུམ་ལས་མེད་དེ། །བཟང་རྟོག་ནི་གྲོལ་བ་མ་ཟད་ངོས་ཟིན་པའང་དཀའ་སྟེ། དད་པ་དང་སྙིང་རྗེ་ལྟ་བུ་སྐྱེས་པའི་ཚེ། ཡུལ་དཀོན་མཆོག་གསུམ་བདེན་གྲུབ། ཡུལ་ཅན་རང་བདེན་གྲུབ་ཏུ་བཟུང་ན། དད་པ་སོགས་བདེན་གྲུབ་ཀྱི་རྣམ་པར་ཤར་བ་ཡིན། སྙིང་རྗེའང་དེའང་མཚུངས་སོ། །དེ་ལྟར་དགོས་ན་བདེན་མེད་དབྱིངས་ཀྱི་རྒྱན་དུ་ཤར་བའམ་གྲོལ་དགོས། ཡང་འཆི་བ་མི་རྟག་སོགས་སྐྱེས་ན། དེའང་སྐྱེ་འཆི་མཚན་འཛིན་གྱི་རྟོག་པ་དབྱིངས་སུ་དྭངས་དགོས། ཡང་ན་ཟས་གོས་གནས་མལ་ཡོ་བྱད་ཀྱི་སྐྱིད་སྣང་སོགས་ཤར་བའི་ཚེ་གྲོལ་བ་ཕར་ཞོག །སྣང་བ་ལྟར་དུ་ཞེན། ཞེན་པ་ལྟར་དུ་འཐས་ནས་ལས་གསོག་པ་ཡིན་གསུངས། ངན་རྟོག་ཆག༷ས་སྡང༷་རྨོང༷ས་གསུམ་ཡང་གྲོལ་དགོས་མ་གཏོགས། ཕན་མེད་གནོད་མེད་ཀྱི་རྣམ་རྟོག་ལུང་མ་བསྟན་རྣམས། ཐ་མལ་པས་ཀྱང་ལག་ལེན་ལ་མི་བཏབ། བཏབ་ཚོད་མེད། རྣམ་རྟོག་ཕྲ་རགས་ཐམས་ཅད་གྲོལ་དགོས་པས་ཁ་ཕོ་མ་མཐོ། རང་རྒྱུད་ལ་བརྟག་དཔྱད་ཀྱིས། གྲོལ་ལུགས་ཀྱི་གནད་གང་ལྟར་ན་གྲོལ་གཞི་རིག་སྟོང་ཟུང་འཇུག །གྲོལ་བྱ་བཟང་རྟོག་ངན་རྟོག་ལུང་མ་བསྟན་གསུམ། གྲོལ་ཚུལ་ལྔ་ལ་སོགས་པས་གྲོལ་བས། ཡེ་གྲོལ་ཡིན་པས་བསྐྱལ་གཞི་མེད། །རང་གྲོལ་ཡིན་པས་གཉེན་པོ་མེད། །ཅེར་གྲོལ་ཡིན་པས་མཐོང་སར་ཡལ། །གཅིག་གྲོལ་ཡིན་པས་སྔ་ཕྱི་མེད། །རང་ཤར་རང་གྲོལ་ཉམས་ལེན་གྱི་སྲོག་ཡིན། མི་གྲོལ་བ་མེད་པས་རེས་འགའ་ལྟ་བུ་མ་ཡིན། མཉམ་བཞག་གི་སྐབས་སེམས་བྱུང་འོག་འགྱུ་ནི། རྣམ་རྟོག་སྣ་ཚོགས་ཤར་བ་གྲོལ་མ་ཐུབ་པའི་ཚེ་དྲན་པ་ཡང་ཡང་བསྟེན་དགོས། རྩིས་ཟིན་གྱི་རྟོག་པ་ཆུ་ལ་རི་མོ་བྲིས་པ་ལྟ་བུ། མཉམ་བཞག་དེ་ཕུབ་མ་ལྟ་བུ། འོག་འགྱུའི་རྟོག་པ་ཆུ་ལྟ་བུ། འོག་འགྱུའི༷་རྟོག་པ་ས་རྡོ་ལ་རི་མོ་བྲིས་པ་ལྟ་བུས་ནི་འཁོར་བའི་ལས་གསོག །ཕྲ༷་བ་ཉམས་བདེ་གསལ་མི་རྟོག་སོགས་དང་རགས་པ་ཚོགས་དྲུག་གི་ཡུལ་ལ་འགྱུ་བའི་རྣམ༷་རྟོག༷་ཅི༷་སྐྱེས༷་ཐམས༷་ཅད༷་ཐོག་མའི་གཞི་ན་མེད། མཐར་ཕྱིན་འབྲས་བུའི་དུས་ན་མེད་པའི་འཁྲུལ་པ་ཅི་སྐྱེས་ཐམས་ཅད་ཤར་གྲོལ། ༈ བློས་བྱས་འཇུར་དྲན་གཞོན་ནུ་མས་བལ་འཁལ་བ་ལྟ་བུ་ཕྲ་སྦོམ་འཇུ་རུ་ཅན་ཡིན། གནས་ན་བྱ་ར་བ་ལྟ་བུ། འཕྲོ་ན་ཕྱུགས་རྩིས་ལྟ་བུ་རྣམ་རྟོག་ཐམས་ཅད་ངོས་བཟུང་ནས་དགག་སྒྲུབ་བྱེད་པ་མ་ཡིན་པར་རིག་ངོ་འཕྲོད་པའི་གང་ཟག་ཡིན་ན་རང༷་བབ༷་གཉུག་༷མའི༷་དྲན༷་པ༷་དང༷་མ༷་བྲལ༷་བར༷་དྲན་སྣང་ཡེ་ཤེས་ཀྱི་འཁོར་ལོ། རྣམ་རྟོག་ཤར་ཙམ་ནས་དྲན་མཁན་ཆོས་ཉིད་དུ་གྲོལ་ན་ཐོག་མའི་སྐྱོང་ཚུལ་མ་ནོར་བ་ཡིན་པས་ན། དྲན་པ་རང་གྲོལ་ཐིག་ལེའི་ངང་། ཇི་སྐད་དུ། བློས་བྱས་འཇུར་བ་དྲན་པ་ནི། །ཀློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་སོ། ༈ །རྣམ༷་རྟོག༷་ཅི༷་ཤར༷་རང༷་ངོ༷་ཤེས༷་པ༷་ཙམ༷་གྱིས་འཁྲུལ༷་བའི༷་ལས༷་རྒྱུན༷་མི༷་ཆོད༷་པས༷། འགྱུ་བ་ངོ༷་ཤེས༷་པ༷་དང་མཉ༷མ་དུ༷་རིག༷་པའི༷་རང༷་ངོ༷་ཅེར༷་གྱིས༷་མཐོང༷་བའི༷་རྣམ་རྟོག་ཤར་བ་ཙམ་ནས་མཉམ་བཞག་དང་རྗེས་ཐོབ་ཀྱི་ལྟ་བ་དེ་ཉིད་སྔར༷་འདྲིས༷་ཀྱི༷་མི་དང་འཕྲད་པ་བཞིན་དུ་རྟོག་དཔྱོད་མེད་པར་ལྟ་བ་རིག་སྟོང་ཟུང་འཇུག་གི་ཡེ༷་ཤེས༷་དེ་ཉིད༷་ངོས༷་བཟུང༷་ནས༷་ང༷ང་དུ༷་བཞག་གོ། ༈ །རིག་པ་རྗེན་ལ་ཤར་ཡོད་པའི་ཚེ་གང་ཅི༷་ཤར༷་བ༷་ཐམས༷་ཅད༷་མི༷་དགག༷་པར་རྩལ་གྱི་རྣམ་རྟོག་ཇི་ཤར་ཐམས་ཅད་ལྷག་མཐོང་གི་རྩལ་སྦྱང་ཡིན་པས་ཤར༷་དུ་བཅུག༷་ལ༷། གང༷་ཤར༷་ཐམས་ཅད་རིག་པའམ་གཉུག༷་མའི༷་ངང༷་དུ་༷དག༷་པ༷་ཡིན་པས། ཆོས༷་སྐུའི༷་རྩལ༷་སྦྱོང༷་བའམ༷་མངོན་དུ་འགྱུར་བྱེད་ཀྱི་ཐབས་སམ་གྲོགས་ཡིན་པས་རྟོག་པ་གང༷་ཤར༷་ཐམས༷་ཅད༷་རིག༷་པ༷་རང་ཉིད་ཀྱི་རྩལ༷་དུ་འཆར་ཞིང་། དུག༷་ལྔའི༷་རྣམ༷་རྟོག༷་ཅི༷་ཙམ༷་རགས༷་པ་ཞེ་སྡང་དྲག་པོ་ལྟ་བུ་སྐྱེས༷་ཀྱང༷། ལྟ་བ་ཕྱིན་ཅི་མ་ལོག་པ་ངོ་འཕྲོད་པའི་གང་ཟག་དེའི་རིག་པ་དེ་ཙམ་དུ་གྲོལ༷་བའི༷་ནུས་པའམ། རིག༷་པ༷་གསལ༷་ངར༷་དང༷་ལྡན༷་པས༷་ན༷། དཔེར་ན་སྐྱེས་བུ་ཁ་ཟས་དང་གཉིད་སོགས་ཀྱིས་ལུས་སྟོབས་རྒྱས་པ་བཞིན། གང༷་ཅི༷་ཤར༷་བ་རིག༷་སྟོང༷་རྗེན༷་པས༷་རྟོག་ཚོགས་ཟས་སུ་ཟ་བའོ། ༈ །རིག༷་པ༷་རང་གི་ངོ༷་བོ༷་ཟང༷་མ་ཐལ༷་བྱུང་ཕྱི་ནང་སྒྲིབ་གཡོག་དང་བྲལ་བ་ཡེ་ཤེས་ཡིན་གྱི༷་དེའི་ངང༷་ལས༷་རིག་པའི་རང༷་རྩལ༷་དུ༷་འཆར༷་བའི༷་ཚེ༷་ན་བླང༷་བྱ་བཟང་རྟོག་དང་དོར༷་བྱ་ངན་རྟོག་ཐམས་ཅད་སྤང་བླང་མེད༷་པར༷་གྲོལ་བ་བསྐྱངས༷་བས༷། རྣམ་རྟོག་ཤར༷་བའི༷་དུས༷་ནས༷་རང་སར་གྲོལ༷་བ༷་དཔེ་ནམ་མཁའི་བྱ་ལམ་ལྟ་བུ། ཆོས༷་སྐུའི༷་ཡོོ༷་ལངས༷་སམ་རང་བཞིན་ལས༷་མ༷་འདས༷་པས༷་ན༷་ཇི༷་འགྱུ༷་ཆོས༷་སྐུ༷་རྒྱལ༷་པོའི༷་རྩལ། སེམས༷་རྟེན༷་མ༷་རིག༷་བདེན་འཛིན་ལས་གྲུབ་པའི་འཁྲུལ༷་བ་ངའོ་སྙམ་པའི་གང་ཟག་གི་བདག་དང་། ཀ་བ་སོགས་ཆོས་བདག་གཟུགས་སོགས་བདེན་གྲུབ་དུ་འཛིན་པ་དེའི་གཉེན་པོ་རིག༷་པ༷་ཡེ༷་ཤེས༷། འོད་གསལ་རྒྱུན་ཆད་མེད་པ་ཞེས་འཁྲུལ་བའི་རྒྱུན་བཅད་པ་ཡིན། འགྱུ༷་བ༷་གང༷་སྐྱེས༷་རང༷་གི༷་ངོ༷་བོ༷་སྟོང༷་པ་རིག་པ་ལས་མི་གཞན་པ་རྒྱ་མཚོ་ལས་རླབས་བཞིན་རང་བྱུང་རང་ཐིམ་པའོ། ༈ །རྣམ༷་རྟོག༷་སྒོམ༷་དུ༷་ཤར༷་བ་ནི་གང་ཤར་བ་ཐམས་ཅད་སྒོམ་དུ་འཁྱེར་ཤེས་པ་ཡིན། གནས༷་འགྱུའི༷་བར༷་ལག༷་འགྱེལ༷་ཞེས་པ་རིག་པ་རྗེན་པར་ཤར་ནས་རླུང་སེམས་ཤིན་ཏུ་དྭངས་པའི་ཚེ་རྣམ་རྟོག་མི་འཆར། གལ་ཏེ་ཤར་ཀྱང་དེའི་ངང་ལས་མི་འདའ་བས་གནས་པའི་གོ་ས་མི་བཀག །གནས་ན་ཤར་ཆ་འགག་པ་མེད་པས་ཤར་བའི་གོ་ས་མི་བཀག་པས་ན། འཆར༷་ལུགས༷་སྔར༷་དང༷་འདྲ༷་བ༷་ལ། ༈ ཐ་མལ་བས་རྣམ་རྟོག་ལ་སྣང་བ་ལྟར་དུ་ཞེན། ཞེན་པ་ལྟར་དུ་འཐས་ནས་བདེན་གྲུབ་ཏུ་ཤར་ནས་དགེ་སྡིག་གི་ལས་འདུ་བར་བྱེད་པས་འདུ་བྱེད། ༈ འགྲེལ་ཚུལ་ལ་སྔར༷་འདྲེས༷་པའི་རྗེས་ཐོབ། སྦྲུལ༷་མདུད༷་མཉམ་བཞག་སྐབས་ལྟར་གསུངས་པ་ཞལ་རྒྱུན་ནོ། །གཞུང་གི་འགྲེལ་ཚུལ་གང་ཟག་ལམ་པ་བ་ལྟར་དུ་ཤེས་པའོ། །ཡང་དབང་པོ་རབ་འབྲིང་ཐ་མ་གསུམ་དུ་ཡང་བཞེད་པ་ཡོད་གསུངས། ཁང༷་སྟོང༷་རྐུན༷་མ༷་ཞེས་པ་ས་མི་འཆོར་བས་རྣམ་རྟོག་ལ་ཐོབ་རྒྱུ་མེད། རིག་པ་ལ་ཤོར་རྒྱུ་མེད་པ་ཡིན་ནོ། །དཔེ་རྡོ་རྗེ་དང་ཕ་ལམ་རལ་གྲི་ལྟ་བུའོ། །དེ་ལྟ་བུའི་གྲོལ༷་ལུགས་༷་ཀྱི། ༈ སྒོམ་པ་ཤེས་ཀྱང་ཞེས་པའི་དོན། སྟོང་ཆ་སོགས་ཡིད་ཤེས་ཀྱི་དམིགས་པར་བཟུང་ནས་གཉིས་འཛིན་གྱི་མཚན་མ་མ་ཞིག་པ་དེ་ཡིན། མི་ཕམ་པས་སོ། ༈ །གོལ་ས་གསུམ་ནི། དང་པོ་རྒྱུ་བསམ་གཏན༷་ཙམ༷་ལ༷་གདེངས༷་བཅས༷་ནས་འབྲས་བུ་ཤི་མ་ཐག་ཁམས༷་གོང༷་མའི༷་བསམ ༷་གཏན༷་དུ༷་སྐྱེ་བ་ཡིན། གཉིས་པ་གནས༷་འགྱུ༷་ངོ༷་ཤེས༷་པ༷་ཙམ༷་གྱིས༷་ནི་ཆོག༷་སྙམ་ན་ཐ་མལ་བ་དང་ཁྱད་མེད་པའོ། །གསུམ་པ་ཐམས་ཅད་སྟོང་པའམ་ཆོས༷་སྐུ༷འོ་ཞེས་སོགས་བློས༷་བྱས༷་ཀྱི་རྒྱས༷་བཏབ་པ་སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་ཡིན་པས་རྐྱེན༷་ངན༷་དང༷་འཕྲད་ཚེ༷་རྟོག་པའི་དུག་རོ་ལྡང་བ་ཡིན་ནོ། ༈ །རྣམ༷་རྟོག༷་གང༷་སྐྱེས༷་འཆར་བའམ་བསླངས༷་ནས༷་འཁྲུལ་རྟོག་བཟང་ངན་བར་མ་ཐམས་ཅད་ཡེ་༷ཤེས་སུ་དག༷་ཚེ༷། རྐྱེན༷་ངན༷་པ་གང་བྱུང་ཡང་གྲོགས༷་སུ༷་འཆར་བ་ཞེས་པ། རྐྱེན་ངན་གྲོགས་སུ་འཆར་བ་འོད་གསལ་གྱི་ཕ་ཕོག །ཅེས་སོ། །རྒྱུ་ཉོན༷་མོངས༷་པའི་རྟོག་པ་གང་ཤར་ལམ༷་དུ༷་འཁྱེར་བར་བྱེད༷་པ་ནི་སྔགས་ཀྱི་ལམ་བདེན། འབྲས་བུ་འཁོར༷་བ༷་མ༷་སྤངས༷་བར་གནས༷་ཚུལ་སྐུ་དང་ཡེ་ཤེས་སུ༷་དག༷་པ་ནི་འགོག་བདེན། སྲིད༷་པ་འཁོར་བ་དང་། ཞི༷་བ་མྱང་འདས་ཀྱི་འཆིང༷་བ༷་མཐའ་དག་ལས༷་གྲོལ༷་ཏེ༷། སེམས་སེམས་བྱུང་གི་རྟོག་པ་ཐམས་ཅད་འཆར་གཞི་ལས་ཤར་ཆོས་ཡིན་པས་རྣམ་རྟོག་ཐམས་ཅད་ཕར་དྭངས་ཚེ་འོད་གསལ་རང་རིག་པའི་ཡེ་ཤེས་ཤར་ཡོད་པས། ཡེ་ཐོག་མ་མེད་པ་ནས་སེམས་དང་ལྷན་སྐྱེས་ཀྱི་ཡེ་ཤེས་ཡིན་པས་ན། འཆར་ཆོས་མེད་ན་འཆར་གཞི་མེད། ལྡོག་ཆ་ནས་ཤེས་དགོས། ལྟ་བའི་སྟེང་ནས་སྒོམ་པའི་ངོ་སྤྲོད་པ་དེའི་སྟེང་དུ་གདེངས༷་གྲོལ༷་ཐོག༷་ཏུ༷་བཅའ༷་བ༷་སྟེ༷་གནད༷་གསུམ༷་པའོ༷། ༈ །ལྟ་སྒོམ་སྤྱོད་གསུམ་གྱི་བསྡུས་དོན་ནི། ལ་བཟླ་གསུམ་གྱི་གནད་དེ་ལ་བརྟེན་ནས་ལྟ༷་བ་སྒོམ༷་པ་སྤྱོད༷་པ་གསུམ་དང་། ད་ལྟ་ནས་སྐུ་གསུམ་གྱི་བསྒྲུབ་གཞིའི་འབྲས༷་བུ༷་ལམ་བྱེད་བཞི་ཀ༷་ཚང་བ། དེ་ལས་མི་འདའ་བ་དམ་ཚིག་དང་ལྔ༷་པོ༷་རིག་པ་ཟང་ཐལ། ༈ ལྟ་བ་ལ་དབྱེ་ན་ཆོས་ཅན་ལྟ་བའི་ལྟ་བ་གནས་ཚུལ་དག་པ་སྐུ་དང་ཡེ་ཤེས་སུ་རྟོགས་པའོ། །ཆོས་ཉིད་ལྟ་བའི་ལྟ་བ་ནི་དེའི་རང་བཞིན་ཡེ་སྟོང་སྤྲོས་པ་དང་བྲལ་བའི་དབྱིངས་སོ། །འདིར་རང་རིག་ལྟ་བའི་ལྟ་བ་ནི་མངོན༷་སུམ་༷རྗེན༷་པའི༷་ཡེ༷་ཤེས༷་དེ༷་ཉིད༷་ལས་གྲོལ་བ་ཞིག་ནམ༷་རྟོགས་ཀྱང་རིག་པ་ཡེ་ཤེས། ༈ ལྟ༷་སྒོམ༷་ངོ་བོ་གཅིག་ལ་ལྡོག་ཆ་ཐ་དད་དུ་ཕྱེ་བས་དུ༷་མ༷་རོ༷་གཅིག། ༈ ཐེག་པ་བརྒྱད་པོ་འོད་གསལ་རྫོགས་ཆེན་གྱི་ཐེག་པའི་ལམ༷་སྟེགས༷་སམ༷་གྲོགས༷་ཡིན་ཏེ། དཔེར་ན་བཞོན་པ་བཟང་པོ་ལྟ་བུ་ནི་འདིའི་ཐེག་པ་ཡིན། འདིར་ཐེག་པ་ནི་མཐར་ཐུག་གི་འབྲས་བུ་ཡིན་ནོ། །ཁྲེགས་ཆོད་ཀྱི་ཀ༷་དག༷་གི་རིག་༷པ༷་དང༷་། ཐོད་རྒལ་གྱི་ཤེས༷་རབ༷་རང༷་བྱུང༷་གི༷་སྒྲོན༷་མ༷་གཉིས་དོན་གཅིག་པས་དེའི་རང༷་ཞལ༷་མཇལ༷་བས༷་དེ་ལ་གོམས་པའི་ཚེ་དེའི༷་རྩལ༷་ཐམས་ཅད་རིམ་བཞིན་སྒོམ༷་བྱུང༷་གི༷་ཤེ༷ས་རབ༷། ༈ ཆོས་ཅན་གྱི་སྣང་ཚུལ་ཆོས་ཉིད་ཀྱི་གནས་ཚུལ་ཐམས་ཅད་མཁྱེན༷་པའི༷་ཀློང་། དཔེར་ན་དབྱར༷་གྱི༷་ཆུ༷་བོ༷་ལྟར༷་རྡོལ༷་བ༷་དང་། ལྟ་བའི་བསྡུས་དོན་རིག་པའི་ངོ་བོ་ཡེ་སྟོང་སྤྲོས་པ་དང་བྲལ་བའི་གདོད་མའི་སྟོང་ཆེན་གྱི་དབྱིངས་དེ་ཉིད་ཀྱི་གཤིས༷་ནི་བརྩེ་བའི་སྙིང༷་རྗེ༷་ཆེན༷་པོའི༷་རྣམ་པར་ཤར་ནས་ཡུལ་རྐྱེན་དང་འཕྲད་ཚེ་བརྩེ་བའི་ཐུགས་རྗེ་ཕྱོགས་དང་རིས་སུ་ཆད་པ་མེད་པར་གཞན་སེམས་ཅན་གྱི་ཁམས་ལ་འཇུག༷་པ༷་ནིི༷་མཚན་ཉིད་དམ་ཆོས༷་ཉིད༷་ཡིན༷་པས༷་ན༷། ལྟ་བ་མ་ནོར་བ་ངོ་འཕྲོད་ནས་དེ་ཉམས་སུ་བླངས་ན་སྙིང་རྗེ་རྩོལ་བས་བསྒོམ་མི་དགོས་གསུངས། མཁྱེན༷་བརྩེ༷་འབྲེལ༷་བའི༷་སྒོམ༷་པ༷་དང་། སྒོམ་པའི་བསྡུས་དོན། དེ་ལྟར་རྣམ་ཀུན་མཆོག་ལྡན་གྱི་སྟོ༷ང་ཉིད་༷དམ་གདོད་མའི་སྟོང་ཆེན་གྱི་དབྱིངས་དེ་ཉིད་དང་བརྩེ་བའི་སྙིང༷་རྗེ༷་ཆེན་པོ་ཟུང༷་དུ༷་འཇུག༷་པའི༷་ལམ༷་གྱི༷་གནད༷། རང༷་རྩལ༷་དུ༷་འཆར༷་ལ༷་མཉམ་བཞག་ལ་ཡེ་ཤེས་ཀྱི་ཚོགས་དང་རྗེས་ཐོབ་སྐབས་དེ༷་ལྟ་༷ བུའི༷་སྤྱོད༷་པ༷་རྒྱུ་བསོད་ནམས་ཀྱི་ཚོགས་ཕྱིན་དྲུག་སོགས། ཞི་བ་ཕྱོགས་གཅིག་པ་ལྟ་བུར་མི་གོལ། སྤྱོད་པའི་བསྡུས་དོན་ནོ། ༈ །ཤིན་ཏུ་ཟབ་པར་གདམས་པ་ནི། སྙིང༷་ཐིག༷་རྡོ༷་རྗེ༷་སྙིང༷་པོ༷་འོད་གསལ་རྫོགས་པ་ཆེན་པོ་གཞི་ལམ་འབྲས་བུའི་གནད༷་ཐམས་ཅད་སྨན་གྱི་འཐུས༷་ཀ༷་ལྟར་བསྡུས་པ་འདི༷་ལས༷་ལྷག༷་པ༷་གཞན་ཞིག་མེད༷་པས༷་འོ་མ་སྲུབ་པ་ལས་མར་ལྟ་བུ་མན་ངག་གི་ཉི ང༷་ཁུར་ངེས་ཀྱང་། བླ༷་མ༷་དམ༷་པའི༷་ཞལ༷་ལུང༷་ཇི་ལྟ་བ་བཞིན་དོན་ལ་ནོར༷་ས༷་མེད༷་པ༷་ཚིག་ལ་ལྷག་ཆད་མེད་པ་ལས། ༈ ཆོས་གཏེར་མ་ཡིན་པའི་འཇིག༷་རྟེན༷་གྱི་ནོར་གཏེར༷་ཕལ༷་པ༷། ༈ སྙིང་ཐིག་གི་ལུགས་འདིར་ཡང་དག་སངས་རྒྱས་ལྕེ་བཙུན་སེང་གེ་དབང་ཕྱུག་ལྟ་བུ་གདུང་དང་རིང་བསྲེལ་མ་བཞག །མངོན༷་རྫོགས༷་སངས་རྒྱས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལྟ་བུ་གདུང་དང་རིང་བསྲེལ་འགྲོ་བའི་ཚོགས་བསགས་པའི་དོན་དུ་བཞག་པ། དེ་ལྟ་བུའི་སངས༷་རྒྱས༷་དེ་ལ་རྒྱལ༷་བ༷་ཐམས་ཅད་ཀྱི་དགོངས༷་བརྒྱུད༷་ཀྱི་ཐུགས་བཅུད་རྟོགས༷་ཤིང༷་ཀུན་མཁྱེན་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་ལྷག་ཙམ་སོང་བའི་རྗེས་སུ་རིག༷་འཛིན༷་འཇིགས༷་མེད༷་གླིང༷་པས༷་མཛོད་བདུན་སོགས་ལ་གཟིགས་པས་ངེས་ཤེས་ཡང་དག་མ་སྐྱེས་པའི་ཚེ་མཆིམས་ཕུ་ནགས་ཀྱི་འདབས་སུ་ལོ་གསུམ་དུ་ཀུན་མཁྱེན་ཆེན་པོ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ཅིང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་ལ་བརྟེན་ནས་བསྒྲུབས་པས་ཡེ༷་ཤེས༷་ཀྱི༷་སྐུས༷་ལན་གསུམ་དུ་ཞལ་མངོན༷་སུམ༷་དུ༷་བསྟན༷་ནས༷་རིག༷་འཛིན༷་བརྡ༷་རྒྱུད༷། ཡེ་ཤེས་བླ་མ་ལས། གནད་གསུམ་གྱི་མན་ངག་འདི་ཀུན་མཁྱེན་བླ་མས་ཁོ་བོའི་བགོ་སྐལ་དུ་བཞག་ནས་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་དུ་ཕྱིན་པ་ཡིན་ནོ། །གསུངས་སོ། །དེས་ཁོ་བོ་དཔལ་སྤྲུལ་རྡོ་རྗེ་འཆང་བདག་གི་དྲིན༷་ཆེན༷་རྩ༷་བའི༷་བླ༷་མ༷་འཇིགས་མེད་རྒྱལ་བའི་མྱུ་གུ་ལ༷་ཞལ༷་ནས༷་སྙན༷་དུ༷་བརྒྱུད༷་དེ༷་གདམས༷་པ་ཟབ་མོ་ངག་གིས་བརྗོད་བྱའི་སྒོ་ནས་ལྟ་བའི་ངོ་སྤྲོད་བཏབ་ནས་ཆོས་ཉིད་མངོན་སུམ་དུ་མཇལ་ཏེ། དེ་ལྟ་བུའི་གདམས་པ་ཟབ་མོ་འདི་ཉམས༷་སུ༷་མི་ལེན༷་པའི༷་གང༷་ཟག༷་སྔགས་རྫོགས་ཆེན་ལ་མི་དད་ཅིང་ཐེ་ཚོམ་གྱི་སྐུར་བ་འདེབས་པ་རྣམས་ལ་བསྟན་དུ་ཕངས་ཤིང་། འདི་ལྟ་བུའི་གདམས་པ་ཟབ་མོ་ཉམས་སུ་ལེན་པ་སྔགས་རྫོགས་ཆེན་ལ་དད་པ་དང་ངེས་ཤེས་ཡང་དག་པ་སྐྱེས་ནས་ཉམས༷་སུ༷་ལེན༷་པའི༷་གང༷་ཟག༷་ལ༷་བསྟན༷་པར༷་བྱ༷་བ་སྟེ། ཞེས་ཟབ་པར་གདམས་པ་ཡིན་གསུངས། ཞེས་པ་འདི་ཡང་འབངས་ཀྱི་ཐ་ཤལ་སྙོམས་ལས་མཁན་དེས་བྲིས་པ་དགེ་ལེགས་འཕེལ།།


previousཚིག་གསུམ་གནད་བརྡེག་གི་ཟིན་བྲིས་ཀྱི་དོན་བཀྲོལ་བ། next