Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
ཚིག་གསུམ་གནད་བརྡེག་གི་ཟིན་བྲིས་བླ་མའི་ཞལ་རྒྱུན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚིག་གསུམ་གནད་བརྡེག་གི་ཟིན་བྲིས་བླ་མའི་ཞལ་རྒྱུན།next

ཚིག་གསུམ་གནད་བརྡེག་གི་ཟིན་བྲིས་བླ་མའི་ཞལ་རྒྱུན།

ཚིག་གསུམ་གནད་དུ་བརྡེག་པའིི་མན་ངག་བླ་མ་དམ་པ་དག་གི་ཞལ་ལུང་དང་བཅས་པ་བཞུགས།

མཚུངས་མེད་ཐུགས་རྗེའི་མངའ་བདག་དྲིན་ཆེན་རྩ་བའི་བླ་མ་ལ་ཕྱག་འཚལ་ལོ། །འདིར་ལྟ་སྒོམ་སྤྱོད་པའི་གནད་ཉུང་ངུར་ཉམས་སུ་ལེན་པའི་ཚུལ་འཆད་པར་འདོད་ནས། དང་པོ་དང་པོ་བླ་མ་དཀོན་མཆོག་ཀུན་འདུས་ཀྱི་ཀྱི་ངོ་བོ་བླ་མ་ཡིན་པའི་ཕྱིར་དེ་ལ་ཕྱག་འཚལ་བ་ཁོ་ནས་སྐྱབས་གནས་ཇི་སྙེད་པ་ལ་ཕྱག་འཚལ་བར་འགྱུར་བའི་ཕྱིར། མཚོན་བྱེད་དཔེའི་བླ་མ་གཟུགས་སྐུ་ཞལ་ཕྱག་གི་རྣམ་པ་དེ་ཉིད་ཡིན་ལ། མཚོན་བྱ་དོན་གྱི་བླ་མ་སྙིང་དབུས་ཀྱི་འོད་གསལ་དེ་ཉིད་བླ་མའི་མན་ངག་གིས་སད་པར་བྱས་ནས་དེ་ཉིད་ཉམས་སུ་བླང་བ་སྐྱེ་མེད་དོན་གྱི་བླ་མ་ཡིན་པས་ན་བླ་མ་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་ནས་བཤད་བྱའི་དོན་ལྟ་སྒོམ་སྤྱོད་གསུམ་ཡང་རྩ་རྒྱུད་ཀྱི་བླ་མ་ཐམས་ཅད་རང་སེམས་དང་དབྱེར་མེད་པར་ཤེས་ནས་ཉམས་སུ་བླངས་ན་ལྟ་སྒོམ་སྤྱོད་གསུམ་ཡང་རིག་པའི་ཡེ་ཤེས་དེར་འདུ་བ་ཡིན་པས་ན་ལྟ་སྒོམ་སྤྱོད་གསུམ་༼ཉེ་བརྒྱུད་ཀྱི་༽རྩ་བརྒྱུད་ཀྱི་བླ་མའི་མཚན་དོན་དང་སྦྱར་ནས་འཆད་པའི་དང་པོ་ནི། དབྱིངས་སྤྲོས་པ་དང་བྲལ་བའི་ཆོས་ཉིད་༼མདོ་ལྟར་༽བདེར་གཤེགས་སྙིང་པོའི་༼ཕ་རྒྱུད་ལྟར་གཞི་རྒྱུད་སོགས་༽ ཀློང་ཆེན་པོ་༼རིག་པའི་དབྱིངས་༽ ན་༼རོལ་པ་༽འཁོར་འདས་ཀྱི་སྣང་བ་རབ་འབྱམས་ཇི་སྙེད་པ་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་དུ་རྫོགས་པའི་༼མཉམ་པ་ཆེན་པོའི་༽དོན་ཤེས་པ་ནི་ལྟ་བ་ཡིན་པས་ན། ལྟ་བ་ཀློང་ཆེན་རབ་འབྱམས་ཡིན། དེ་ལྟ་བུའི་ལྟ་བ་སྤྲོས་བྲལ་༼གནས་ལུགས་༽ གྱི་རང་བཞིན། མཁྱེན་ཆ་ཤེས་རབ་༼ རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷག་མཐོང་འགྱུ་བ་རང་གྲོལ་དུ་དག་པས་རྒོད་པའི་མཐའ་དང་བྲལ་བའི་ཞི་གནས། གསལ་བའི་ངར་དང་མ་བྲལ་བས་བྱིང་བའི་མཐའ་དང་བྲལ་བའི་ལྷག་མཐོང་ངོ་། ༽ལྷག་མཐོང་གིས་གཏན་ལ་འབེབས་ཤིང་སྟོང་ཉིད་དེ་ཡང་སྙིང་རྗེ་བརྩེ་བ་ཆེན་པོའི་ཞི་གནས་ཀྱི་༼རིག་པ་ནི་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་ཡིན་པས་ན་ཤེས་རབ་ཆེར་འགྲོ་བ་དང་། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཡིན་པས་སྙིང་རྗེ་ཆེར་འགྲོ་བ་དང་། ཤེས་རབ་སྙིང་རྗེ་ཟུང་འཇུག་གམ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་༽ཐབས་དང་མ་བྲལ་བར་རྩེ་གཅིག་ཏུ་མཉམ་པར་འཇོག་པ་སྟེ། སྟོང་ཉིད་སྙིང་རྗེ་དང་འབྲེལ་བ་ནི་བསྒོམ་པ་ཡིན་པས་ན། བསྒོམ་པ་མཁྱེན་བརྩེའི་འོད་ཟེར་ཡིན། དེ་ལྟ་བུའི་ལྟ་བསྒོམ་དང་ལྡན་པའི་ངང་ནས་རྒྱལ་བའི་མྱུ་གུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་དང་མཐུན་པའི་གཞན་ཕན་ཕ་རོལ་དུ་ཕྱིན་པ་དྲུག་༼ རིག་པ་གསལ་ངར་ལྡན་པའི་དུས། གང་དུའང་མི་འཛིན་པ་སྦྱིན་པ། མ་ཆགས་པ་ཚུལ་ཁྲིམས། ངང་ལ་མི་སྐྲག་པ་བཟོད་པ། མི་བརྩོན་པ་བརྩོན་འགྲུས། རིག་པ་རང་བབས་ཀྱི་བསམ་གཏན། ཞི་གནས་རང་བྱུང་གི་ཤེས་རབ་དང་དྲུག ཐུན་མོང་མ་ཡིན་པ་ཀུན་ཏུ་བཟང་པོའི་སྤྱོད་པ་སོགས་༽ཉམས་སུ་ལེན་པ་ནི་སྤྱོད་པ་ཡིན་པས་ན། སྤྱོད་པ་རྒྱལ་བའི་མྱུ་གུ་ཡིན། དེ་ལྟ་བུའི་ལྟ་བསྒོམ་སྤྱོད་སྤྱོད་གསུམ་ཉམས་སུ་ལེན་པའི་གང་ཟག་དེ་༼ཤིན་ཏུ་༽སྐལ་བ་དང་ལྡན་པར་སྟོན་པའི་ཕྱིར། དེ་ལྟར་ཉམས་སུ་ལེན་པ་ལ། དེའང་གནས་དབེན་པའི་རི་ཁྲོད་བརྟེན་ནས་ཚེ་འདིའི་བྱ་བ་བཏང་སྟེ་རྩེ་གཅིག་ཏུ་ཉམས་སུ་ལེན་ནུས་ན་ཚེ་འདིར་ཀ་དག་གི་གཞི་ཐོག་ཏུ་གྲོལ་བར་འགྱུར་བས་ན། ཚེ་གཅིག་སངས་རྒྱས་ལ་ཐང་མེད། དེ་ལྟར་མིན་ཀྱང་དེ་ལྟ་བུའི་༼བློ་བྲལ་གྱི་༽ ལྟ་སྒོམ་སྤྱོད་གསུམ་ལ་བློ་ཁ་ཕྱོགས་པ་ཙམ་ཡོད་ཀྱང་། ཚེ་འདིར་རྐྱེན་ངན་ལམ་དུ་ཁྱེར་ཤེས་པ་དང་། ཚེ་འདིའི་བྱ་བཞག་རེ་དོགས་མང་པོ་མི་སྐྱེ་ཞིང་། ཕྱི་མ་བདེ་བ་ནས་བདེ་བར་འགྲོ་བར་འགྱུར་བས་ན། མིན་ཀྱང་བློ་བདེ་ཨ་ལ་ལ། དེ་ལྟ་བུའི་ཕན་ཡོན་དང་ལྡན་པའི་ལྟ་སྒོམ་སྤྱོད་གསུམ་རིམ་བཞིན་འཆད་པ་ལས། དང་པོ་ལྟ་བ་ཉམས་སུ་ལེན་ཚུལ་རྒྱས་པར་འཆད་འདོད་ནས།༼ལྟ་བ་ལ་ཤན་འབྱེད་པ་ནི། ཐེག་པ་རྣམས་ཀྱི་ཡིད་དཔྱོད་དང་། །ཆོས་ཉིད་མངོན་སུམ་ལྟ་བ་གཉིས། །ལྟ་བའི་ངང་ནས་འདྲ་ན་ཡང་། །འདྲའོ་འདྲའོ་ནོར་ར་རེ།༽ ལྟ་བ་ཀློང་ཆེན་རབ་འབྱམས་ནི། དེ་ཡང་དོན་གདམས་ངག་ཚིག་གསུམ་ཉམས་ལེན་གྱི་གནད་ལ་བརྡེག་པས་འཁྲུལ་བའི་སྲོག་གཅོད་པར་བྱེད་པ་ཡིན་པས་ན། ཚིག་གསུམ་དོན་གྱི་གནད་དུ་བརྡེགས། དང་པོ་ལྟ་བ་ངོ་མ་འཕྲོད་པ་ངོ་སྤྲོད་པའི་ཐབས་ལ། སྤྱིར་མཚན་ཉིད་ཐེག་པ་ནས་ལྟ་བ་ལྟ་བ་ལུང་༼སྡེ་སྣོད་གསུམ་དང་༽རིག་༼པ་གཞི་ཀ་དག་༽གིས་༼ མཐའ་བཞི་དག་༽གཏན་ལ་འབེབས་པ་དང་། གསང་སྔགས་ཐུན་མོང་པ་རྣམས་ཀྱིས་དབང་གསུམ་པའི་༼ བདེ་བ་ཆེན་པོའི་དབང་གི་༽དཔེའི་ཡེ་ཤེས་ལ་བརྟེན་ནས་༼འཇུག་ལྡང་སོགས་ཀྱིས་༽ བཞི་པའི་དོན་གྱི་ཡེ་ཤེས་ངོ་སྤྲོད་པ་སོགས་༼སྒོམ་ཐོག་ནས་ལྟ་བ་ཚོལ་བ་༽སོགས་ལུགས་མང་ཡང་། ༼མཛོད་ལས། སྟོན་པའི་བསྟན་པ་རྣམ་གཉིས་ཏེ། སོགས་ལྟར་བཤད་སྒྲུབ་གཉིས་ལས།༽འདིར་སྒྲུབ་རྒྱུད་དམ་པ་རྣམས་ཀྱི་ཕྱག་བཞེས་ལྟར་ན། སེམས་ཀྱི་ཡལ་ས་༼ཡེ་གཞི། གྲོལ་གཞི། གྲོལ་ས། ༽ངོ་སྤྲོད་པ་སྟེ། དེ་ཡང་སེམས་འཁྲུལ་རྟོག་གི་རྦ་རླབས་འཚུབ་པའི་དབུས་ན། ཡུལ་གྱི་རྗེས་སུ་འབྲང་བའི་རྣམ་རྟོག་རགས་པ་དག་གིས་རང་གི་སེམས་ཉིད་ཀྱི་རང་ཞལ་སྒྲིབ་པས་ན་ངོ་སྤྲད་ཀྱང་མི་འཕྲོད་པ་དེའི་ཕྱིར་རགས་པའི་རྣམ་རྟོག་དངས་སུ་འཇུག་པའི་ཕྱིར་༼རྫོགས་ཆེན་གྱི་སྐབས་རླུང་རང་སར་འཇོག་དགོས་པའི་རྒྱུ་མཚན་ནི་འགྲོ་འོང་ལས་ཀྱི་རླུང་རང་དངས་ལ་སོང་ཚེ་ཀུན་རྟོག་ཉོན་མོངས་པའི་རླུང་དག་ནས་རིིག་པ་ཡེ་ཤེས་ཀྱི་རླུང་དབྱིངས་སུ་འཁྱིལ་བ་ནི་རྫོགས་ཆེན་གྱི་ཁྱད་ཆོས་ཡིན།༽དང་པོ་རང་སེམས་ལྷོད་དེ་བཞག །འོན་ཀྱང་རང་སེམས་མ་བཅོས་པར་བཞག་པ་ཉིད་འོད་གསལ་བའི་ཡེ་ཤེས་ཡིན་ལ། བློ་བྱས་བཅོས་མའི་ལམ་གྱིས་གནས་ལུགས་མི་རྟོགས་པས་ན། མ་བཅོས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ལ་གནས་པ་མཚོན་པའི་ཕྱིར། མི་སྤྲོ་མི་བསྡུ་རྣམ་རྟོག་མེད། ལས་དང་པོ་པའི་གནས་སྐབས་ན། སེམས་བཞག་གཉུག་མའི་ངང་བསྐྱངས་ཀྱང་། གནས་ཆ་བདེ་གསལ་མི་རྟོག་ཉམས་ཀྱི་ཞེན་པ་དང་བཅས་པའི་ངང་ལས་འདའ་མི་སྲིད་པས་ན། ངང་ལ་ཕྱམ་གནས་ལྷོད་དེའི་དུས། །རིག་ངོ་མཐོང་ནས་རིག་ཐོག་ཏུ་ཡོད་ཚེ་བདེ་གསལ་མི་རྟོག་སོགས་རྐྱེན་གང་ཡིན་ཀྱང་རབ་རིག་པའི་གསལ་འདེབས་ཡིན། མིན་ཀྱང་རིག་པའི་ངང་མ་ཤོར་ན་མི་སྐྱོན་གསུངས། དེ་ལྟ་བུའི་ཉམས་ཞེན་གྱི་སྦུབས་དང་བྲལ་ནས་རིག་པ་༼ རྣམ་རྟོག་གི་གོས་ཧྲུལ་དང་བྲལ་ནས་༽ གཅེར་བུ་ཟང་མ་ཐལ་བྱུང་གི་གནས་ལུགས་རྗེན་པར་སྟོན་པའི་ཕྱིར། ཐོལ་བྱུང་བློ་རྡེལ་ཕཊ་ཅིག་རྒྱབ། རྣམ་རྟོག་གི་རྒྱུན་ཐག་གཅོད་པ་དང་། བློས་བྱས་ཀྱི་སྒོམ་པ་འཇིག་པ་ལ་གནད་དུ་ཆེ་བས་ཕཊ་སྒྲ་དེ་ཡང་དྲག་ལ་ངར་ཐུང་བ་དགོས་པས། དྲག་ལ་ངར་ཐུང་ཨེ་མ་ཧོ། དེའི་ཚེ་ན་སེམས་འདི་ཡིན་འདི་མིན་གྱི་གཟའ་གཏད་ཐམས་ཅད་དང་བྲལ་བ་ནི་༼གྲོལ་ས་ཉིད་ནི་ཐོག་མ་ལའོ། །ཞེས་པ་ལྟར། ༽གྲོལ་བ་མངོན་དུ་གྱུར་བ་ཡིན་པས་ན། ཅི་ཡང་མ་ཡིན་ཧད་དེ་བ། དེ་ལྟ་བུའི་གཏད་སོ་དང་བྲལ་བའི་ཆོས་སྐུ་དེའི་ངང་ལ་༼རྟོག་བྲལ་གྱི་རིག་པ་མངོན་དུ་རྟོགས་པ། ཟང་ཐ ལ་ནི་ཆགས་ཐོགས་བྲལ་བའི་དོན་ཏེ་ཆགས་ཐོགས་མེད་པའི་དོན་ནི། ཕར་དངོས་པོ་ཐམས་ཅད་ཟིལ་གྱིས་གནོན་པ། ཚུར་གང་གིས་ཀྱང་མི་ཚུགས་པ།༽ ཟང་ཐལ་རྗེན་པའི་རིག་ཆ་སེམས་ལས་འདས་པའི་ཡེ་ཤེས་༼ཤན་འབྱེད་ལ། ཀུན་གཞི་དང་ཆོས་སྐུ། སེམས་དང་རིག་པ། བདེན་གཉིས། ༽ཇི་བཞིན་པར་བཞུགས་པས་ན། ཧད་དེ་བ་ལ་ཟང་ཐལ་ལེ། དེ་ལྟ་བུའི་ཟང་ཐལ་དེ་ཡང་སྐྱེ་འགག་༼ངོ་བོ་སྟོང་པས་ཡོད་པའི་མཐའ་ལས་གྲོལ། རང་བཞིན་གསལ་བས་མེད་པའི་མཐའ་ལས་གྲོལ། ཆོས་སྐུ་ཐིག་ལེ་ཉག་གཅིག་གི་རང་བཞིན་ཡིན་པས་དུ་མའི་མཐའ་ལས་གྲོལ་ལོ། །ཡེ་ཤེས་ལྔའམ་ཉེར་ལྔ་སོགས་ཀྱི་བདག་ཉིད་དུ་བཞུགས་པས་གཅིག་པའི་མཐའ་ལས་གྲོལ་བས་ན་རིག་པའི་ཡེ་ཤེས་སུ་རྟོགས་པས་ཆད་མཐའ་སེལ། གསལ་བས་རྟག་མཐའ་སེལ་ཏེ་སྣང་སྟོང་དབྱེ་བསལ་མེད་པའི་ཕྱིར།༽ཡོད་མེད་༼ཕུང་ལྔའི་རྟོག་པ་མ་འགག་བཞིན་དུ་སྣང་མ་མྱོང་བ་ནམ་མཁའི་བྱ་ལམ་བཞིན་རྗེས་མེད་རང་ཡལ་སོང་ན་རིགས་ལྔའི་ངོ་བོར་གྲོལ་བ་ཡིན་པར་གུ་ཎས་གསུངས།༽ ལ་སོགས་པའི་མཐའ་ལས་འདས་ཤིང་ངག་དང་ཡིད་ཀྱི་རྩོལ་རྟོག་གི་ཡུལ་ལས་འདས་པའི་རང་གནས་ཡེ་ཤེས་བརྗོད་བྲལ་གྱི་གནད་ཡིན་པས་ན། ཟང་མ་ཐལ་བྱུང་༼རིག་པ་བསམ་བྱ་དང་བྲལ་བ་༽བརྗོད་དུ་མེད། ༼ཟང་མ་ཐལ་བྱུང་ཞེས་དྲན་བསམ་རྗེས་མེད་དུ་སོང་བ་འཁོར་འདས་རྒྱ་གྲོལ་རྟོགས་པའོ་ཞེས་ཡོན་དགས་གསུངས།༽དེ་ལྟ་བུའི་གནད་དོན་དེ་ཆོས་སྐུ་གཞི་གནས་ཀྱི་རིག་པ། རྣལ་འབྱོར་ལམ་གྱི་ཀ་དག སྤྲོས་བྲལ་དོན་གྱི་ལྟ་བ་ཡིན་པས་འདི་ཁོ་ན་ངོ་མ་ཤེས་ཀྱི་བར་དུ་ཇི་ལྟར་བསྒོམ་ཤིང་ཉམས་སུ་བླངས་ཀྱང་༼དགའ་རབ་རྡོ་རྗེའི་ཞལ་སྔ་ནས། ཡིད་དཔྱོད་འཛིན་པའི་ལྟ་བ་ཉོན་རེ་མོངས། །དེ་ལ་བརྟེན་པའི་བསྒོམ་པ་ཡི་རེ་མུག དེ་ལ་སྤྱོད་པའི་སྤྱོད་པ་ཐང་རེ་ཆད། དེ་ལ་འབྲས་བུར་རེ་བ་ཡོངས་རེ་འཁྲུལ། ཞེས་པ་ལྟར།༽ བློས་བྱས་བཅོས་མའི་ལྟ་སྒོམ་ལས་མི་འདའ་བས། རང་བཞིན་རྫོགས་པ་ཆེན་པོའི་ལམ་དང་གནམ་ས་བས་རིང་ཞིང་སྒོམ་མེད་འོད་གསལ་གྱི་འཁོར་ལོའི་གནད་མེད་པས་ན། འདི་ཁོ་ན་ངོ་ཤེས་པ་དང་པོ་གལ་ཆེ་བས། ཆོས་སྐུའི་རིག་པ་ངོས་ཟུངས་ཤིག །དེའང་ལྟ་བའི་རྟོགས་ཚད་རྐྱེན་དང་འཕྲད་ཚེ་ཤེས་ཏེ། དང་པོ་རྐྱེན་ངན་དུ་ཤེས། བར་དུ་ལམ་དུ་སློང་། ཐ་མ་འོད་གསལ་གྱི་ཉམས་ལྡན་དུ་ཤར་དགོས། དེ་ཡང་དགྲ་ལྟ་བུས་གནོད་པ་བྱས་ཚེ། གཟུགས་ཀྱིས་ཉེ་བར་ལེན། ཚོར་བས་ཉམས་སུ་མྱོང་། འདུ་ཤེས་ཀྱིས་དེ་ལ་མཚན་མར་འཛིན། འདུ་བྱེད་ཀྱིས་འཁོར་བའི་ལས་བསགས་པས། རྣམ་ཤེས་ཀྱིས་རྣམ་པར་ཤེས། དེ་དུས་ཀྱི་འཆར་གཞིའི་རིག་པ་ངོས་ཟིན་པར་བྱས་ན། ཕུང་ལྔ་རིགས་ལྔའི་ངོ་བོར་གྲོལ་བའོ། །དེའི་བདེ་བ་དང་ཉོན་མོངས་སོགས་ལ་རིགས་བསྒྲེས་སོ། །དེ་ལྟ་བུའི་དོན་དེ་ཚིག་གསུམ་གནད་དུ་བརྡེག་པའི་དང་པོ་ཡིན་ཞིང་ལྟ་བ་ངོ་མ་འཕྲོད་ན་སྒོམ་པས་ངང་སྐྱོང་རྒྱུ་མི་འོང་པས་དང་པོ་ལྟ་བ་ངོ་འཕྲོད་པ་གལ་ཆེ་ལ། དེ་ཡང་རང་གནས་ཀྱི་ཡེ་ཤེས་རང་ལ་གནས་པ་ཉིད་ངོ་སྤྲོད་པ་ཡིན་གྱི་གཞན་ནས་བཙལ་དུ་ཡོད་པ་མ་ཡིན། སྔར་མེད་རྒྱུད་ལ་སྐྱེས་པ་མ་ཡིན་པས་ན། ངོ་རང་ཐོག་ཏུ་སྤྲད་པ་སྟེ་གནད་དང་པོའོ། །༼ཤེས་རབ་རང་རྩ་ལ་རྫོགས་པ་དང་། །ཡིད་ཀྱི་དྲན་པ་ཕྱི་ཤོར་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ངོ་སྤྲོད་པའི་སྐབས་འདིར་ལ་བཟླའི་ཟུར་འདོགས་དགོས།༽དེ་ནས་སྒོམ་པ་ཉམས་སུ་ལེན་ཚུལ་རྒྱས་པར་འཆད་པ་ལ། ༼གནས་ཚུལ་གྱི་སྒོ་ནས་རིག་པ་རྒྱུན་མ་ཆད་པ་དང་མཉམ་བཞག་གི་དབང་དུ་བྱས་ནས་རྟོགས་པ་ཀློང་དུ་གྱུར་པའི་དུས་ནས་ཆོས་ཉིད་ཟད་པའི་དུས་ལྟ་བུ་ཡིན་ཀྱང་ད་ལྟ་ལས་དང་པོ་པའི་དུས་སུ་གདོད་མ་གཞིའི་འོད་གསལ་གཤིས་དེར་ཕེབས་ནས་ཉམས་སུ་བླངས་ན་དེ་དང་ཕྱོགས་མཚུངས་སོ། །ལྟ་སྒོམ་ཆིག་ཆོད་དུ་སོང་ན་མ་གཏོགས་སྒོམ་དགོས། སྒོམ་དང་བསམ་གཏན་ཤན་འབྱེད། གནས་ལུགས་མ་བཅོས་པའི་སྒོམ་པ་དང་། བློས་བྱས་བཅོས་མའི་སྒོམ་གཉིས་ཤན་འབྱེད་དེ།༽ངང་བཞག་ཆུ་བོའི་རྒྱུན་གྱི་སྒོམ་པ་དུས་དང་གནས་སྐབས་ཐམས་ཅད་དུ་ཡོད་པས་གནས་འཕྲོ་ལ་༼གནས་པ་མི་སྒྲུབ། འགྱུ་བ་མི་དགག །མཉམ་པ་མི་སྒྲུབ།༽དགག་སྒྲུབ་མེད་པར་གནས་ན་ཆོས་སྐུའི་རང་ངོ། འཕྲོ་ན་ཡེ་ཤེས་ཀྱི་རང་རྩལ་དུ་སྐྱོང་བས་ན། དེ་ནས་འཕྲོའམ་གནས་ཀྱང་རུང་། སེམས་རྣམ་རྟོག་གི་རྩལ་ལས་ཀུན་འབྱུང་གི་བདེན་པ་ཁྲོ་ཆགས་སོགས་ཉོན་མོངས་པ་དང་། སྡུག་བསྔལ་གྱི་བདེན་པ་སྐྱིད་སྡུག་སོགས་དང་༼ལམ་བདེན་དང་སོགས་༽ ཚོར་བའི་རོ་མྱོང་གང་སྐྱེས་ཀྱང་རྣམ་རྟོག་དེ་དག་གི་༼འཆར་གཞི་༽རང་བཞིན་ཆོས་ཉིད་དུ་ཤེས་ན་ཆོས་སྐུའི་ཡོ་ལང་དུ་གྱུར་བས་ན། ཁྲོ་འམ་ཆགས་སམ་སྐྱིད་དམ་སྡུག དེ་ལྟར་མ་ཟད་སྤྱིར་༼བློ་བྲལ་གྱི་གནས་ལུགས་༽ ལྟ་བས་ངོ་འཕྲོད་ཀྱང་སྒོམ་པས་ངང་མ་འཁྱོ ངས་པར་༼ལྟ་སྒོམ་གྱི་ལ་མ་བཟླས་ན་༽འཁྲུལ་འབྱམས་ཐ་མལ་དུ་ཤོར་ན་རྣམ་རྟོག་རང་རྒྱུད་པས་འཁོར་བར་འཆིང་ཞིང་། ཆོས་དང་རང་རྒྱུད་སོ་སོར་སོང་ནས་ཐ་མལ་པ་དང་ཁྱད་མེད་པར་འགྱུར་བས་མི་སྒོམ་༼པའི་སྒོམ་༽པ་རང་བཞག་ཆེན་པོ་དང་ནམ་ཡང་མི་འབྲལ་བ་ཞིག་དགོས་པས་ན། ༼ངང་བཞག་ཆུ་བོའི་རྒྱུན་གྱི་སྒོམ་པ་གནས་ཚུལ་གྱི་སྒོ་ནས་རིག་པ་རྒྱུན་མ་ཆད་པ་དང་། མཉམ་བཞག་གི་དབང་དུ་བྱས་ནས་རྟོགས་པ་ཀློང་དུ་གྱུར་བའི་དུས་ནི་ཆོས་ཉིད་ཟད་པའི་དུས་ལྟ་བུ་ཡིན་ཀྱང་། ད་ལྟ་ལས་དང་པོ་བའི་དུས་སུ་གདོད་མ་གཞིའི་འོད་གསལ་གྱི་གཤིས་དེར་ཕེབས་ནས་ཉམས་སུ་བླངས་ན་དེ་དང་ཕྱོགས་མཚུངས་སོ།༽། དུས་དང་གནས་སྐབས་ཐམས་ཅད་དུ། དེ་ལྟར་གནས་འཕྲོ་སོགས་གང་གི་ཚེའང་ཉོན་མོངས་པ་དང་རྣམ་རྟོག་ཐ་དད་པ་རེ་རེས་འདུལ་བ་མ་ཡིན་གྱི། རྣམ་རྟོག་དང་གཉེན་པོ་གང་སྐྱེས་ཀྱང་གཉེན་པོ་ཆིག་ཆོད་ཀུན་གྲོལ་སྔར་ངོ་སྤྲད་པའི་ལྟ་བ་དེ་གཅིག་པུ་ངོས་འཛིན་པ། ༼གཅིག་གྲོལ་གྱི་གནད་འདི་ལ་འདུ་བས་༽ངོ་ཤེས་ཆོས་སྐུ་ངོས་ཟུངས་ལ། དེ་ཡང་རྣམ་རྟོག་དང་ཉོན་མོངས་གང་སྐྱེས་ཀྱང་དེ་ཉིད་ཆོས་སྐུའི་ཡེ་ཤེས་ལས་ལོགས་ཤིག་མ་ཡིན་གྱི་༼རྩལ་ལམ་རོལ་པའི་༽ རྣམ་རྟོག་དེ་གའི་རང་བཞིན་ཆོས་སྐུ་གཞིའི་འོད་གསལ་དངོས་ཡིན་པས་དེ་ངོ་ཤེས་ན་གཞི་གནས་མའི་འོད་གསལ་ཞེས་བྱ་ལ། སྔར་བླ་མས་ངོ་སྤྲད་པའི་རང་རིག་འོད་གསལ་གྱི་ལྟ་བ་རང་ངོ་ཤེས་པ་ནི་ཉམས་ལེན་ལམ་གྱི་འོད་གསལ་ཞེས་བྱ་སྟེ། གཞི་ལམ་གྱི་འོད་གསལ་གཉིས་དབྱེར་མེད་དུ་གྱུར་པའི་རང་ངོར་གནས་པ་ནི་འོད་གསལ་མ་བུ་འཕྲོད་པ་ཞེས་བྱ་བས་ན། སྔར་འདྲིས་འོད་གསལ་མ་བུ་སྤྲད། ༼སྔར་འདྲིས་འོད་གསལ་མ་བུ་ཞེས་པ་སྙིང་གི་དམར་ཁྲིད་ལས། ཆོས་ཐམས་ཅད་རང་བཞིན་མེད་པ་དེ་ཆོས་ཉིད་མ༵། རང་བཞིན་མེད་པར་ཤེས་པ་དེ་ཆོས་ཉིད་བུ༵། གཟུང་བ་ཞེས་བྱ་བ་ནི། ཕྱིའི་དངོས་པོ་ཡུལ་ལ་བདེན་པར་ཞེན་པའོ། །འཛིན་པ་ཞེས་བྱ་བ་ནི། ནང་གི་སེམས་ལ་ལོག་པར་འཛིན་པའོ། །ཞེས་སོ།།༽དེ་ལྟར་ནམ་ཡང་ལྟ་བ་ངོ་ཤེས་པའི་འོད་གསལ་དེ་དྲན་པར་བྱས་ནས་དེའི་ངང་ལ་བཞག་པ་ལས། རྩལ་གྱི་རྣམ་རྟོག་དང་ཉོན་མོངས་པ་ལ་དགག་སྒྲུབ་དང་སྤང་བླང་མི་བྱ་བ་ནི་གནད་གྱི་དམ་པ་ཡིན་པས་ན། བརྗོད་མེད་རིག་ཆའི་ངང་ལ་བཞག དེ་ལྟ་བུའི་ངང་དེ་ཡུན་རིང་དུ་བསྐྱང་པ་ན། ལས་དང་པོ་ཚེ་བདེ་གསལ་མི་རྟོག་པའི་ཉམས་ཀྱིས་གཉུག་མའི་རང་ཞལ་འགེབས་པས་༼སྤྲོས་སོགས་༽ཉམས་ཀྱི་ཤུན་པ་དང་བྲལ་ནས་༼གཤིས་ཀྱི་བཞུགས་ཚུལ་གྱི་མི་རྟོག་པ་སོགས་འཆར་དགོས་ཏེ་ངོ་བོ་མི་རྟོག་པའི་སྟོང་ཉམས་སྟོང་གསལ་ནམ་མཁའི་དཀྱིལ་ལྟ་བུ་ངར་དང་ལྡན་པ། རང་བཞིན་གསལ་བའི་ཉམས་ཀུན་གསལ་ཉི་ཟླའི་དཀྱིལ་འཁོར་ལྟ་བུ་སངས་བག་དང་བཅས་པ། ཐུགས་རྗེའི་རིག་ཉམས་གྲོལ་ཆ་དང་བཅས་པ་ཟག་བཅས་འགྱུར་བདེའི་བསླད་པ་དང་བྲལ་བའི་བདེ་ཆེན་གྱི་ཡེ་ཤེས་༽རིག་ངོ་རྗེན་ལ་བུད་ན་ཡེ་ཤེས་ཁོང་ནས་གསལ་བ་ཡིན་ཏེ། ཇི་སྐད་དུ། རྣལ་འབྱོར་སྒོམ་པ་བཤིག་གྱིན་བཟང་། །ཕུ་ཆུ་དྲག་པོ་བརྡབ་ཀྱིན་བཟང་། །ཟེར་བ་ལྟར་ཡིན་པས་ན། གནས་བདེ་གསལ་སྤྲོ་ཡང་ཡང་བཤིག དེ་ཡང་ཇི་ལྟར་བཤིག་ཅེ་ན། གནས་བདེ་གསལ་བའི་ཉམས་སྐྱེ་བདོ་བའི་ཚེའམ་དགའ་སྤྲོ་དང་སྐྱིད་སྣང་སོགས་༼བར་ཆད་བདུད་ཀྱི་རྟགས། འཕེལ་འགྲིབ་ཉམས་ཀྱི་རྟགས། དེ་ལ་སྣང་ཉམས་དང་ཤེས་ཉམས་གཉིས། ཤེས་ཉམས་ལ་ཤེས་པ་དགའ་བདེའི་ཉམས་དང་མཐར་འགྱུར་གྱི་ཉམས་གཉིས། མི་འགྱུར་བ་གསང་བའི་རྟགས་ལ། འཇིག་རྟེན་པའི་ཉམས་དང་འཇིག་རྟེན་ལས་འདས་པའི་ཉམས་གཉིས།༽ འཆར་བདོ་བ་དེའི་ཚེ་སྡུད་བྱེད་ཐབས་ཀྱི་ཡི་ཕ་དང་། གཅོད་བྱེད་ཤེས་རབ་ཀྱི་ཡི་གེ་ཊ་གཉིས་འབྲེལ་བའི་ཕཊཿསྒྲ་དྲག་པོ་ཐོག་ལྷུང་བ་ལྟ་བུས་༼ཉམས་རྟོགས་ཤན་འབྱེད། ལ་བཟླ། ལུས་ཀྱི་རྣམ་འགྱུར། མིག་གི་ལྟ་སྟངས། ངག་གི་བརྗོད་པ། སེམས་ཀྱི་བསྒོམ་བློ་བཤིག་པ་རྣམས་ཀྱིས་ཉམས་བཤིག ཉམས་རྟོག་བསྲེ།༽ ཉམས་ཞེན་གྱི་ཤུན་པ་ཐལ་གྱིས་གཏོར་དགོས་ཏེ། ཐབས་ཤེས་ཡི་གེ་གློ་བུར་འབེབས། དེ་ལྟར་ཉམས་མྱོང་གི་གནད་དང་མ་བྲལ་བའི་བརྗོད་མེད་ཀྱི་རིག་པ་ཟང་ཐལ་བ་དུས་དང་རྣམ་པ་ཐམས་ཅད་དུ་སྐྱོང་བ་ལས། མཉམ་བཞག་རྗེས་ཐོབ་ཀྱི་སྒོམ་པ་ཐ་དད་དུ་མེད་པས མཉམ་བཞག་རྗེས་ཐོབ་ཐ་དད་མེད། དེ་ཕྱིར་ཐུན་གྱི་ངོ་བོའི་སྒོམ་དང་ཐུན་མཚམས་སྤྱོད་ལམ་གྱི་དུས་ཀྱི་སྒོམ་སོ་སོར་མེད་པས། ཐུན་དང་ཐུན་མཚམས་དབྱེ་བ་མེད། དེ་ལྟར་མི་སྒོམ་པའི་སྒོམ་པ་ཆེན་པོ་རང་གནས་ཕྱལ་བའི་ཡེ་ཤེས་ཆུ་བོའི་རྒྱུན་གྱི་རྣལ་འབྱོར། སྒོམ་རྒྱུ་རྡུལ་ཙམ་མེད་ལ། ཡེངས་སུ་སྐད་ཅིག་ཀྱང་མེད་པ་ནི། ཇི་སྐད་དུ། བསྒོམ་མ་མྱོང་དང་འབྲལ་མ་མྱོང་། །མི་བསྒོམ་དོན་དང་མི་འབྲལ་བ། ༼ཞེས་པ་གང་ཤར་སྒོམ་ཡིན་པས་ན་བློས་བཅོས་པའི་བསྒོམ་རྒྱུ་མེད་པས་སྒོམ་མ་མྱོང་། ཡེངས་ནས་དོན་མེད་འཆལ་བ་མིན་པས་རང་ཐོག་ཏུ་འཇོག་པ་དེ་དང་འབྲལ་མ་མྱོང་། མི་སྒོམ་པའི་དོན་དེ་ལྟ་བུ་དང་རྒྱུན་དུ་མི་འབྲལ་བར་བགྱིའོ། །ཞེས་པའི་དོན་ནོ། །འདི་བྱང་གཏེར་ཀ་དག་གི་སྐབས་སུ་ཡང་ཟབ་མོ་གནད་ཀྱི་ཐེམ་བཅུ་ལས། ཨོ་རྒྱན་ཆེན་པོས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་རིག་འཛིན་ཤྲཱི་སེང་ཧའི་སྤྱན་སྔར་གདམས་ངག་ཟབ་མོ་འདི་ཞུས་པའི་དུས་སུ། བསྒོམ་མ་མྱོང་དང་འབྲལ་མ་མྱོང་། །མི་བསྒོམ་དོན་དང་མི་འབྲལ་བ། །དེ་ཉིད་རང་སྐྱོང་བས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་ཟིན་ཅེས་གསུངས། གཏེར་བརྒྱུད་རྣམ་ཐར་ལས། གཏེར་སྟོན་དབོན་པོ་དྲག་རྩལ་གྱི་གཏེར་གནས་དཀོན་མཆོག་གསུམ་གྱི་ལྷ་ཁང་ཞེས་བྱ་བ་ནས། རྫོགས་ཆེན་གུ་རུ་བཞི པ། གུ་རུ་བཞིའི་ལོ་རྒྱུས་ཀྱི་མཚན་ཤྲཱི་སེང་ཧའི་རྫོགས་རིམ་བླ་མ་དམར་ཁྲིད་ཟེར་བའི་པོ་ཏི་གདན་དྲངས། འདིའི་ནང་ནས་གང་ཤར་རང་གྲོལ་དུ་འགྲོ་བས་སྒོམ་ཡིན་པས་ན་སོགས།༽ ཞེས་པའི་དོན་ཡིན་པས། དབྱེར་མེད་ངང་དུ་རྒྱུན་དུ་གནས། དེ་ལྟར་རང་བཞིན་རྫོགས་པ་ཆེན་པོའི་རང་ལམ་སྒྲ་ཇི་བཞིན་པའི་སྣོད་དུ་གྱུར་ཅིང་། ཐོས་གྲོལ་ཅིག་ཆར་བའི་རིགས་ཅན་ཡིན་ན། ༼སེམས་ཉིད་རང་བྱུང་གི་ཡེ་ཤེས་གདོད་མ་ནས་གྲོལ་བ་འཆར་གཞི། དེས་རང་ས་ཟིན་པའི་གནད་དེས། གང་སྣང་ཅི་ཤར་ཐམས་ཅད་འཆར་ཆོས་ཡེ་ཤེས་ཀྱི་རྣམ་རོལ་དུ་ཤར་བ་ལས་སྣང་སེམས་མ་བུ་འདྲེས་པའམ། སྣང་སེམས་གཞི་གྲོལ་ཆེན་པོ་སྟེ། རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ། །ཞེས་པ་ལྟར་རྟོག་པ་རྒྱ་གྲོལ། ཤེས་རྒྱུད་གཏད་གྲོལ་དུ་འགྲོའོ།༽ །སྣང་སེམས་གཞི་གྲོལ་ཆེན་པོ་ཅི་ཤར་ཆོས་སྐུའི་ཡོ་ལངས་སུ་གྱུར་ནས་སྒོམ་བྱ་༼ཡུལ་དང་༽སྒོམ་བྱེད་༼ཀྱི་བློ་༽མེད་ཀྱང་དེ་ལས་གཞན་པའི་༼ལྟ་བ་ཞིག་ཤེས་ན་ཡང་༽རྣམ་རྟོག་འཁྲུལ་བའི་གཞན་དབང་དུ་གྱུར་པའི་སྐལ་དམན་རིམ་གྱིས་པའི་གང་ཟག་རྣམས་བརྟན་པ་མ་ཐོབ་ཀྱི་བར་༼དུ་མི་གཡོ་གསུམ་ལྡན་གྱི་སྒོ་ནས་༽སྒོམ་དགོས་པས་ན། ༼བརྟན་པ་ཐོབ་པ་དེ་ཡང་གོམས་ཚད་རྨི་ལམ་གྱིས་འཛིན་དགོས་ཏེ་ཉིན་མོ་སྣང་བ་རིམ་གྱིས་བསྡུས་ཏེ་ནམ་མཁའ་བསླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ལྟ་བུའི་གཞིའི་འོད་གསལ་དངོས་སུ་ཤར་བ་དེ་ངོས་ཟིན་ན་རྣལ་འབྱོར་པ་ཡིན། མ་ཟིན་ན་མ་རིག་པའམ་ཀུན་གཞི་དང་ལུང་མ་བསྟན་དུ་འགྲོའོ།།༽ འོན་ཀྱང་བརྟན་པ་མ་ཐོབ་བར། །སྒོམ་པ་དེ་ཡང་བསམ་གཏན་གྱི་རྒྱུ་༼འཇིག་རྟེན་སྤང་བ། རྣམ་རྟོག་དོར་བ། དབེན་པ་བསྟེན་པ། ཚུལ་ཁྲིམས་སྲུང་བ་༽ཚང་བ་ལ་ཉམས་མྱོང་སྐྱེ་བར་འགྱུར་གྱི། འདུ་འཛི་༼འདི་རྗེ་རིན་པོ་ཆེས། མང་པོ་ཚུར་འདུ༵་བ་དང་། མང་པོའི་ནང་དུ་ཕར་འཛུ༵ལ་བ་གསུངས།༽དང་རྣམ་གཡེང་གི་ཁྲོད་དུ་ཅི་ཙམ་སྒོམ་ཡུན་བསྲངས་ཀྱང་ཉམས་མྱོང་མི་སྐྱེ་བས་ན། འདུ་འཛི་སྤངས་ནས་སྒོམ་པ་གཅེས། སྒོམ་པའི་ཚེ་ཡང་༼ཐུན་དང་ཐུན་མཚམས་དབྱེ་ནས་ཐུན་གྱི་སྔོན་འགྲོ་སྤྱི་ལྟར་དང་དངོས་གཞི་མི་གཡོ་གསུམ་ལྡན། རྗེས་དག་སྣང་དྲན་ནས་བསྔོ་སྨོན་བྱའོ། །༽མཉམ་རྗེས་ཀྱི་ཉམས་ལེན་ཐ་དད་དུ་མེད་ཀྱང་དང་པོ་མཉམ་བཞག་རང་ས་མ་ཟིན་ན། ཉམས་མྱོང་གི་ཡེ་ཤེས་རྗེས་ཐོབ་དང་བསྲེ་མི་ནུས་པས། སྤྱོད་ལམ་རྒྱུན་གྱི་ལམ་ཁྱེར་ལ་འབད་པར་བྱས་ཀྱང་༼རྣམ་རྟོག་རྒྱུན་མི་ཆོད་པར་༽སྤྱི་འབྱམས་གཤིས་ཤོར་གྱི་གོལ་ས་ལྡང་བ་ཡིན་པས་ན། མཉམ་བཞག་ཐུན་དུ་བཅད་ལ་བྱ། དེ་ལྟར་ཉམས་ལེན་ཐུན་དུ་བཅད་ནས་མཉམ་བཞག་ངོ་བོ་སྐྱོང་བའི་བློ་གཏད་ཁེལ་བ་ལྟ་བུའི་ཉམས་ལེན་ཡོད་ཀྱང་རྗེས་ཐོབ་སྤྱོད་ལམ་དང་བསྲེས་ནས་རྒྱུན་དུ་སྐྱོང་མ་ཤེས་ན། གཉེན་པོས་རྐྱེན་མི་ཐུབ་ཅིང་རྣམ་རྟོག་རྐྱེན་གྱིས་ཁྲིད་ནས་ཐ་མལ་བར་འཆོར་བས་ན་རྗེས་ཤེས་ཟང་ཐལ་དུ་སྐྱོང་བ་གལ་ཆེ་བས། དུས་དང་གནས་སྐབས་ཐམས་ཅད་དུ། དེའི་ཚེའང་སྒོམ་བྱ་གཞན་ཞིག་ཚོལ་མི་དགོས་ཀྱིས། མཉམ་བཞག་ཆོས་སྐུའི་ལྟ་བ་དེ་ཉིད་དང་མ་བྲལ་བའི་ངང་ནས་བྱ་བྱེད་དང་རྣམ་རྟོག་ཐམས་ཅད་རྩིས་མེད་རང་ཡན་དགག་སྒྲུབ་མེད་པར་༼ཁྲིག་ཆོད་འཁྲུལ་ཞིག་ཟེར་བ་ལྟར་༽ ཆད་ཆོད་ཡད་ཡུད་དུ་སྐྱོང་བ་ཡིན་པས་ན། ཆོས་སྐུ་གཅིག་པོའི་ཡོ་ལངས་ཀྱང་། དེ་ལྟ་བུའི་ཉམས་ལེན་༼རིག་པའི་ངོ་བོ་༽ཞི་ལྷག་དབྱེར་མེད་དུ་སྤྲོས་བྲལ་གཉུག་མའི་རྣལ་འབྱོར་མ་བཅོས་ལྷན་ཅིག་སྐྱེས་པ། ཆོས་ཉིད་ཀྱི་རང་ངོ་སྐྱོང་བ་དེ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེའི་ཉམས་ལེན་ཐམས་ཅད་ཀྱི་སྙིང་པོ། དབང་བཞི་པའི་དོན་གྱི་ཡེ་ཤེས་༼ཉེ་བའི་༽སྒྲུབ་རྒྱུད་ཡིད་བཞིན་ནོར་བུའི་ཁྱད་ཆོས། རྒྱ་བོད་གསར་རྙིང་གི་གྲུབ་བརྙེས་བརྒྱུད་པ་དང་བཅས་པ་ཐམས་ཅད་ཀྱི་དགོངས་པ་རྨ་མེད་པ་ཡིན་པས་ཡིད་ཆེས་ཀྱི་བློ་ཐག་བཅད་ལ་༼དབུ་མའི་གཏན་ཚིགས་སོགས་༽མན་ངག་གཞན་ལ་འགྲམ་ཆུ་མི་ལྡང་བར་མ་བྱས་ན། གླང་པོ་ཁྱིམ་དུ་བཞག་ནས་གླང་རྗེས་ནགས་སུ་ཚོལ་བ་ལྟར། བློས་བྱས་བཅོས་མའི་གཟེབས་སུ་ཆུད་ནས་གྲོལ་བའི་དུས་མེད་པས། རང་གི་ཉམས་ལེན་ལ་༼དབང་གི་དམ་ཚིག་ལྟ་བ་ཡིན་པས། དེ་བས་དམ་ཚིག་ཅེས་བྱ་བ། །རང་གི་ལྟ་བ་ཡིན་པར་བརྗོད། ལམ་སྐྱབས་འགྲོ་ནས་བླ་མའི་རྣལ་འབྱོར་དང་བསྐྱེད་རྫོགས་ཐམས་ཅད་འདིར་འདུས་པར་༽ བློ་ཐག་ཆོད་དགོས་པས་ན།་དེ་ལས་གཞན་མེད་ཁོ་ཐག་བཅད། དེ་ལྟར་ཆོས་སྐུ་རང་གནས་ཀྱི་ཡེ་ཤེས་རྗེན་པ། འཁྲུལ་མ་མྱོང་བའི་སངས་རྒྱས་སུ་བློ་ཐག་བཅད་ནས་དེའི་རྒྱུན་སྐྱོང་བ་ནི་གནད་ཀྱི་གསང་ཚིག་གཉིས་པ་ཡིན་པས་གལ་ཆེ་བས་ན། ཐག་གཅིག་ཐོག་ཏུ་བཅད་པ་སྟེ་གནད་གཉིས་པའོ། །༼ཡེ་གཞི་གྲོལ་གཞི་ངོས་བཟུང་། གྲོལ་རྒྱུ་གཉིས་ཆོས་ཐམས་ཅད་ལྟ་སྒོམ་ཆིག་ཆོད་དུ་སོང་ན་གདེངས་གྲོལ་ཐོག་ཏུ་བཅའ་མི་དགོས་མ་གཏོགས་གཞན་ཐམས་ཅད་ལ་དགོས།༽ད་ནི་དེ་དག་གི་ཚེ་གྲོལ་ལུགས་ཀྱི་གདེངས་མེད་ན་༼ཀུན་གཞི་རྟོག་མེད་སོགས་༽ སེམས་གནས་ངལ་གསོའི་སྒོམ་ཙམ་ཁམས་གོང་མའི་གོལ་ས་ལས་མི་འདའ་ཞིང་། དེའི་ཚེ་ཆགས་སྡང་གི་རྐྱེན་མི་ཐུབ་འདུ་བྱེད་ཀྱི་ལས་༼འོག་འགྱུའི་རྣམ་རྟོག་སོགས་༽རྒྱུན་མི་ཆོད།༼ སྐྱིད་བརྒྱགས་ཉི་མས་དྲོས་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་བབ་དུས་ཐ་མལ་བ། །ཞེས་པ་ལྟར་༽ཐག་ཆོད་ཀྱི་བློ་གདེངས་མི་ཐོབ་པས་༼གྲོལ་ལུགས་ཀྱི་གནད་༽ དེ་གལ་ཆེ་ལ། དེ་ཡང་འདོད་པའི་ཡུལ་ལ་ཆགས་པ་དྲག་པོ་སྐྱེ་བའམ། མི་འདོད་པའི་ཡུལ་ལ་ཞེ་སྡང་དྲག་པོ་སྐྱེ་བའམ། མཐུན་རྐྱེན་ལོངས་སྤྱོད་སོགས་འབྱོར་བའི་དགའ་བ། མི་མཐུན་པའི་རྐྱེན་དང་ན་ཚ་སོགས་སྡུག་བསྔལ་གྱི་ཚོར་བ་གང་བྱུང་ཡང་། དེའི་ཚེ་རིག་པའི་རྩལ་ལྷོ ང་བ་ཡིན་པས་༼མཉམ་རྗེས་གཉིས་ཀའི་གྲོལ་ལུགས་༽གྲོལ་གཞིའི་ཡེ་ཤེས་ངོས་ཟིན་པ་གལ་ཆེ་ལ།༼དཔེར་ན་སྒེག་མོ་རྡོ་རྗེ་ཆང་ཚོང་མས་འདོད་ཆགས་ལམ་དུ་བྱེད། རིགས་ངན་ཡན་ལག་མེད་མས་ཞེ་སྡང་ལམ་དུ་བྱེད། གྲུབ་ཐོབ་ལྭ་བ་པས་གཏི་མུག་ལམ་དུ་བྱེད། བྱིས་པའི་རྩེད་མོ་ཅན་གྱིས་རྩེད་མོ་ལམ་དུ་བྱེད་པ་ལྟར་ཡིན་པས།༽དེ་ཚེ་ཆགས་སྡང་དགའ་སྡུག་དང་། གཞན་ཡང་ཉམས་ལེན་ཤར་གྲོལ་གྱི་གནད་མེད་ན། སེམས་བྱུང་འོག་འགྱུའི་རྣམ་རྟོག་ཅི་སྐྱེས་ཐམས་ཅད་ཀྱིས་འཁོར་བའི་ལས་གསོག་པ་ཡིན་པས་༼ཀུན་གཞིར་གོལ་བ་གཟུགས་མེད། ཀུན་གཞིའི་རྣམ་ཤེས་གཟུགས་ཁམས། རྣམ་རྟོག་རགས་པས་འདོད་ཁམས་༽ཕྲ་རགས་ཀྱི་རྣམ་རྟོག་ཅི་སྐྱེས་ཤར་གྲོལ་རྗེས་མེད་དུ་སྐྱོང་བ་གནད་ཡིན་པས་ན། ༼རིག་ཀྱང་མི་འཕྲོ་འདོད་ཁམས་ཀྱི་སེམས་ལས་གྲོལ། གསལ་ཡང་མི་འཛིན་གཟུགས་ཁམས་ཀྱི་སེམས་ལས་གྲོལ། མི་རྟོག་ཀྱང་རིག་གདངས་སྣང་ཡུལ་མ་འགགས་པས་གཟུགས་མེད་ཀྱི་སེམས་ལས་གྲོལ་བས་ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ། ཞེས་པ་ལྟར་དང་། འཇིགས་གླིང་གིས། དྭངས་མ་ཡུལ་མེད་རིག་པའི་ཡོན་ཏན་ཡིན། །ཅེས་དང་། ཆོས་མཛོད་ལས། གཅིག་ཀུན་འདུས་སོགས། སྙན་བརྒྱུད་ཏི་ཀ་ལས། སྒོམ་པ་ཤེས་ཀྱང་གྲོལ་མ་ཤེས་སོགས། ཕྲ་རགས་ཀྱི་རྣམ་རྟོག་ཅི་སྐྱེས་ཤར་གྲོལ་རྗེས་མེད།༽ གློ་བུར་རྣམ་རྟོག་མ་ལུས་པ། དེས་ན་རྣམ་རྟོག་གང་སྐྱེས་པ་ཐམས་ཅད་འོག་འགྱུ་འཁྲུལ་འབྱམས་སུ་མ་སོང་བར་བློ་བྱས་འཇུར་དྲན་མ་ཡིན་པར་རང་བབ་གཉུག་མའི་དྲན་པ་དང་མ་བྲལ་བའི་ངང་ནས་རྣམ་རྟོག་ཅི་ཤར་རང་ངོ་ཤེས་པར་བྱས་ལ། ཤར་གྲོལ་རྗེས་མཐུད་མེད་པའི་ངང་ནས་ཆུ་ལ་རི་མོ་བྲིས་པ་ལྟར་སྐྱོང་དགོས་པས་ན། ངོ་ཤེས་ངང་ལ་རྗེས་མཐུད་མེད། དེའི་ཚེ་རྣམ་རྟོག་རང་གྲོལ་དུ་མ་དག་ན་རྣམ་རྟོག་ངོ་ཤེས་པ་ཙམ་གྱིས་འཁྲུལ་བའི་ལས་རྒྱུན་མི་ཆོད་༼ངོ་ཤེས༵་རྩལ་རྫོགས་རང་གྲོལ༵་དུ་གཏོང་བ་ལས་དང་པོ་པ་དང་བརྟན་པ་མ་ཐོབ་པ་གཉིས་ཀས་ངོ་མ་ཤེས་ན་འོག་འགྱུ་འཆོར། རྩལ་རྫོགས་མ་བཅུག་ན་ཕྱིས་རྐྱེན་དྲག་པོ་མི་ཐེག །རང་གྲོལ་དུ་མ་བཏང་ན་འདུ་བྱེད་ཀྱི་ལས་བསགས། ཀུན་མཁྱེན་ཆེན་པོས། སྔ་མའི་ཤེས་པ་ཕྱི་མས་དྲན་བྱས་ཏེ། །ཚོར་ཙམ་ཉིད་ཀྱིས་གཉུག་མའི་དོན་མཐོང་ཞེས། །སྐྱེ་འགག་གྲངས་འདེབས་རྟོག་པའི་འཕྲོ་མཐུད་ལ། །གཉིས་མེད་དོན་དུ་འཛིན་པའི་སྒོམ་པ་འཁྲུལ། །ཞེས་གསུངས།༽ ངོ་ཤེས་པ་དང་མཉམ་དུ་རང་ངོ་ཅེར་གྱིས་མཐོང་བ་སྔར་འདྲིས་ཀྱི་ཡེ་ཤེས་དེ་ཉིད་ངོས་བཟུང་ནས་ངང་ལ་བཞག་པས་རྣམ་རྟོག་རྗེས་མེད་དུ་དག་པ་ཉིད་དུ་གནད་ཆེ་བས། གྲོལ་བའི་ཆོས་སྐུ་ངོས་བཟུང་བས། དཔེར་ན་ཆུ་ལ་རི་མོ་ད་ལྟ་བྲིས་པ་ད་ལྟ་ཞིག་ནས་བྲིས་པ་དང་ཡལ་བ་དུས་མཉམ་པ་ལྟར། རྣམ་རྟོག་སྐྱེས་པ་དང་གྲོལ་བ་དུས་མཉམ་དུ་སོང་ནས་རང་ཤར་རང་གྲོལ་རྒྱུན་ཆད་མེད་པ་ཡིན་པས།༼འཁྲུལ་ཞིག ཁྲེགས་ཆོད། གྲོལ་བ། གདེངས་གྲོལ་ཐོག་ཏུ་འཆོས་པ་རྣམས་ཟེར་རོ། ༽དེས་ན་ཤར་བ་མི་དགག་པར་ཅི་ཤར་འཆར་དུ་བཅུག་ལ་གང་ཤར་གཉུག་མའི་ངང་དུ་དག་པའི་ལམ་ཁྱེར་ཉིད་ཉམས་ལེན་གྱི་གནད་དུ་འཛིན་དགོས་པས་ན། རང་ཤར་རང་གྲོལ་རྒྱུན་ཆད་མེད། དེ་ལྟར་རྣམ་རྟོག་ལ་༼རིག་ཐོག་ནས་༽ ཆོས་སྐུའི་རྩལ་སྦྱོང་བས། རྟོག་པ་གང་ཤར་རིག་པ འི་རྩལ་སྦྱང་དུ་འཆར་ཞིང་། དུག་ལྔའི་རྣམ་རྟོག་ཅི་ཙམ་རགས་པར་སྐྱེས་ཀྱང་། དེའི་ཚེ་གྲོལ་བའི་རིག་པ་གསལ་ངར་དང་ལྡན་པས་ན། ཅི་ཤར་རིག་སྟོང་རྗེན་པའི་ཟས། རྣམ་རྟོག་གང་འགྱུ་ཚད་ཐམས་ཅད་རིག་ངོ་ཟང་ཐལ་གྱི་ངང་ལས་རང་རྩལ་དུ་འཆར་བའི་ཚེ་༼དགེ་སྡུག་གི་རྟོག་པ་༽བླང་དོར་མེད་པར་བསྐྱངས་པས་ཤར་དུས་ནས་གྲོལ་བར་སྐྱེས་པས་ཆོས་སྐུའི་ཡོ་ལང་ལས་མ་འདས་པས། ཅི་འགྱུ་ཆོས་སྐུ་རྒྱལ་པོའི་རྩལ། སེམས་རྟོག་མ་རིག་འཁྲུལ་གཟུགས། སེམས་༼རླུང་སྣང་བ་གསུམ་རིག་པར་གྲོལ་ཏེ།༽ རིག་པ་ཡེ་ཤེས་ཆོས་སྐུའི་ཀློང་དུ་དག་པས་འོད་གསལ་རྒྱུན་ཆད་མེད་པའི་ཀློང་དུ་རྣམ་རྟོག་འགྱུ་བ་གང་སྐྱེས་རང་ངོ་སྟོང་པས་ན། རྗེས་མེད་རང་དག་ཨ་ལ་ལ། དེ་ལྟ་བུའི་ལམ་ཁྱེར་ལ་རྒྱུན་རིང་བར་སྒོམ་པའི་ཚེ་རྣམ་རྟོག་སྒོམ་དུ་ཤར་༽ བའི་ཡེངས་ཡུལ་ཆོས་ཉིད་དུ་ཤར་ནས༽གནས་འགྱུའི་བར་ལག་འགྱེལ། ཤར་བས་གནས་པ་ལ་མི་གནོད་པས། ༼གནས་པས་ཤར་བ་མི་དགག་༽འཆར་ལུགས་སྔར་དང་འདྲ་བ་ལས། དེའི་ཚེ་རྩལ་གྱི་རྣམ་རྟོག་དགའ་སྡུག་རེ་དོགས་སུ་འཆར་ཚུལ་ཐ་མལ་པའི་སྐྱེ་བོ་གཞན་༼དཔལ་དགེ་སྤྲུལ་སྐུས། རྣམ་པ་ཐ་མལ་གྱི་ཤེས་པ་འཇིག་རྟེན་པའི་རྣམ་རྟོག་རང་ག་མ་དང་ཁྱད་པར་སྤུ་ཙམ་ཡང་མེད་ལ་ངོ་བོ་དེར་འཛིན་པའི་ས་ལེ་ཧྲིག་གེ་བ། མཉམ་བཞག་ཡུལ་ཕུད་རྗེས་ཐོབ་སྣང་སྟེང་བག་ཆགས་གཡའ་དག་ཤེས་པ་ངོས་བཟུང་དང་བྲལ་ཀྱང་རྣམ་རྟོག་ལྟར་སྣང་བ་ཅིག་གོ །དེ་ཆོས་སྐུ་དངོས་ཡིན་རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་མཁྱེན་ཞེས་གསུངས་པ་དང་འདྲ་ཡང་། དྲུས་མའི་ཐག་པ་མེས་ཚིག་མ་ཚིག་གི་དཔེ་གཉིས་སོགས་༽ཐ་མལ་པ་ལ་དགག་སྒྲུབ་ཨ་འཐས་སུ་ཤར་ནས་འདུ་བྱེད་ཀྱི་ལས་གསོག་ཅིང་། ཆགས་སྡང་གི་གཞན་དབང་དུ་གྱུར་པ་ལྟ་བུ་མ་ཡིན་པར། རྣལ་འབྱོར་པ་ལ་ཤར་དུས་ནས་གྲོལ་བར་སྐྱེས་པས། དང་པོ་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ། བར་དུ་རྣམ་རྟོག་རང་གིས་རང་གྲོལ་བ་སྦྲུལ་གྱི་མདུད་པ་ལྟ་བུ། ཐ་མལ་རྣམ་རྟོག་ཕན་མེད་གནོད་མེད་དུ་གྲོལ་བ་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟ་བུ་སོགས་གྲོལ་ལུགས་ཀྱི་གནད་དང་ལྡན་པས་ན། གྲོལ་ལུགས་ཁྱད་པར་གནད་དུ་ཆེ། དེས་ན་ཇི་སྐད་དུ། སྙན་རྒྱུད་ཏི་ཀ་ལས། སྒོམ་པ་ཤེས་ཀྱང་གྲོལ་མ་ཤེས། །བསམ་གཏན་ལྷ་དང་ཅིས་མ་འདྲ། །ཞེས་པ་ལྟར་གྲོལ་ལུགས་ཀྱི་གནད་འདི་ལྟ་བུ་དང་མི་ལྡན་པའི་སྒོམ། སེམས་གནས་ཀྱི་བསམ་གཏན་ཙམ་ལ་གདེངས་འཆའ་བ་དག་ཁམས་གོང་མའི་བསམ་གཏན་དུ་གོལ་ལ། གནས་འགྱུ་ངོ་ཤེས་པས་ཆོག་པར་འདོད་པ་རྣམས་ནི་འཁྲུལ་རྟོག་ཐ་མལ་པ་དང་ཁྱད་མེད། སྟོང་ཉིད་ཆོས་སྐུ་ལ་སོགས་བློས་བྱས་ཀྱི་རྒྱས་འདེབས་པ་དག་ཀྱང་རྐྱེན་ངན་དང་འཕྲད་ཚེ་གཉེན་པོས་རང་མཚང་སྟོན་པས་རང་ཚུགས་མི་ཐུབ་པས་ན། ༼གྲོལ་ལུགས་༽འདི་མེད་སྒོམ་པ་འཁྲུལ་བའི་ལམ། ཤར་གྲོལ། རང་གྲོལ། ཅེར་གྲོལ་༼གཞིའི་བཞུགས་ཚུལ་ཡེ་ནས་འཕོ་འགྱུར་མེད་པས་ཡེ་གྲོལ། གང་ཟག་གི་སྣང་ཚུལ་དང་མཐའ་བཞིའི་འཛིན་སྟངས་དབྱིངས་སུ་ནུབ་པས་མཐའ་གྲོལ། རིག་པ་སྙིང་དབུས་སུ་སད་ཚེ་གང་ཤར་རྟོག་ཚོགས་ཐམས་ཅད་བག་ཆགས་བསགས་ལོང་མེད་པར་གྲོལ་བས་རང་གྲོལ། སྣང་བ་མ་སྤངས་སྣང་ཐོག་ཏུ་གྲོལ། འགྱུ་བ་མ་སྤངས་འགྱུ་ཐོག་ཏུ་གྲོལ་བ་ཅེར་གྲོལ། དེས་ན་རང་གྲོལ་མཉམ་བཞག་དང་ཏིང་ངེ་འཛིན་གྱི་རྒྱ་མ་རལ་བ། ཅེར་གྲོལ་རྗེས་ཐོབ་ལ་བཞག་ན་ཆོག་མཆན་༽ སོགས་མིང་ཇི་ལྟར་བཏགས་ཀྱང་། རྣམ་རྟོག་རང་གྲོལ་རྗེས་མེད་དུ་དག་པའི་གྲོལ་ཚུལ་འདི་རང་གྲོལ་མངོན་སུམ་དུ་སྟོན་པའི་གནད་དུ་གཅིག་པ་རང་བཞིན་རྫོགས་པ་ཆེན་པོའི་༼ཡང་གསང་བླ་མེད་ཀྱི་༽ཁྱད་ཆོས་༼ཀུན་མཁྱེན་ཆེན་པོས་རིག་པ་ལྟ་བ། འཇིགས་གླིང་གིས། དྲན་མཆོག་རྒྱལ་པོའི་སྒོམ་པ། ཨ་བུས། གྲོལ་ལུགས་སྤྱོད་པ་འདི་ཁྱད་ཆོས་གསུམ་ལྡན་ཐུན་མོང་མ་ཡིན་པར་བཞེད། ཕྱག་ཆེན་སོགས་ལ་གྲོལ་བ་ཡོད་ཀྱང་གྲོལ་ལུགས་མེད། ཉན་ཐོས་ལྟར་མི་སྤང་། ལས་དང་པོ་པ་ལྟར་མི་བཀག །བྱང་སེམས་ལྟར་མི་སྦྱང་། སྔགས་ཐུན་མོང་པ་ལྟར་རྣ་བར་ཆུ་ཞུགས་པ་སླར་ཆུས་འདོན་པ་ལྟར་མི་བསྒྱུར། ལམ་དུ་བྱེད་ཚུལ་མདོར་ན་རང་ངོ་ཤེས་པ་ལྟ་བ་ལགས། ཡོན་དགས་གསུངས། ༽ཐུན་མོང་མ་ཡིན་པ་དེ་ལྟ་བུའི་གནད་དང་ལྡན་ན། ཉོན་མོངས་པ་དང་རྣམ་རྟོག་གང་སྐྱེས་ཆོས་སྐུའི་ཀློང་ནས་འཁྲུལ་རྟོག་ཡེ་ཤེས་སུ་དག རྐྱེན་ངན་གྲོགས་སུ་འཆར། ཉོན་མོངས་ལམ་དུ་བྱེད། སྡུག་བདེན་འགོག་བདེན་དང་། ཉོན་མོངས་པ་ལམ་དུ་ཤར་བས་༽འཁོར་བ་མ་སྤང་པར་གནས་སུ་དག་ནས་སྲིད་ཞིའི་འཆི ང་བ་ལས་གྲོལ་ཏེ་བྱར་མེད་རྩོལ་སྒྲུབ་དང་བྲལ་བའི་ངང་དུ་ལ་བཟླ་བས་ན། འདི་ལྡན་མ་བསྒོམ་ཆོས་སྐུའི་ངང་། དེ་ལྟ་བུའི་གྲོལ་ལུགས་ཀྱི་གདེངས་འདི་མེད་ན། ལྟ་བ་མཐོ་མཐོ་དང་སྒོམ་པ་ཟབ་ཟབ་ཇི་ལྟ་བུ་རྒྱུད་ན་ཡོད་པར་རློམ་ཀྱང་སེམས་ལ་མི་ཕན། ཉོན་མོངས་པའི་གཉེན་པོ་མི་འགྲོ་བས་ཡང་དག་པའི་ལམ་མ་ཡིན་ལ། རང་ཤར་རང་གྲོལ་གྱི་གནད་འདི་དང་ལྡན་ན། ལྟ་བ་མཐོ་མཐོའི་འཛིན་སྟངས་དང་། སྒོམ་པ་ཟབ་ཟབ་ཀྱི་གཏད་སོ་རྡུལ་ཕྲ་རབ་ཙམ་ཡང་མེད་ཀྱང་། རང་རྒྱུད་གཉིས་འཛིན་གྱི་འཆིང་བ་ལས་གྲོལ་བར་མི་འགྱུར་མི་སྲིད་ཅིང་། གསེར་གླིང་དུ་ཕྱིན་དུས་ས་རྡོ་ཕལ་བ་བཙལ་ཀྱང་མི་རྙེད་པ་ལྟར། གནས་འགྱུ་དང་རྣམ་རྟོག་གང་སྐྱེས་སྒོམ་དུ་ཤར་ནས་འཁྲུལ་བ་རང་མཚན་པ་བཙལ་ཀྱང་མི་རྙེད་པར་འགྱུར་བས་ན། འདི་ཁོ་ན་ཉམས་ལེན་གནད་དུ་འགྲོ་མི་འགྲོའི་ཤན་འབྱེད་པའི་གནམ་ཐིག་ལྟ་བུ་ཡིན་པས། ༼དེ་ཡང་རྟགས་སྤྱོད་པས་འཛིན་པ་ནི། འཁོར་བ་ལ་ངེས་འབྱུང་། རྒྱུ་འབྲས་ལ་ཡིད་ཆེས། སེམས་ཅན་ལ་བྱམས་སྙིང་རྗེ། གནས་ཚུལ་ལ་དག་སྣང་། བླ་མ་ལ་མོས་གུས། མཆེད་གྲོགས་ལ་བརྩེ་གདུང་། སྒོམ་བྱུང་གི་ཤེས་རབ་སོགས་ཡོད་མེད་ཀྱིས་ཤེས་སོ། །གདེངས་གྲོལ་ཐོག་ཏུ་བཅའ་བ་སྟེ་གནད་གསུམ་པའོ། །༼རྒྱུད་ལ་བཞུགས་པའི་ཆ་ནས་གཞི། ཉམས་སུ་ལེན་པའི་ཆ་ནས་ལམ། སྒྲིབ་པ་དག་པའི་ཆ་ནས་འབྲས་བུ།༽དེ་ལྟ་བུའི་གནད་གསུམ་པོ་འདི་ནི་རང་བཞིན་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་བཞི་ཀ་རིག་པ་ཀ་དག་ཟང་ཐལ་གྱི་ངང་དུ་ཆིག་ཆོད་དུ་༼ལམ་དུ་༽འཁྱེར་བའི་གནད་མ་ནོར་བ་དེ་ཡིན་པས་སྒོམ་པ་དང་སྤྱོད་པའི་མན་ངག་ཀྱང་ཡིན་མོད། འོན་ཀྱང་གཞུང་ལུགས་པ་སྤྱིའི་ཆོས་སྐད་ལྟར་ཤེས་བྱ་བློའི་ཡུལ་ལ་ལུང་རིགས་གཏན་ཚིགས་ཀྱིས་གཞལ་ནས་ལྟ་བ་༼ དབྱིངས་སྟོང་ཉིད་༽གཏན་ལ་འབེབས་པ་ལྟར་འདིར་མི་འདོད་པས་༼ན་སོ་རྒན་གཞོན། ཤེས་རབ་ཆེ་ཆུང་། དབང་པོ་རྣོ་རྟུལ།ལུས་ལ་བཟང་ངན་མེད། འོག་མ་རྩ་རླུང་སོགས་ལ་ཡོད།༽ མངོན་སུམ་རྗེན་པའི་ཡེ་ཤེས་དེ་ཉིད་ནམ་རྟོགས་ཀྱང་རིག་པ་ཡེ་ཤེས་ཀྱི་ལྟ་བ་ཡིན་ལ། ལྟ་སྒོམ་དུ་མ་རོ་གཅིག་ཡིན་པས། གནད་གསུམ་ཀ་ལྟ་བའི་ཉམས་ལེན་དུ་བཤད་ཀྱང་མི་འགལ་བས། གནད་གསུམ་ལྡན་པའི་ལྟ་བ་ལ། དེ་ལྟ་བུའི་ཉམས་ལེན་འདི་ནི་རང་བཞིན་རྫོགས་པ་ཆེན་པོའི་ཀ་དག་གི་ལམ་གནད་མ་ནོར་བ། ཐེག་པ་རིམ་དགུའི་རྩེ་མོར་གྱུར་པ་དེ་ཉིད་ཡིན་ལ། རྒྱལ་པོ་བྱོན་པས་ན་འཁོར་དཔུང་༼སྡུད་པ་ལས། འཁོར་ལོས་སྒྱུར་རྒྱལ་ལམ་གང་ནས་ནི་རྟག་འགྲོ་ལ། །ལམ་དེ་ཉིད་ནས་རིན་ཆེན་བདུན་དང་དཔུང་ཚོགས་ཀུན། །གང་ནས་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་མི་འགྲོ། །དེ་ཉིད་ནས་ནི་ཡོན་ཏན་ཆོས་ཀུན་འགྲོ་བར་འགྱུར། ༽མེད་པ་མི་སྲིད་པ་བཞིན་དུ་ཐེག་པ་ཐམས་ཅད་ཀྱི་ལམ་གནད་༼ མ་རྟོགས་ཚེ་༽འདིའི་ལམ་སྟེགས་སམ་༼རྟོགས་ཚེ་༽ གྲོགས་སུ་འགྲོ་བ་དང་། ༼གནས་སྐབས་ལམ་གྱི་འབྲས་བུ་ནི་རྟགས་སྒོ་གསུམ་ལ་འཆར། ཚད་རྨི་ལམ་གྱིས་བཟུང་བའོ། །༽དེར་མ་ཟད་ཀ་དག་གི་རིག་པ་ཤེས་རབ་རང་བྱུང་གི་སྒྲོན་མའི་རང་ཞལ་མཇལ་བའི་ཚེ།༼ཀ་དག་གི་རིག་པ་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ། གདངས་རྡོ་རྗེ་ལུ་གུ་རྒྱུད། རྩལ་སྒོམ་བྱུང་གི་ཤེས་རབ་ཏུ་འཆར་རོ། །༽དེ་ཡི་རྩལ་སྒོམ་བྱུང་གི་ཤེས་རབ་ཏུ་འབར་ནས་མཁྱེན་པའི་ཀློང་དབྱར་གྱི་ཆུ་བོ་ལྟར་རྡོལ་བ་དང་། སྟོང་ཉིད་ཀྱི་གཤིས་སྙིང་རྗེ་ཆེན་པོར་ཤར་ནས་བརྩེ་བའི་ཐུགས་རྗེ་༼བློ་སྦྱོང་སྐབས་རིས་བཅས་འདིར་༽རིས་མེད་པར་འཇུག་པ་ནི་ཆོས་ཉིད་ཡིན་པས་ན། མཁྱེན་བརྩེ་འབྲེལ་བའི་སྒོམ་པ་དང་། དེ་ལྟར་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ་གནད་མངོན་སུམ་དུ་གྱུར་པའི་ཚེ། ལམ་ཕ་རོལ་དུ་ཕྱིན་པ་དྲུག་གིས་བསྡུས་པའི་རྒྱལ་བའི་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ཉི་མ་དང་། འོད་ཟེར་ལྟར་རང་རྩལ་དུ་འཆར་ལ། དེ་ལྟ་བུའི་སྤྱོད་པ་༼ཚོགས་གཉིས་ཟུང་འཇུག་༽བསོད་ནམས་ཀྱི་ཚོགས་དང་འབྲེལ་བས་ཅི་བྱེད་གཞན་དོན་དུ་འགྱུར་ཞིང་ཡང་དག་པའི་ལྟ་བ་ཞི་བདེར་མི་གོལ་བའི་གྲོགས་སུ་འགྱུར་བས་ན། རྒྱལ་སྲས་སྤྱི་ཡི་སྤྱོད་པ་གྲོགས། དེ་ལྟ་བུའི་ལྟ་སྒོམ་སྒོམ་སྤྱོད་གསུམ་འདི་བྱོན་བཞུགས་འབྱོན་འགྱུར་གྱི་རྒྱལ་བ་ཀུན་གྱི་དགོངས་པའི་མཐིལ་ཡིན་པས་ན། དུས་གསུམ་རྒྱལ་བའི་ཞལ་བསྡུར་ཀྱང་། ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་སྙིང་ཐིག་རྡོ་རྗེ་སྙིང་པོའི་ལམ་གནད་༼གབ་སྦས་ཀྱི་གསང་བ་འདིར་མངོན་དུ་ཕྱུང་བས་༽འབྲས་བུའི་འཐུས་ཀ་འདི་ལས་ལྷག་པ་མེད་པས། འདི་ལས་ལྷག་པའི་གདམས་ངག་མེད། གདམས་ངག་འདིའི་བརྗོད་བྱའི་དོན་ནི་བརྒྱུད་པའི་མན་ངག་གི་ཉིང་ཁུར་ངེས་ཀྱང་རྗོད་བྱེད་ཀྱི་ཚིག་ཉུང་ངུ་འདི་ཙམ་གྱི་སྡེབ་སྦྱོར་ཡང་རིག་པའི་རྩལ་ལས་འཆར་དགོས་པས་ན། རིག་རྩལ་ཆོས་སྐུའི་གཏེར་སྟོན་གྱིས། དེ་དག་གི་དོན་སྒོམ་པའི་ཤེས་རབ་ཀྱིས་ཉམས་སུ་མྱོང་བ་ཙམ་མེད་ཀྱང་། བླ་མ་དམ་པའི་ཞལ་ལུང་ནོར་བ་མེད་པ་ལས་ཐོས་པའི་ཤེས་རབ་ཀྱིས་སྒྲོ་འདོགས་ལེགས་པར་བཤད་དེ། བསམ་པའི་ཤེས་རབ་ཀྱིས་གཏན་ལ་ཕབས་ནས་བཀོད་པ་ཡིན་པས་ན། ཤེས་རབ་ཀློང་ནས་གཏེར་དུ་བླངས། འཇིག་རྟེན་གྱི་གཏེར་ཕལ་བ་འཕྲལ་གྱི་དབུལ་བ་སེལ་བ་ཙམ་དང་མི་འདྲ་བས་༼ཞིང་འདིའི་སྲིད་ཞིའི་རྒུད་པ་ཐམས་ཅད་༽སེལ་བས། ས་རྡོའི་བཅུད་དང་འདི་མི་འདྲ། ལྟ་བའི་གནད་གསུམ་པོ་འདི་ཚིག་གསུམ་གནད་དུ་བརྡེགས་པ་ཞེས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་མྱ་ངན་ལས་འདས་པའི་ཚེ། ནམ་མཁའ་འོད་ཕུང་གི་དཀྱིལ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གནང་སྟེ་དགོངས་པ་དབྱེར་མེད་དུ་གྱུར་པའི་མན་ངག་ཡང་དག་པ་ཡིན་པས་ན། དགའ་རབ་རྡོ་རྗེའི་ཞལ་ཆེམས་ཡིན། །དེ་ལྟ་བུའི་གདམས་ངག་གི་དོན་གནད་དུ་འབྱོར་བས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྐུ་ཚེ་དེ་ཉིད་ལ་ཀ་དག་ཆོས་ཟད་ཀྱི་དགོངས་པ་མངོན་དུ་གྱུར་ནས་༼བར་དོར་འཚང་རྒྱ་བའི་རྟགས། གདུང་དང་རིང་བསྲེལ་འཇའ་འོད་སྐུ་དང་ས་གཡོ་བ་སོགས་མངོན་དུ་སྣང་བས་༽མངོན་པར་རྫོགས་པར་སངས་རྒྱས་ཏེ་རྒྱལ་བ་དགོངས་བརྒྱུད་རྫོགས་ཤིང་༼ཡེ་ཤེས་བླ་མ་ལས་གནད་གསུམ་གྱི་མན་ངག་འདི་ཀུན་མཁྱེན་བླ་མས་ཁོ་བོའི་བགོ་སྐལ་དུ་བཞག་ནས། མཆིམས་ཕུ་ནགས་ཀྱི་དུར་ཁྲོད་དུ་ཕྱིན་པ་ཡིན། ཞེས་གསུངས།༽དེས་རིག་འཛིན་འཇིགས་མེད་གླིང་པ་ལ་ཡེ་ཤེས་ཀྱི་སྐུ་མངོན་དུ་བསྟན་ནས་རིག་འཛིན་བརྡ་བརྒྱུད་ཀྱི་ཚུལ་དུ་བྱིན་གྱིས་བརླབས། དེས་ཁོ་བོ་ཅག་གི་དྲིན་ཆེན་རྩ་བའི་བླ་མ་ལ་ཞལ་ནས་སྙན་དུ་བརྒྱུད་དེ་གདམས་ངག་གི་ངོ་སྤྲོད་བཏབ་ནས། ཆོས་ཉིད་མངོན་སུམ་དུ་མཇལ་དེ་འགྲོ་བའི་དཔལ་མགོན་དུ་བཞུགས་པ་ལས་ཐོབ་པའི་གདམས་ངག་ཡིན་པས་ན། བརྒྱུད་པ་གསུམ་གྱི་ཐུགས་བཅུད་ཡིན། འདི་ལྟ་བུའི་མན་ངག་གསེར་གྱི་ཡང་ཞུན། སྙིང་གི་ཐིག་ལེ་ལྟ་བུ་འདི། ཉམས་སུ་མི་ལེན་པའི་གང་ཟག་ལ་བསྟན་དུ་ཕངས་ཤིང་། གདམས་ངག་སྲོག་ལྟར་བཙའ་ཞིང་གནད་དོན་ཉམས་སུ་བླངས་ནས་ཚེ་གཅིག་གིས་སངས་རྒྱས་སྒྲུབ་པའི་གང་ཟག་ལ་མི་བསྟན་དུ་ཕངས་པས་ན། སྙིང་གི་བུ་ལ་གཏད་དོ་རྒྱ། ཟབ་དོན་ཡིན་ནོ་སྙིང་གི་གཏམས། །སྙིང་གཏམས་ཡིན་ནོ་དོན་གྱི་གནད། །དོན་གནད་ཡལ་བར་མ་དོར་ཅིག །གདམས་ངག་ཟགས་སུ་མ་འཇུག་ཅིག །ཅེས་མཁས་པ་ཤྲཱི་རྒྱལ་པོའི་ཁྱད་ཆོས་ཅུང་ཟད་བཀྲལ་བ་རེ་ཞིག་རྫོགས་སོ། །དགེའོ། །དགེའོ། །དགེའོ། །དགེའོ། །


previousཚིག་གསུམ་གནད་བརྡེག་གི་ཟིན་བྲིས་བླ་མའི་ཞལ་རྒྱུན།next