Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
ཁྲེགས་ཆོད་སྟོང་པའི་ཡེ་ཤེས་ཀྱི་མན་ངག་བླ་མའི་ཞལ་ལུང་ཁྱབ་བརྡལ་ཉི་མའི་འཁོར་ལོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲེགས་ཆོད་སྟོང་པའི་ཡེ་ཤེས་ཀྱི་མན་ངག་བླ་མའི་ཞལ་ལུང་ཁྱབ་བརྡལ་ཉི་མའི་འཁོར་ལོ།next

ཁྲེགས་ཆོད་སྟོང་པའི་ཡེ་ཤེས་ཀྱི་མན་ངག་བླ་མའི་ཞལ་ལུང་ཁྱབ་བརྡལ་ཉི་མའི་འཁོར་ལོ།

ཁྲེགས་ཆོད་སྟོང་པའི་ཡེ་ཤེས་ཀྱི་མན་ངག་བླ་མའི་ཞལ་ལུང་ཉམས་ལེན་གནད་དུ་དྲིལ་བ་ཁྱབ་བརྡལ་ཉི་མའི་འཁོར་ལོ་བཞུགས།

གཞོན་ནུ་བུམ་སྐུའི་མཁའ་དབྱིངས་སུ། །ནང་གསལ་ཐིམ་ལ་མ་རྨུགས་པའི། །ཕྲ་བའི་ཡེ་ཤེས་ཀུན་མཁྱེན་རྗེ། །སྙིང་གི་དབུས་ན་འདུ་འབྲལ་མེད། །དེ་ལའང་འདིར་ལས་དང་པོ་པས། ལུས་ངག་ཡིད་གསུམ་ལ་བརྟག་པའི་སྐབས་སེམས་གཙོ་ཆེ་ཟེར་བ་ཡིན་ཀྱང་། སྲིད་རྩའི་བདག་འཛིན་དང་མ་རིག་ལྷན་སྐྱེས་གཉིས་གཅིག་གམ་སྙམ་ན་མི་གཅིག་སྟེ། བདག་འཛིན་ནི་ལྟ་བ་གསལ་བའི་རང་བཞིན་ཅན་དང་། མ་རིག་པ་ནི་མི་ཤེས་པ་མི་གསལ་བའི་རང་བཞིན་ཅན་ཡིན། སྲིད་རྩའི་བདག་རྟོག་དེ་གང་གི་དབང་གིས་སྐྱེ་ན་མ་རིག་པའི་དབང་གིས་སྐྱེས་པ་ཡིན། དེ་ནི་བདག་ཏུ་རྨོངས་པ། བདག་ཏུ་ལྟ་བ། བདག་ཏུ་ང་རྒྱལ་བ། བདག་ལ་ཆགས་པ་སྟེ་འཁོར་ཐུན་མིན་བཞི་དང་། ཀུན་འགྲོ་ལྔ་སྟེ་འཁོར་དགུ་ལྡན་གྱི་བདག་ཉིད་ཅན་ཏེ། ཀུན་གཞི་ལ་དམིགས་ནས་ང་ཡོད་པར་འཛིན་པའི་ཕྱིར་སེམས་གཙོ་ཆེ་ཟེར་བ་ཡིན་ལ། དེ་ལྟར་མ་ཤེས་ན་འགྲོ་འདུག་སོགས་སྤྱོད་ལམ་ཐམས་ཅད་ལ་སེམས་གཙོ་ཆེ་ཟེར་བ་ནི་རྟགས་ལྟར་སྣང་བ་ཡིན་ཏེ་ལུས་དང་ངག་མེད་པར་སེམས་ཀྱིས་བསམ་པ་ཙམ་གྱིས་འགྲོ་འདུག་སྨྲ་བརྗོད་སོགས་མི་བྱེད་པའི་ཕྱིར་རོ། །བྱུང་གནས་འགྲོ་གསུམ་གྱི་སྐབས་སེམས་བཙལ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བར་གཏན་ལ་དབབ་པ་ཡིན། དེ་ཡང་སེམས་ལ་ངོ་བོ་གང་ཡང་མེད་པ་ལ་དང་པོ་སྐྱེ་རྒྱུ་མེད་པས་སྐྱེ་བའི་རྒྱུས་སྟོང་། དང་པོ་མ་སྐྱེས་པ་ལ་བར་དུ་གནས་པའི་མཁན་པོ་མེད་པས་གནས་པའི་ངོ་བོས་སྟོང་། བར་དུ་མི་གནས་པ་ལ་ཐ་མ་འགག་རྒྱུ་མེད་པས་འགག་པ་རང་གི་མཚན་ཉིད་ཀྱིས་སྟོང་། དེ་ཕྱིར་གདོད་ནས་སྐྱེ་འགག་གནས་གསུམ་དང་བྲལ་བ་ཡིན་ཏེ་གང་དུ་བཙལ་ཀྱང་མི་རྙེད་པ་ཡིན། ས་པཎ་གྱིས། དང་པོ་སྐྱེ་བ་མེད་པ་ལ། །གནས་པ་འགག་པ་ག་ལ་སྲིད། །སྐྱེ་འགག་མེད་པར་བསམ་པ་ནི། །རྣམ་རྟོག་ཡིན་གྱི་ཞོག་ལ་ཐོངས། །ཞེས་གསུངས་པ་བཞིན་ཤེས་པར་བྱའོ། །སེམས་རིག་གི་ལ་ཤན་འབྱེད་པའི་སྐབས་སུ་གང་ཟག་དབང་རྟུལ་དང་དབང་རབ་གཉིས། དང་པོ་སྣང་བ་ཡུལ་གྱི་བློ་ཅན་ནི་སེམས་ཀྱི་རྙོགས་མ་མ་དྭངས་བའི་རིགས་ཡིན་པས་སེམས་ལས་འདས་པའི་ཡེ་ཤེས་ལམ་དུ་བྱེད་དཀའ་བའི་ཕྱིར་ཐོག་མར་རིག་ངོ་ལ་ལྟ་བའི་སྔ་ལོགས་སུ་སེམས་ལ་བལྟ་བ་གལ་ཆེ་སྟེ། དེ་ལའང་ཕྱག་ཆེན་ལྟར་གནས་འགྱུ་རིག་གསུམ་གྱི་དབང་དུ་བྱས་ན། གནས་པ་ནི་རྟོག་ཚོགས་ཀྱི་འཕྲོ་འདུ་ཐམས་ཅད་ཞི་ནས་རླབས་དང་བྲལ་བའི་རྒྱ་མཚོ་བཞིན་གནས་པའི་ཆ་དང་། འགྱུ་བ་ནི་བཟང་ངན་གྱི་རྟོག་ཚོགས་གང་རུང་སྟེ་འཕྲོ་བའི་ཆར་གཏོགས་པ་རྣམས་དང་། རིག་པ་ནི་གནས་པའི་རྒྱུན་སྐྱོང་བ་ན་འགྱུ་བའི་དབང་བཙན་དང་མི་བཙན་ལ་རྟོག་བྱེད་ཀྱི་ཤེས་བཞིན་དེ་ཡིན་ནོ། །འདི་དག་ནི་སོ་སོའི་སྐྱེ་བོ་རྣམས་ལམ་ལ་བཀྲི་བའི་ཆེད་དུ་བཤད་པ་ཙམ་ཡིན་ལ། ཚུལ་ཇི་ལྟར་ན་གནས་པའི་ཚེ་རྣམ་ཤེས་ཀྱི་ངོར་སྟོང་པའི་སྣང་ཚུལ་སྣང་བ་ཙམ་ལས་ཁྱད་ཆོས་མེད་པ་ཡིན་ཏེ། ཤནྟ་པུ་རི་བས། གསལ་སྟོང་རིག་པ་ངར་དང་མི་ལྡན་པའི། །ཞི་བར་གནས་ཙམ་དུད་འགྲོའི་ཁྲོད་ནའང་མང་། །ཞེས་གསུངས་པ་བཞིན་ནོ། །འགྱུ་བའི་ཚེ་གང་ཤར་གྱི་ངོ་བོ་ལ་བལྟ་བ་དང་། རང་ངོས་འཛིན་པ་དང་། གཤིས་ཐོག་ཏུ་ཀློད་པ་སོགས་ཡང་དག་པའི་ལམ་མ་ཡིན་པའི་ཚུལ་ཀུན་མཁྱེན་ཞལ་ལུང་ལས། དེ་ལ་བལྟ་བྱའི་རྣམ་རྟོག་དང་། ལྟ་མཁན་གྱི་དྲན་པ་གཉིས་སུ་ཡོད་པས་གཉིས་འཛིན་ནི་འཁོར་བའི་རྩ་བ་སྡུག་བསྔལ་གྱི་འབྱུང་ཁུངས་ས་ལམ་གྱི་བཀག་རྡོ་ཡིན་ཕྱིར་གནས་ཀྱང་ངོ་ཤེས་འགྱུས་ཀྱང་ངོ་ཤེས་པ་འདི་རྟོགས་པ་ཀློང་དུ་གྱུར་པའི་ཚེ་ནོར་ས་རྔམ་པོ་ཆེ་ཡིན་ཞེས་གསུངས་སོ། །དྲན་པའམ་རིག་པ་ནི་ལས་དང་པོ་བའི་གང་ཟག་ལ་དགོངས་ནས་དྲན་པ་སྒོམ་གྱི་དངོས་གཞིར་བསྟན་ནས་ཁྲིད་པའི་སྐབས་ཡིན་ཏེ། གནས་འགྱུ་རིག་གསུམ་གང་ཡིན་ཀྱང་རུང་སྟེ་དྲན་པའི་ར་བ་ལས་མ་འདས་པའི་ཕྱིར་འདུ་བྱེད་ཀྱི་དྲན་པའི་ཐ་སྙད་སྦྱར་བ་དང་། གཞན་ཡང་རེས་འགའ་ཡུལ་ལ་གཡེང་དུས་ང་གཡེང་འདུག་སྙམ་ནས་མ་བཅོས་པར་འཇོག་རྒྱུ་འདྲ་བ་ཞིག་ཡོད་པ་དེ་ནི་སྟོང་འཛིན་འདུ་ཤེས་ཀྱི་དྲན་པ་དང་། རེས་ཡེང་བ་ཚོར་ཙམ་ནས་ཡེང་མཁན་ཆོས་ཉིད་དུ་སྟོར་བ་ནི་ཐོག་མའི་སྐྱོང་ཚུལ་མ་ནོར་བ་ཡིན་ཀྱང་། སླར་དེ་ལ་ཡང་བསྐྱར་ཚོར་མཁན་ལ་བརྟག་དགོས་པ་ནི་ཆོས་ཉིད་ལ་རྟོག་གེའི་བློས་གནོད་བསྐྱལ་བ་ཡིན་ནོ། །ཡང་རེས་འགའ་བློ་ལ་ཅི་ཤར་ཐམས་ཅད་མ་བཅོས་པར་བཞག་པའི་རྗེས་ལ། ཅི་ཡང་མེད་པར་སྟོང་ཕྱལ་ཕྱལ་དུ་སོང་བ་དེ་ལ་ངེས་ཤེས་སྐྱེས་ནས་ཀ་དག་གི་དགོངས་པ་འདིར་འདུག་སྙམ་པ་ནི་སྟོང་འཛིན་དང་། ངེས་ཤེས་རྙེད་པ་ནི་རྟག་འཛིན་འདུ་ཤེས་ཀྱི་དྲན་པ་ཡིན་ལ། དེ་ལྟ་བུའི་འཇུར་དྲན་གྱིས་བཅིངས་པའི་སྒོམ་ཆེན་པ་རྣམས་ལ་དྲན་སྣང་ཡེ་ཤེས་ཀྱི་འཁོར་ལོ་རུ་ཤར་ནས་མཐའ་གྲོལ་ཀློང་ཡངས་ཆེན་པོའི་ངང་དུ་མི་ཚེ་ཉི་མ་འཛད་དུ་འཇུག་པའི་ལས་འཕྲོ་ཞིག་མེད་པས་ཅི་ཚུགས་དྲག །ཡང་མཉམ་བཞག་གནད་དུ་མ་སོང་ན་ཅི་ཡིན་འདི་ཡིན་མེད་པའི་ལུང་མ་བསྟན་ཐོམ་ཡོ་རེ་བ་ཞིག་གི་ངོ་བོ་བརྗོད་མི་ཤེས་པ་ལྟ་བུ་ཞིག་འཆར་བ་ཡིན། དེ་ལ་བརྟན་པ་ཆེར་ཐོབ་པའི་ཚེ་ན་ཡུལ་རྐྱེན་གྱིས་མི་འཕྲོག་པའི་ཉམས་ཡིན་ཏེ། ཉིན་མཚན་འཁོར་ཡུག་ཏུ་འབྱམས་ཀྱང་སྙིང་པོ་ཅི་ཡང་མེད་དེ་སྟོང་ཧད་ཧད་པོ་དེ་ལ་རིག་པའི་དྭངས་ཆ་མེད་ན་ཐུགས་དམ་གྱི་ངོ་བོ་ཇི་ལྟར་བཟང་ཡང་ཉམས་ཙམ་མྱོང་བ་ཡིན་ཀྱང་། འདི་ལ་དེང་སང་གི་བཤེས་གཉེན་རྣམས་ཀྱིས་རྟོགས་པ་ཉིན་མཚན་འདྲེས་པར་ངོ་སྤྲོད་བྱེད་པར་འདུག་པས་ལོང་བས་ལོང་བ་ཁྲིད་ནས་མི་ཚེ་སྟོང་པར་འཛད་པ་ལས་ཡོན་ཏན་སྐྱེ་བའི་རེ་བ་ཟད་པ་ཞིག་སྣང་སྟེ། ཀུན་མཁྱེན་འཇིགས་བྲལ་གླིང་པས། སེམས་གསལ་སྟོང་ཞི་གནས་འཛིན་པ་ཅན། །ཡིད་རྟོག་དཔྱོད་ཀྱི་ལྷག་མཐོང་གཡོ་འཁྲུལ་པོ། །དབྱིངས་ལུང་མ་བསྟན་གྱི་བྱར་མེད་གསུམ། །འདི་གསུམ་པོ་རྫོགས་ཆེན་ཁྱུ་ནས་བུད། །སྒོམ་དྲན་འཛིན་གཉེན་པོས་འཆིང་པ་དང་། །བློས་ཆེད་འཛིན་བྱས་པའི་སྟོང་ཉམས་ཅན། །བློ་གོ་ཡུལ་དྲེད་པའི་རྒྱས་འདེབས་གསུམ། །ཁྱེད་གསུམ་ཡང་རྫོགས་ཆེན་ཁྱུ་ནས་བུད། །སེམས་འདུ་ཤེས་གྲུང་པོའི་ལྟ་སྒོམ་དང་། །བློ་གོ་རར་འཐུམ་པའི་ཉམས་ཞེན་དང་། །ཡིད་མྱོང་བྱའི་དྲི་མས་སྦགས་དེ་གསུམ། །ཁྱེད་གསུམ་ཡང་རྫོགས་ཆེན་ཁྱུ་ནས་བུད། །ཅེས་སོ། །ཡང་འགའ་ཞིག་གིས་འདས་པའི་རྟོག་པ་འགག །མ་འོངས་པའི་རྟོག་པ་མ་སྐྱེས། ད་ལྟའི་ཤེས་པ་ངོས་བཟུང་ནས་སྟོང་པའི་ཉམས་ཤུགས་ཆེ་བ་དེ་ལ་བསྒོམ་བྱའི་སྙིང་རྡོ་མཛད་ཀྱང་བྱིས་པའི་རྣམ་ཐར་ཙམ་དུ་ཟད་པ་ནི། ཡིད་བཞིན་མཛོད་ལས། སྐད་ཅིག་ཡུད་ཙམ་ངོས་བཟུང་འགྱུར་བའི་ཕྱིར། །སྔ་ཕྱི་སྒོམ་མིན་བར་དེར་སུ་ཡིས་བཅུག །དེ་འདྲའི་ལམ་ངན་མདོ་རྒྱུད་དང་འགལ་བས། །ཐར་བ་འདོད་ན་རིང་དུ་སྤང་བར་བྱ། །ཞེས་དང་། ཕྱག་རྒྱ་ཆེན་པོ་གཉུག་མའི་དེ་ཉིད་གསལ་བྱེད་ལས་ཀྱང་། སྔ་མ་འགག་ནས་ཕྱི་མའི་བར་གྱི་སྟོང་ཆ་ཆོས་ཉིད་དུ་མཐོང་བ་ནི་སྒོམ་ཆེན་ལ་མུ་གེ་ལྡང་བའི་ཚུལ་གསུངས་ཡོད་པས་ཤེས་པར་བྱའོ། །ཡང་བཤེས་གཉེན་དམ་པས་མ་ཟིན་པའི་བླུན་སྒོམ་མུན་རྡོ་འཕེན་པ་འགའ་ཞིག་ལ། འོད་གསལ་མཐའ་དབུས་དང་བྲལ་བའི་ཀློང་དུ་གང་ཤར་ཡེ་ཤེས་ཀྱི་རོལ་པར་འཆར་བའི་མན་ངག་གིས་དབེན་ནས་ཤེས་པ་གསལ་སྟོང་རྩེ་གཅིག་ཏུ་གནས་དུས་དེའི་ངང་ལས་ཐོལ་གྱིས་ཤར་བའི་རྣམ་རྟོག་དེ་རིག་ཅིང་གཤིས་ཐོག་ཏུ་ཀློད་ནས་དེའི་རྒྱུན་སྐྱོང་བར་འདུག་ཀྱང་། དེ་ནི་གཟུགས་མེད་ཀྱི་ལྷ་དང་རྗེས་སུ་མཐུན་པའི་མཉམ་བཞག་ཡིན་པར་ཀུན་མཁྱེན་གཉིས་པས་བཞེད་པའོ། །གཞན་ཡང་གང་ཤར་གྱི་རྟོག་ཚོགས་མ་བཅོས་པར་བཞག་ན་ཆོས་ཉིད་ཡིན་ཞེས་སྒོམ་ཆེན་པ་རྣམས་ཀྱི་ཐུགས་དམ་གྱི་ངོ་བོར་མཛད་ནས་གཞན་ལ་མེད་པའི་ཟབ་ཆོས་སུ་འཆད་པ་འདི་ལའང་། རྟོགས་པ་མཐོན་པོར་སླེབས་པའི་རྣལ་འབྱོར་པས་དཔྱད་ན་རྣམ་འབྱེད་ཤིན་ཏུ་ཕྲ་བ་ཡོད་པས་འདི་ཡང་ཐེག་རྩེའི་ཤིན་ཏུ་རྣལ་འབྱོར་གྱི་དགོངས་པ་མིན་ཏེ། གང་ཤར་མ་བཅོས་པར་ཇི་ལྟར་འཇོག་ནུས་ཏེ་ཤར་བའི་རྟོག་ཚོགས་དེ་ལ་མཐོང་བར་བྱ་བའི་དབྱིབས་དང་ཁ་དོག་ལ་སོགས་གཟུགས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་པས་དེ་ལ་གཞག་རྒྱུའི་རྣམ་རྟོག་དང་། འཇོག་མཁན་གྱི་དྲན་པ་གཉིས་སུ་ཕྱེ་བ་ནི་ནམ་མཁའི་པདྨོའི་ཁ་དོག་བརྗོད་པ་ཙམ་དུ་ཟད་ལ། ཡང་ཞི་གནས་ཀྱི་མྱོང་བར་སྦྲང་མ་རྩི་ལ་འབྱར་བ་ལྟ་བུའི་སྒོམ་ཆེན་རྣམས་མ་གཡེང་བའི་ཚེ་དྲན་པ་ཙམ་གྱིས་སེམས་རྟོག་མེད་དུ་གནས་ལ། དྲན་པས་གསལ་མ་ཐེབས་ན་ཐ་མལ་པ་དང་ཁྱད་མེད་པ་ཡིན་ཏེ། འདི་དུས་མ་ཡེངས་མི་སྒོམ་ལ་ལྟ་བའི་མཐིལ་བཅོལ་ན་བདེ་བར་སྣང་ངོ་། །འདིར་ཀུན་མཁྱེན་ཡབ་སྲས་ཀྱི་རྗེས་འབྲང་བརྒྱུད་པ་དང་བཅས་པའི་རང་ལུགས་ཀྱི་ཁྱད་ཆོས་འདི་ལ། དྲན་པ་རང་ཡལ་དུ་སོང་བའི་ཚེ་དྲན་སྣང་ཡེ་ཤེས་ཀྱི་འཁོར་ལོ་རུ་ཤར་ནས་ཆོས་ཉིད་ཀྱི་ངང་དུ་རྒྱ་འབྱམས་པ་ལ་དྲན་པ་ལོགས་སུ་འཚོལ་དགོས་པ་མིན་ཏེ། ལྟ་བ་བཟང་པོའི་ཤུབས་ནས་བཏོན་པ་ལ་དྲན་པས་གང་ལ་འཛིན། གཡེང་ཡུལ་ཆོས་ཉིད་དུ་སོང་བ་ལ་ཡེང་བའི་མཁན་པོ་སུས་བྱེད། དགོངས་པ་ཀློང་ནས་གྲོལ་ཏེ་གཏད་མེད་ཡེ་སངས་ཀུན་ཏུ་བཟང་པོའི་དགོངས་པ་ལ་སླེབ་པ་ཞིག་ལགས་སོ། །གནས་ལུགས་རིན་པོ་ཆེའི་མཛོད་ལས་ཀྱང་། དམིགས་གཏད་ཆོས་མེད་ཧར་སངས་རྒྱ་ཡན་པ། །མ་ཡེངས་དྲན་པ་ཟད་པའི་དགོངས་པ་ནི། །མཁའ་ལྟར་ཕྱལ་ཡས་སྒོམ་དང་མི་སྒོམ་མེད། །འདི་ནི་ཀུན་བཟང་དགོངས་པའི་ཀློང་ཆེན་ནོ། །ཞེས་སོ། །དེ་ལྟ་ནའང་རྟོག་གེ་དང་གླེན་སྒོམ་རྣམས་ལ་རང་བཞིན་རྫོགས་པ་ཆེན་པོའི་ལས་འབྲེལ་མེད་པ་ནི། ཀུན་མཁྱེན་ངག་གི་དབང་པོས། ཨ་ལ་ལ་འདི་ཐེག་པ་གཞན་ལས་ཁྱད་པར་གནམ་ས་བས་ཀྱང་ཆེ་སྟེ། བསྟན་ཡང་མི་རྟོགས། བཤད་ཀྱང་མི་གོ། ད་དུང་ཆོས་ཀྱི་ཁ་འཛིན་ཙམ་ལས་ངོ་སྤྲོད་སྔ་མའི་སྟེང་དུ་འཇོག་པ་རྣམས་ལ། རང་བཞིན་རྫོགས་པ་ཆེན་པོའི་གསང་བ་སྙིང་ཐིག་གི་ལས་འབྲེལ་མེད་པས། ཅི་བྱས་ཀྱང་འཚང་རྒྱ་བ་ལ་སྔ་འདྲེས་གཅིག་གིས་ཉེ་བར་མ་སོང་བ། ཡི་མུག་ལ་དགོད་འཆོར་པ་མཚར་ཆེའོ། །ཞེས་གསུངས་པའི་དོན་ཐོག་ཏུ་ཕེབས་པ་ཉིད་དོ། །དེའི་ཕྱིར་སེམས་དང་རིག་པའི་ལ་ཤན་འབྱེད་པ་ལ། གནས་པ་ངོ་བོའི་ཤན་འབྱེད་པ་ལའང་གཉིས་ལས། དང་པོ་སེམས་ཀྱི་ངོ་བོ་ནི་ཤེས་པ་ཚོགས་དྲུག་གི་ཡུལ་ལ་གཡེངས་ཀྱང་དྲན་པས་ཟིན་པ་ཙམ་ནས་སེམས་གསལ་སྟོང་དུ་གནས་པ་ཞིག་དང་། ཡང་དྲན་ཙམ་ནས་ཧད་དེ་གནས་པ་ཞིག་དང་། ཡང་སྒོ་ལྔའི་གདངས་མ་འགག་པ་ལ་ཡིད་ཀྱི་རྣམ་ཤེས་ཅིར་ཡང་མི་རྟོག་པའི་འཆར་ཚུལ་གསུམ་ཡོད་པ་ནི་སེམས་ཀྱི་ངོ་བོ་མཐོང་བ་ཡིན་ལ། དེའི་ངང་དུ་དྲན་པ་བསྟེན་ན་དེ་གསུམ་གས་ཀྱང་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཙམ་སྐྱེ་བའི་རྟེན་བྱེད་པ་ནི། དགོན་རྩེ་སྤྲུལ་སྐུའི་དྲིས་ལན་དུ་གསུངས་ཡོད་པས་ཤེས་པར་བྱའོ། །གཉིས་པ་རིག་པའི་ངོ་བོ་ནི། ཡེ་གྲོལ་ཡིན་ཏེ། གློ་བུར་བ་མ་ཡིན་པར་ཐོག་མ་ནས་གྲོལ་ཏེ། ཡེ་ཞེས་པ་ནི་བྱས་པ་དང་རྩོལ་བ་མེད་པའི་དོན་ཏེ། གང་ནས་ཀྱང་མ་བྱུང་། གང་དུའང་མ་སོང་། གར་ཡང་གནས་པ་མེད་པ་དང་། གྲོལ་ཞེས་པ་ནི་དགྲོལ་བ་ལྟ་བུ་མ་ཡིན་པས། ལྟ་སྒོམ་གྱིས་འབད་མི་དགོས། རང་ལུགས་སུ་གནས་པ་ལ་བཅས་བཅོས་མེད་པའི་དོན་ཡིན་ལ། དེ་ལའང་ཚུལ་ཇི་ལྟ་བུ་ཞེ་ན། ཡེ་ཤེས་རང་གསལ་དུ་ལྷག་གེ དབྱིངས་སྟོང་ཉིད་དུ་ལྷང་ངེ་། རིག་པ་ཀ་དག་ཏུ་རྗེན་ནེ། གྲོལ་ན་བྱུང་ཚོར་གྱི་རྟོག་པ་ཐམས་ཅད་གདོད་མའི་དབྱིངས་སུ་གྲོལ། གནས་ན་སྐུ་གསུམ་གྱི་ངང་དུ་གནས། འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་ཤར། མཉམ་ན་གཉིས་མེད་ཀྱི་ངང་དུ་མཉམ་པ་ཡིན་གསུངས། འཕྲོ་བ་རྩལ་གྱི་ཤན་འབྱེད་ལའང་གཉིས་ལས། དང་པོ་སེམས་ཀྱི་རྩལ་ནི། དཔེར་ན་བཅོ་ལྔའི་ཟླ་འོད་ཡུལ་དང་འདྲེས་པ་བཞིན་དུ་གཟུང་བ་དང་འཛིན་པ་ལས་མ་འདས་པའི་ཆོས་སོ། །གཉིས་པ་རིག་པའི་རྩལ་ནི། རང་གྲོལ་ཡིན་ཏེ། རང་གིས་རང་གྲོལ་བ་མ་གཏོགས་གཉེན་པོ་གཞན་མེད་པའི་དོན་ཡིན་ཏེ་བློ་ལ་ཅི་ཤར་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་ཤར་ནས་འཛིན་རྟོག་ཡེ་གྲོལ་དུ་སོང་བ་ནི་དཔེར་ན་རིན་པོ་ཆེའི་གསེར་གླིང་དུ་ཕྱིན་དུས་ས་རྡོ་ཕལ་པ་བཙལ་ཀྱང་མི་རྙེད་པ་བཞིན་ནོ། །དེ་ལྟ་བུའི་སེམས་རིག་གི་ལ་ཤན་ལེགས་པར་འབྱེད་དགོས་པ་ཡིན་ལ། ཐེག་མཆོག་རིན་པོ་ཆེའི་མཛོད་ལས་ཀྱང་། སེམས་རྟོག་མེད་དང་རིག་པ་རྟོག་མེད་གཉིས་མི་རྟོག་པར་འདྲ་ཡང་རིག་པ་ཟང་ཐལ་ལ། སེམས་ལྷན་ནེར་གནས་ཤིང་འཁྱིལ་བའི་ཁྱད་ཡོད། རིག་པ་རང་ཤར་ཡུལ་ལ་སྣང་བ་དང་། རྣམ་རྟོག་རང་ཁར་ཤོར་བ་གཉིས་ཡུལ་ལ་འཕྲོ་བར་འདྲ་ཡང་། རིག་པ་ཐལ་ཕྱུང་དུ་ཤར་ནས་འཛིན་མེད་དུ་གྲོལ་ལ། རྣམ་རྟོག་གཟུང་འཛིན་དུ་ཞེན་པས་ཡུལ་ཕྱིར་འབྲང་བའི་ཁྱད་ཡོད། ཅེས་གསུངས་པ་བཞིན་ནོ། །གཞན་ཡང་རྟོག་ཚོགས་ཀྱི་འཕྲོ་འདུ་དང་བྲལ་བའི་ངང་ལ་གནས་དུས་གནས་ཆའི་མི་རྟོག་པ་དེ་ཉིད་ཞི་གནས་ཡིན་པས་སྒོམ་དུ་འདོད་པ་མིན་ཏེ། འདི་དུས་ཀྱི་རིག་པ་དྭངས་གསལ་རྙོགས་མ་དང་བྲལ་བའི་དྲན་རིག་སོ་མའི་དབྱིངས་ན་ཡེ་ཤེས་རིག་པའི་དྭངས་ཆ་ཟང་ཐལ་དུ་འདུག་པ་དེ་ཉིད་ངོས་ཟིན་པ་ནི་གནད་དམ་པ་ཡིན། ཡང་རིག་པ་ཡུལ་ལ་འཆར་དུས་གང་ཤར་ལ་བལྟ་བ་སོགས་སྒོམ་དུ་འདོད་པ་མིན་ཏེ། འདི་ཆོས་སྐུ་འཕོ་མེད་རྒྱལ་པོའི་རང་རྩལ་ལས་རོལ་པ་འགག་མེད་དུ་ཤར་ནས་ཕན་གནོད་མེད་པར་གྲོལ་བ་ཁང་སྟོང་གི་རྐུན་མ་ལྟ་བུ་དེ་ཉིད་རྣལ་འབྱོར་གྲུབ་པའི་དབང་ཕྱུག་གི་ལམ་ཡིན་པར་པཎ་ཆེན་བི་མ་ལའི་རྗེས་འབྲངས་རྣམས་ཀྱིས་བཞེད་པ་ཡིན་ནོ། །དེ་ལྟ་བུའི་དོན་འདི་མ་རྟོགས་ན། སེམས་རྩེ་གཅིག་ཏུ་ནང་དུ་གནས་པ་དང་། ཕྱི་ཡུལ་ཐོག་ཏུ་འཕྲོ་བ་སོགས་ལ་བལྟ་བ་དེ་སྒོམ་གྱི་ངོ་བོར་འཛིན་པ་ནི་ཤིན་ཏུ་འཁྲུལ་བར་འགྱུར་ཏེ། གནས་པ་ཙམ་ནི་བསམ་གཏན་གྱི་ལྷ་དང་འདྲ་ལ། འཆར་བ་ཙམ་ནི་ཐ་མལ་གྱི་རྟོག་པ་དང་འདྲ་བས་བསྒོམས་ཀྱང་སངས་རྒྱས་ཐོབ་པས་རེ་བ་ཞིག་མེད་པར་སྣང་ངོ་། །ངོ་བོ་ཡེ་གྲོལ་དང་རྩལ་རང་གྲོལ་ཞེས་པའང་། གཉིས་མེད་རང་བྱུང་གི་ཡེ་ཤེས་ཡིན་ཀྱང་། དེ་ལྟར་མ་རྟོགས་པའི་སྒོམ་ཆེན་རྣམས་ཀྱིས་ངོ་བོ་དང་རྩལ་ཞེས་པའང་གནས་པ་དང་འཆར་བ་གཉིས་ཡིན་སྙམ་ནས། ངོ་བོ་མི་རྟོག་པར་འཇོག ། རྩལ་ཤར་གྲོལ་དུ་སྐྱོང་བ་རྣམས་ལ། རིགས་བདག་ཆེན་པོ་ཀུན་མཁྱེན་ངག་གི་དབང་པོས། ལུང་རིགས་ཀྱི་སྡེར་མོས་བསྣད་པར་གྱུར་པ་ནི། ཉམས་ལེན་ཆ་གཉིས་སུ་སོང་བའི་གནད་མ་གོ་ངོ་མ་འཕྲོད་པའི་རྣམ་འགྱུར་ཡིན་ཞེས་གསུངས། རྩལ་དང་རོལ་བ་ཞེས་པའང་། རྩལ་ནི་འཆར་ཚུལ་མ་འགག་མེ་ལོང་གཡའ་དག་པའི་ངོས་ལྟ་བུ་དང་། རོལ་བ་ནི་སྣ་ཚོགས་སུ་ཤར་བའི་ཆོས་སྒྱུ་མའི་དཔེ་བརྒྱད་ལྟ་བུའོ། །ཀུན་གཞི་དང་ཆོས་སྐུའི་དབྱེ་བའང་། ཀུན་གཞི་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཀུན་གྱི་གཞི་ཡིན་ཏེ། རྩལ་སྣང་གི་རྟོག་ཚོགས་ཐམས་ཅད་བག་ལ་ཉལ་བའི་ལུང་མ་བསྟན་དེའི་ངང་དུ་ཡེ་ཤེས་རིག་པའི་དྭངས་ཆ་ལྐོག་ཏུ་གྱུར་པ་ནི་རྙོགས་མ་ཅན་གྱི་ཆུ་དང་འདྲ་སྟེ། གནད་གསུམ་ཤན་འབྱེད་ལས། ཀུན་གཞི་འཁོར་འདས་ཀུན་གྱི་གཞི་ཡིན་ཏེ། །རྙོགས་མ་ཅན་གྱི་ཆུ་དང་ཁྱད་པར་མེད། །བག་ལ་ཉལ་གྱི་གཏི་མུག་མགོ་རྨོངས་ནས། །ཡེ་ཤེས་རིག་པའི་དྭངས་ཆ་ལྐོག་ཏུ་གྱུར། །ཅེས་སོ། །ཆོས་སྐུ་ནི་ཆུའི་རྙོགས་མ་དྭངས་བ་དང་འདྲ་སྟེ། ལུང་མ་བསྟན་གྱི་ཆ་ལས་ལྡོག་ནས་རིག་སྟོང་ཆོས་སྐུའི་ཡེ་ཤེས་ཐིག་ལེ་ཉག་གཅིག་ཁྱད་ཆོས་དྲུག་དང་ལྡན་པའི་ཆོས་དབྱིངས་སུ་གདོད་མའི་ཡེ་གཞི་དང་། ཡེ་ཤེས་ཐིམ་བྱའི་རིག་པ་གཉིས་མེད་ཟུང་འཇུག་ཆེན་པོར་གདོད་ནས་བཞུགས་པ་ཡིན་ནོ། །སེམས་དང་ཡེ་ཤེས་གཉིས་ཀྱི་ཤན་འབྱེད་པ་ལའང་། གནས་དང་། སྒོ་དང་། ལམ་དང་། ཡུལ་དང་། བྱེད་ལས་སོགས་མང་དུ་གསུངས། མདོར་ན་གློ་བ་ན་འགྲོ་འོང་ལས་ཀྱི་རླུང་རྟ་རྒོད་ལོང་བ་ལྟ་བུའི་ཚུལ་དུ་ཡོད་ལ། སྙིང་ནང་ན་ཡེ་ཤེས་ཀྱི་གདངས་མི་འཕྱེ་བོ་འདྲ་བ་ཡོད་པ་དེ་གཉིས་འཕྲད་པའི་ཚེ་ལས་རླུང་གིས་རིག་གདངས་ཁུར་ནས་འཁྲུལ་བའི་ཆ་ལ་སེམས་ཟེར་བ་ཡིན་ནོ། །ལས་རླུང་ཟད་པའམ་འགག་ན་རྟོག་པ་འགགས་ཏེ་རླུང་ཕར་གྱེས་རིག་པ་ཚུར་འདུས་ནས་རིག་ག དངས་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་པས་རིག་སྟོང་ཆོས་སྐུའི་འོད་གསལ་འཆར་བ་ལ་ཡེ་ཤེས་སུ་བཞེད་པ་ཡིན་ནོ། །དེའི་ཕྱིར་དོན་དམ་ཡེ་ཤེས་ཀྱི་རྩ་རླུང་འཛིན་རྩོལ་དང་བྲལ་བའི་མན་ངག་གིས་འགྲོ་འོང་ལས་ཀྱི་རླུང་རང་སོར་བཞག་པའི་ཚེ་ན་རྟོག་ཚོགས་ཉོན་མོངས་པའི་རླུང་བག་ལ་ཞ་ནས་རིག་པ་ཡེ་ཤེས་ཀྱི་རླུང་དབྱིངས་སུ་འཁྱིལ་བའི་གནད་གཅིག་དགོས་པ་ཡིན་ལ། དོན་འདི་ལྟ་བུའི་ཟབ་མོའི་སྙན་བརྒྱུད་ཀྱི་དགོངས་པའི་ཞེ་ཕུག་དཔལ་མགོན་བླ་མ་དམ་པའི་དྲིན་ལས་ཅུང་ཟད་ཐོས་པས་རྣལ་འབྱོར་པ་ཉམས་མྱོང་ཅན་དང་མཇལ་ན་ངོ་མཚར་གཏམ་གྱི་མཆོད་སྤྲིན་སྤྲོ་རྒྱུར་ཡོད་ཀྱང་འདིར་རེ་ཞིག་དེ་ཙམ་མོ། །སྤྱིར་སེམས་དང་ཡེ་ཤེས་ལ་ཤན་འབྱེད་པའི་བླ་མའི་མན་ངག་མེད་ན་སེམས་ལས་འདས་པའི་ཡེ་ཤེས་རྟོགས་པར་དཀའ་བ་སྟེ། ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་པདྨ་དཀར་པོ་ལས། དེང་སང་སེམས་དང་སེམས་བྱུང་གི་རྟོག་པ་མ་འགག་པར་རང་སོ་ན་ཡོད་ཅིང་། ཚོར་བ་དགའ་མི་དགའ་དང་། རླུང་དང་འགྱུ་བ་མ་དག་པར་སངས་རྒྱས་ཀྱི་དགོངས་པའི་ངང་ལ་གནས་པར་འདོད་པ་ནི། འཇིག་རྟེན་གྱི་བསམ་གཏན་ཡང་མ་གྲུབ་ན་འཇིག་རྟེན་ལས་འདས་པའང་འགྲུབ་རེ་ཀན་ནོ། །ཞེས་གསུངས་པ་བཞིན་ནོ། །སྐུ་གསུམ་ཞེས་པའང་། དེང་སང་གི་གླེན་སྒོམ་མུན་རྡོ་འཕེན་པ་རྣམས་ཀྱིས། ཀུན་གཞི་རྟོག་མེད་ཀྱི་ཞི་གནས་ལ་ཆོས་སྐུ་དང་། ཀུན་གཞིའི་རྣམ་པར་ཤེས་པ་གསལ་ལ་མི་རྟོག་པ་ཙམ་ལ་ལོངས་སྐུ་དང་། ཚོགས་དྲུག་གི་ཤེས་པ་རྟོག་པ་ཕྱིར་ཤར་བ་ལ་སྤྲུལ་སྐུ་ཞེས་ཕྱིན་ཅི་ལོག་རྟོག་གི་སྣང་བ་ཡིན་ཏེ། སྐུ་གསུམ་ལྟ་སྨོས་ཀྱང་ཅི་དགོས། ཐ་ནའང་འདོད་གཟུགས་ཀྱི་བསམ་གཏན་ཙམ་ལས་ན་མ་འཕར་བ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། གང་དུ་མི་རྟོག་རྩེ་གཅིག་ལུང་མ་བསྟན། །གསལ་ཞིང་རིག་ཙམ་རྟོག་པ་མེད་པ་དང་། །གཡོ་བའི་ཀུན་རྟོག་སྣ་ཚོགས་རྣམ་པ་གསུམ། །གཟུགས་མེད་གཟུགས་དང་འདོད་པའི་སེམས་ཉིད་དོ། །ཞེས་གསུངས། འདིར་རྫོགས་པ་ཆེན་པོའི་སྐུ་གསུམ་ལམ་སྣང་གི་རིག་པ་ནི། ངོ་བོ་ཀ་དག་གི་རིག་པ་དངོས་པོ་དང་མཚན་མར་མ་གྲུབ། རང་བཞིན་ལྷུན་གྲུབ་ཀྱི་རིག་པ་འོད་གསལ་ཕྲ་བའི་ཡེ་ཤེས་ནང་གསལ་དུ་གནས། ཐུགས་རྗེ་ཀུན་ཁྱབ་ཀྱི་རིག་པ་མཁྱེན་པའི་ཡེ་ཤེས་རྒྱས་པའི་འཆར་གཞི་བྱེད་པ་ཡིན་ཏེ། སྐུ་གསུམ་འདུ་འབྲལ་མེད་པར་ཉི་མའི་སྙིང་པོ་ལྟར་དུ་བཞུགས་པ་ཡིན་ནོ། །འདི་ལའང་རྟོག་གེ་བ་ན་རེ། ངོ་བོ་ཀ་དག་ཡིན་ན། འཁོར་བ་ཡོད་མ་མྱོང་བས། སེམས་ཅན་འཁྲུལ་བ་མི་འབྱུང་བར་ཐལ། རང་བཞིན་ལྷུན་གྲུབ་ཡིན་ན་སེམས་ཅན་སུ་ཡང་འབད་མེད་དུ་གྲོལ་བར་ཐལ། ཀ་དག་དང་ལྷུན་གྲུབ་གཉིས་གཞི་གཅིག་ལས་རྫས་འགལ་བར་ཐལ་ལོ་ཞེ་ན། དེ་ལྟར་མི་བསམས་ཏེ། ངོ་བོ་ཀ་ནས་དག་པས་སེམས་ཅན་འཁོར་བ་མེད་ཀྱང་། ལྷུན་གྲུབ་ཀྱི་རྩལ་ལམ་རོལ་བ་ཙམ་ལས་དེ་ལྟར་སྣང་བ་ནི་མི་འགལ་བ་ཡིན་གསུངས་སོ། །

དོན་གཉིས་པ་རིག་པ་རང་སྣང་གི་བློ་ཅན་ནི། སེམས་ཀྱི་རྙོགས་མ་དྭངས་བའི་གང་ཟག་ཡིན་ཏེ། རང་ངོ་ཀ་དག་ལས་མི་གཡོ་བའི་མཉམ་བཞག་གི་ངོས་ནས་ཕུང་པོ་ལྔ་དང་བྲལ་ཞིང་། ལྷུན་གྲུབ་ཀྱི་གདངས་འགགས་པ་མེད་པའི་རྗེས་ཐོབ་ལའང་། རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་དྲི་མས་མ་གོས་ཤིང་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུའི་ཀློང་དུ་རིག་པའི་ཡེ་ཤེས་གནམ་སྟོང་གི་ཟླ་བ་ལྟ་བུ་ནང་གསལ་ཐིམ་ལ་མ་རྨུགས་པའི་ཕྲ་བའི་ཡེ་ཤེས་དེ་ལ། རྟོག་གེ་བས་གོ་རྒྱུ་དང་། གླེན་སྒོམ་གྱིས་མྱོང་རྒྱུའི་སྒྲོ་བཏགས་མེད་དེ། གདོད་ནས་གཟུང་བ་དང་འཛིན་པ་ཡོད་མ་མྱོང་བས། འགོག་པའི་སྙོམས་འཇུག་ལྟ་བུའི་ལུང་མ་བསྟན་གྱི་ངང་དུ་དྲན་བསམ་ཚོར་བ་ཐམས་ཅད་འགགས་ནས་བརྒྱལ་བའམ་གཉིད་འཐུག་གི་གནས་སྐབས་ལྟར་མཁྱེན་གཉིས་ཀྱི་ཡེ་ཤེས་མེད་པའང་མ་ཡིན། སེམས་ཙམ་པ་ལྟར་གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་ཀུན་གཞིའི་རྣམ་ཤེས་ལྟ་བུའང་མ་ཡིན། བློས་མཐའ་བྲལ་དུ་གཞལ་བའི་མཚོན་དཔེ་ནམ་མཁའ་ལྟ་བུའི་སྟོང་བ་ལ་རྩིས་གཞིར་བྱེད་པའི་དབུ་མ་པ་ལྟ་བུའང་མིན་ཏེ། འདིར་འོད་གསལ་རྫོགས་པ་ཆེན་པོའི་རང་ལུགས་ནི། ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས། སེམས་འགགས་ཆ་ནི་ཁྲེགས་ཆོད་དང་། །ཡེ་ཤེས་རང་གསལ་ཐོད་རྒལ་གཉིས། །ཟུང་འཇུག་རང་བྱུང་ཡེ་ཤེས་ཏེ། །སྙིང་ཐིག་གསང་བའི་ལམ་དུ་བཤད། །ཅེས་གསུངས་པ་བཞིན། ཁྲེགས་ཆོད་སྟོང་པའི་ཡེ་ཤེས་དང་ཐོད་རྒལ་སྣང་བའི་འོད་གསལ་གཉིས་གདོད་ནས་ཟུང་འཇུག་ཆེན་པོར་བཞུགས་པ་ལ་འཕགས་ལམ་རྫོགས་པ་ཆེན་པོ་ཞེས་སྙིང་ཐིག་གསང་བའི་ལམ་དུ་བཤད་པ་ནི། འཁོར་འདས་ཡེ་གྲོལ་གྱི་དགོངས་པ་ཡིན་ཏེ། སུ་ཡང་འཁོར་མ་མྱོང་སྟེ་འཁོར་བ་ཡེ་ཟད། སུ་ཡང་འདའ་མ་མྱོང་སྟེ་མྱང་འདས་ཡེ་གྲོལ། བསྒོམ་པས་སངས་རྒྱས་མ་ཐོབ། མ་བསྒོམ་པས་འཁོར་བར་མ་འཁྱམས། སྣང་སྲིད་གཞི་གྲོལ་གྱི་དགོངས་པ་རྒྱ་ཡན་ལྷུན་འབྱམས་སུ་སོང་ནས་བྱར་མེད་ཆོས་སྐུའི་གཏན་སྲིད་ཟིན་པས། རེ་དོགས་གཉིས་འཛིན་གྱི་འཕྲང་ལས་གྲོལ་ཏེ། བསྒོམ་པས་ཆོག བཞག་པས་ཆོག བོར་བས་ཆོག །གདོད་མའི་མགོན་པོ་མིའི་རྫུ་ལ་ཞུགས་པ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས། རང་བབས་ལྷུན་གྲུབ་ཀྱི་དགོངས་པ་ཆུ་བོ་དང་འདྲ་ཡང་། གཅིག་གིས་ཀྱང་ཁོ་བོའི་དགོངས་པ་མ་ལོན་པར་ཡ་ཆ། ཐམས་ཅད་ཡེ་ཟིན་དུ་འདུག་སྟེ་ཡང་བྱེད། ཡེ་གྲོལ་དུ་འདུག་སྟེ་ཡང་གྲོལ། ཡེ་བཞག་ཏུ་འདུག་སྟེ་ཡང་འཇོག ཡེ་བསྒོམ་དུ་འདུག་སྟེ་ཡང་བསྒོམ། ཡེ་བལྟས་སུ་འདུག་སྟེ་ཡང་བལྟ། ཡེ་བགྲོད་དུ་འདུག་སྟེ་ཡང་བགྲོད། བྱར་མི་འདུག་སྟེ་བྱེད་མི་དགོས། བྱས་པས་ཟིན་པ་མེད། བྱ་མི་བྱའི་རྩིས་ལས་འདས། བསྒོམ་མི་དགོས། བསྒོམ་དུ་མེད། སྒོམ་པ་ལས་འདས། བསྒོམ་ཞིང་ཕོངས། ལྟ་མི་དགོས་བལྟར་མེད། བལྟ་བྱ་ལས་འདས། གང་ལ་བལྟ། བཙལ་མི་དགོས། བཙལ་དུ་མེད། འཚོལ་བ་ལས་འདས། རྙེད་པ་མེད། འདི་ལྟར་ཟང་མ་ཐལ་བྱུང་དུ་འདུག་སྟེ། བཤད་ཀྱང་མི་གོ་བའི་མི་ལ་རྟོགས་པའི་ལས་འབྲེལ་མེད་པས་དགོད་བྲོ་ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་འོད་གསལ་རྫོགས་པ་ཆེན་པོའི་ཉམས་ལེན་མཐར་སོན་པའི་ཚེ་ཁྲེགས་ཆོད་སྟོང་པའི་ཡེ་ཤེས་ཀྱི་ཀློང་དུ་སེམས་དང་སེམས་བྱུང་གི་རྟོག་ཚོགས་ཐམས་ཅད་ཆོས་ཉིད་དུ་དྭངས་ནས་སྟོང་པ་ལ་འཛིན་པའི་སེམས་མེད་པས། ཀ་དག་གི་སར་གྲོལ་དུ་ཉེ་བ་དང་། ཐོད་རྒལ་སྣང་བའི་འོད་གསལ་གྱི་ཀློང་དུ་ལྷུན་གྲུབ་སྣང་བཞི་ཟད་པའི་ཚེ་སྣང་བ་ལ་གཟུང་བའི་ཡུལ་མེད་པས། ཕྱི་འབྱུང་ལྔ་དང་ནང་ཕུང་ལྔས་བསྡུས་པའི་ཆོས་ཐམས་ཅད་རྡུལ་ཕྲན་དུ་དེངས་ནས་ལྷུན་གྲུབ་ཏུ་གྲོལ་བའི་ཚེ་སྐྱེ་འཇིག་གཉིས་ལ་རང་དབང་ཐོབ་ཅིང་། འཕོ་ཆེན་གྱི་སྐུར་བཞེངས་ནས་གདོད་མའི་རྒྱལ་ས་རུ་སླེབས་པ་ཞིག་ལགས་སོ། །ཨ་ཧོ། ཁྱབ་བརྡལ་གྱི་དགོངས་པ་མཐའ་དབུས་དང་བྲལ་སོང་། །ཡོད་པ་ནི་མ་ལགས་ངོས་བཟུང་ནི་མི་འདུག ། མེད་པ་ནི་མ་ལགས་སངས་རྒྱས་ཀྱི་དགོངས་པ། །འགལ་འདུ་ཡང་མ་ཡིན་ཟུང་འཇུག་གི་སྦུབས་སུ། །ཀློང་ཆེན་གྱི་བུ་རྒྱུད་ད་ལྟ་ནས་ཕེབས་འགྲོ། །དགེའོ། །སརྦ་མངྒ་ལཾ། །


previousཁྲེགས་ཆོད་སྟོང་པའི་ཡེ་ཤེས་ཀྱི་མན་ངག་བླ་མའི་ཞལ་ལུང་ཁྱབ་བརྡལ་ཉི་མའི་འཁོར་ལོ།next