Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
སྒོམ་ཕྱོགས་ཀྱི་དྲིས་ལན་འབྲེལ་མེད་འུག་པའི་རྫུན་དྲུག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒོམ་ཕྱོགས་ཀྱི་དྲིས་ལན་འབྲེལ་མེད་འུག་པའི་རྫུན་དྲུགnext

སྒོམ་ཕྱོགས་ཀྱི་དྲིས་ལན་འབྲེལ་མེད་འུག་པའི་རྫུན་དྲུག

སྒོམ་ཕྱོགས་ཀྱི་དྲིས་ལན་འབྲེལ་མེད་འུག་པའི་རྫུན་དྲུག་ཅེས་བྱ་བ་བཞུགས།

གདོད་ནས་མངོན་པར་བྱང་ཆུབ་ནས། །མིང་ཡང་སངས་རྒྱས་དོན་སངས་རྒྱས། །དཔལ་དང་ལྡན་པའི་རྣལ་འབྱོར་ཏེ། །སྙིང་དབུས་མི་ཤིགས་འཁོར་ལོར་རོལ། །སྡེ་གསུམ་ཀློང་དགུའི་ཤིང་རྟ་མཆོག །འདྲེན་མཛད་འཕགས་ཡུལ་བྱོན་རྣམས་དང་། །ཀུན་མཁྱེན་ཡབ་སྲས་ལ་སོགས་པའི། །བསིལ་ལྡན་ལྗོངས་སུ་བྱོན་རྣམས་རྒྱལ། །རྗེ་ཡི་སློབ་འབངས་ཐ་ཤལ་བ། །འདི་ན་ཆོས་མེད་སྤྲང་པོ་བདག །སྐོམ་པས་གདུང་བའི་གླང་ཆེན་བཞིན། །ཁྱོད་དྲུང་པདྨའི་རྫིང་བུ་རུ། །འཇུག་པའི་བློ་ནི་ཉིན་རེ་བཞིན། །ཡར་ངོའི་ཟླ་ལྟར་འཕེལ་གྱུར་ཀྱང་། །རྣམ་གཡེང་ལྕགས་ཀྱུ་རྣོན་པོ་ཡིས། །སྔོན་ནས་ད་བར་གཞན་དབང་གྱུར། །གྲོགས་ཁྱོད་སྒོམ་ཕྱོགས་དྲིས་པའི་ཚོགས། །འདི་རུ་འབྱོར་ཀྱང་བླུན་རྨོངས་བདག །སྦྱངས་པ་དམན་ཞིང་བློ་གྲོས་ཆུང་། །སྡེབ་སྦྱོར་མཁས་པ་མེད་མོད་ཀྱང་། །འོན་ཀྱང་འཁོར་འདས་གཉིས་ཀྱི་ཆོས། །སྣང་ངོར་ཇི་ལྟར་འཆར་ན་ཡང་། །རིག་ངོར་བདེན་འཛིན་འཆིང་བ་ལས། །འདས་པའི་ཀློང་ནས་ལྟ་མགུར་འཐེན། །ཨ་ཧོ། ཆོས་རྣམས་ཀུན་གྱི་རྩ་བ་ནི། །འཁོར་བར་ཞེན་ལོག་ངེས་འབྱུང་དང་། །གཞན་ཕན་དོན་གཉེར་བྱང་ཆུབ་སེམས། །སྣང་སྲིད་རྣམ་དག་དག་སྣང་ཞེས། །འཕགས་བོད་མཁས་པས་ལན་བརྒྱར་གསུངས། ཐོས་དང་བསམ་དང་སྒོམ་པ་དང་། །བསྐྱེད་དང་རྫོགས་པའི་རིམ་པ་སོགས། །ལམ་བཟང་བླ་མའི་རྣལ་འབྱོར་ལགས། །ཅིར་སྣང་བླ་མར་འཆར་བ་ཡི། །དད་པས་མཆི་མ་བསླང་ནུས་ན། །ཐུགས་རྒྱུད་དགོངས་པའི་བྱིན་རླབས་དེ། །རྒྱུད་ལ་འཕོ་བར་ཐེ་ཚོམ་མེད། །ལམ་མཆོག་འདི་ལ་རྒྱབ་ཕྱོགས་ནས། །ཐ་སྙད་ཚིག་ལ་ཞེན་པ་དང་། །གླེན་སྒོམ་ཨུ་ཚུགས་བྱེད་པ་སོགས། །རྒྱལ་བསྟན་ཡིན་སྙམ་བདག་ལ་མེད། །ཉིད་ཀྱི་དྲི་བ་དང་པོའི་སྐབས། །དེང་དུས་སྒོམ་ཆེན་འགའ་ཞིག་གིས། །རྣམ་རྟོག་བྲལ་བའི་གནས་ཆ་ལ། །ཡང་ཡང་བསྒོམས་པའི་ནུས་མཐུ་ཡིས། །ཉིན་མཚན་འཁོར་ཡུག་འདྲེས་པ་མཐོང་། །ཏིང་འཛིན་སྐྱོན་ཅན་སྐྱོན་མེད་སོགས། །གང་ཡིན་དྲིས་པའི་ལན་དེ་སྨོས། །གསུངས་ཀྱང་འདི་ལ་བརྟག་ཅིང་དཔྱོད། །སེམས་ཀྱི་གནས་ཆ་བརྟན་ན་ཡང་། །དེ་ཡི་འཛིན་ཞེན་མ་གྲོལ་ན། །ཉིན་མཚན་འཁོར་ཡུག་འདྲེས་པ་སོགས། །ཉམས་སྣང་ཙམ་ལས་རྟོགས་པ་མིན། །ཕལ་ཆེར་འཇུར་དྲན་རྩེ་གཅིག་གིས། །རྒྱུན་གྱི་བདེ་གསལ་མི་རྟོག་པའི། །བསམ་གཏན་གཉིད་དུ་དྲངས་པ་ལ། །འོད་གསལ་ཟིན་པར་རློམ་པ་མང་། །སྐབས་འགར་ཡེངས་འཁྲུལ་མེད་པ་ཡང་། །རྣམ་རྟོག་ཞི་བའི་གནས་ཆ་ལ། །གོམས་པའི་བག་ཆགས་ཁོ་ན་ལས། །དགོངས་པ་ཀློང་ནས་གྲོལ་བ་མིན། །དྲི་བ་གཉིས་པའི་སྐབས་སུ་ཡང་། །མ་གཡེང་ཙམ་དུ་བསྒོམ་པའི་ཚེ། །དྲན་པའི་རྫི་བོ་མ་བོར་ན། །སྒོམ་མེད་རྟོགས་ཞེས་ཐོས་གསུངས་ཀྱང་། །མ་གཡེང་ཙམ་དུ་བསྒོམ་པ་ནི། །ཤེས་བྱའི་སྒྲིབ་པ་ཡིན་པར་བཤད། །དེ་ཉིད་སྤང་བར་མ་ནུས་ན། །བློ་ལས་འདས་པའི་ཆོས་ཉིད་མིན། །ཅིའི་ཕྱིར་མ་གཡེང་ཙམ་བསྒོམ་པའི། །བློ་དེ་མཐའ་ལས་མ་འདས་ཕྱིར། །སེམས་ཀྱི་དྲན་འཛིན་ཕྲ་མོ་ལ། །དམིགས་པའི་ཏིང་འཛིན་ཡོད་ཅེས་སྨྲ། །དྲན་བྱ་བྲལ་བའི་ཆོས་ཉིད་ལ། །བསྒོམ་མེད་ཅེས་སུ་གྲགས་ན་ཡང་། །དྲན་པའི་རྫི་བོ་མ་བོར་ན། །དེ་ལ་བསྒོམ་མེད་ཇི་ལྟར་རུང་། །བསྒོམ་མེད་ཅེས་པའང་ཐ་སྙད་ཙམ། །དོན་ལ་མེད་པ་ཉིད་འདོད་ན། །མེད་པའི་མཐའ་ལ་གནས་པའི་ཕྱིར། །ལྟ་དེ་ཡང་དག་མ་ཡིན་ཏེ། །སྤྲོས་བྲལ་ཉིད་དུ་རུང་བ་མིན། །གལ་ཏེ་ཆད་པར་ལྟ་བ་དེ། །ཡང་དག་ལྟ་བ་ཉིད་ཡིན་ན། །མུ་སྟེགས་ཆད་ལྟའང་གྲོལ་བར་འགྱུར། །དེ་ལ་སོགས་པའི་དགག་བཞག་རྣམས། །དུ་མ་སྨྲ་རྒྱུ་ཡོད་མོད་ཀྱང་། །འདི་རུ་ཡི་གེ་མང་དོགས་ནས། །མི་སྨྲ་རེ་ཞིག་དེ་ཙམ་མོ། །འདི་འོ་སྙམ་པའི་ཆེད་འཛིན་དང་། །ཡིན་ནོ་སྙམ་པའི་ངེས་ཤེས་སོགས། །མཉམ་པའི་དབྱིངས་སུ་མ་ཟད་ན། །ཆོས་ཉིད་དོན་དེ་ཇི་ལྟར་རྟོགས། །ཆོས་ཉིད་དོན་དེ་མ་རྟོགས་ན། །སྲིད་རྩ་འབྱིན་བྱེད་གཞན་མེད་ཀྱང་། །ཉམས་རྟོགས་ཟབ་མོའི་བགྲོ་གླེང་འདི། །བློ་མིག་དོག་ལ་དགོས་པ་ཆུང་། །འོན་ཀྱང་དྲི་བ་གསུམ་པའི་སྐབས། །རྣམ་རྟོག་སྔ་ཕྱི་འགག་པའི་བར། །སྟོང་པའི་གནས་ཆ་ངོ་འཕྲོད་ན། །མཉམ་ཉིད་ལྟ་བར་འདོད་གསུངས་ཀྱང་། །ཆེད་འཛིན་བྱས་པའི་སྟོང་ཉམས་དེ། །མཉམ་པ་ཉིད་ཀྱི་ཡེ་ཤེས་མིན། །ཡིན་མིན་ཀློང་ཆེན་རབ་འབྱམས་ཀྱི། །ལེགས་བཤད་ཡིད་བཞིན་མཛོད་ལ་དྲིས། །རྣམ་རྟོག་ཞི་བའི་དྭངས་ཆ་ཙམ། །ལྷག་མཐོང་གསལ་བའི་ཡེ་ཤེས་མིན། །གནས་ཆ་ཡོད་ཀྱང་གྲོལ་ཆ་མེད། །སྒོམ་ཆེན་འགའ་ཞིག་འདི་ན་འཆིང་། །སྔ་མ་འགགས་ནས་ཕྱི་མའི་བར། །སྟོང་པའི་ཉམས་ཤུགས་ཆེ་བ་ཞིག །བསྒོམ་བྱའི་སྙིང་རྡོ་མཛད་མོད་ཀྱང་། །དེ་ལ་སུ་ཞིག་ཡིད་རྟོན་བྱེད། །འོན་ཀྱང་ཕྱག་རྫོགས་མན་ངག་ལས། །འདི་འདྲའི་རྣམ་བཞག་བཤད་ནའང་། །དེ་ནི་མོས་སྤྱོད་གང་ཟག་རྣམས། །ཆོས་ཀྱི་དབྱིངས་སུ་དྲང་ཕྱིར་དང་། །ཆོས་ཉིད་བདེན་པ་མཐོང་ཕྱིར་དང་། །གནས་ལུགས་མ་བཅོས་རྟོགས་ཕྱིར་དུ། །གསུངས་པ་ཡིན་གྱི་སྒྲུབ་བརྒྱུད་ཀྱི། །བསྟན་པ་དཀྲུགས་པའི་ཆེད་དུ་མིན། །ལམ་དང་གོལ་སའི་རྣམ་དབྱེ་དེ། །ཞིབ་ཏུ་མཁྱེན་པར་མ་མཛད་ན། །ཤེས་བྱ་སྒྱུ་མ་ལྟ་བུ་རུ། །འདོད་པ་མུ་སྟེགས་བྱེད་ལ་ཡོད། །ཆོས་ཀུན་གདོད་ནས་མ་གྲུབ་ཅེས། །འཛིན་པ་མེད་ཅིང་རྟོག་པ་མེད། །དྭངས་ལ་འགགས་པ་མེད་པ་ཡི། །ལྟ་བའི་ཉམས་ལེན་བོན་ལའང་ཡོད། །ཐམས་ཅད་སྟོང་པ་ཉིད་དོ་ཞེས། །རྒྱུ་འབྲས་བསླུ་མེད་ཁྱད་བསད་ནས། །ལྟ་སྤྱོད་ཟུང་དུ་མ་འབྲེལ་ན། །དོན་གྱི་དམ་པར་འོས་སམ་ཅི། །མི་སྟོང་བདེན་གྲུབ་ལྟ་བ་དང་། །སྟོང་པ་ཕྱང་ཆད་འདོད་པ་དང་། །གླེན་སྒོམ་ཉམས་ལ་ཆགས་པ་སོགས། །ལྟ་དེ་སྤྲོས་པ་ཅན་དུ་སྣང་། །ཚིག་ལ་འཆེལ་བའི་རྟོག་གེ་རྣམས། །ཐེག་པའི་གཟེབ་ཀྱིས་འཆིང་བ་ལས། །གཉུག་མའི་ཡིད་ནི་སྒྲིབ་བྲལ་དུ། །རང་ལ་གནས་ཀྱང་ངོ་མ་ཤེས། །དེང་སང་གངས་རིའི་ལྗོངས་འདི་ན། །གང་ཟག་ཕལ་བའི་བློ་སྐྱོན་གྱིས། །ཡིད་དཔྱོད་སེམས་ཀྱིས་གྲུབ་པའི་མཐའ། །རྫོགས་པ་ཆེན་པོར་སྨྲ་བ་མང་། །སྣ་ཚོགས་གྲུབ་མཐའི་ཆོས་རྣམས་ཀྱིས། །མི་ཤེས་བྱིས་པ་ཡིད་བསླུས་ནས། །རིམ་རྩོལ་བྲལ་བའི་ཐེག་པ་ལ། །འཇུག་པ་འདི་ནི་རིང་དུ་གྱུར། །སྲིད་མཐའ་འགོག་པའི་ལྷག་མཐོང་དང་། །ཞི་མཐའ་འགོག་པའི་སྙིང་རྗེ་གཉིས། །ཟུང་འཇུག་འོད་གསལ་འདུས་མ་བྱས། །ཚུལ་འདི་ཐེག་པ་མཆོག་གི་ལམ། །ཆོས་རྣམས་རང་བཞིན་སྟོང་པ་ཉིད། །སྐྱེ་འགག་གནས་གསུམ་དང་བྲལ་བའི། །རྐྱེན་གྱིས་མ་བསྐྱེད་འདུས་མ་བྱས། །སྟོན་པ་བདེ་བར་གཤེགས་པའི་གསུང་། །སྙིང་པོ་བསྟན་པའི་མདོ་སོགས་ནས། །བདེ་གཤེགས་སྙིང་པོ་རྒྱ་ཆེར་བཤད། །འཁོར་ལོ་བར་པའི་མདོ་རྣམས་སུ། །རྣམ་པར་ཐར་པའི་སྒོ་གསུམ་བསྟན། །དེ་ཉིད་གསང་སྔགས་ཐུན་མོང་ལས། །རང་བཞིན་གཞི་ཡི་རྒྱུད་ཅེས་བྱ། །ཐུན་མིན་སྔགས་ཀྱི་རྒྱུད་སྡེ་ལས། །རང་བྱུང་གདོད་མའི་ཡེ་གཞི་ཞེས། །ཆོས་སྐུའི་གཤིས་འདི་གདོད་མ་ནས། །བཅིངས་པ་མེད་ཅིང་གྲོལ་བའང་མེད། །ཆད་པ་མེད་ཅིང་རྟག་པ་མེད། །རྩོལ་ཞིང་སྒྲུབ་མེད་ཡེ་སངས་རྒྱས། །ཡེ་གྲོལ་ཡིན་པས་འབད་རྩོལ་མེད། །རང་གྲོལ་ཡིན་པས་གཉེན་པོ་མེད། །ཤར་གྲོལ་ཡིན་པས་སྔ་ཕྱི་མེད། །ཅེར་གྲོལ་ཡིན་པས་མཐོང་སར་ཡལ། །དེ་ཡི་རང་བཞིན་ཉིད་ཤེས་ན། །གང་ཤར་ཆོས་སྐུའི་ཡོ་ལངས་ཏེ། །རྒྱུ་འབྲས་སྔ་ཕྱི་འབྲེལ་བ་ཡིས། །བག་ཆགས་བསོགས་ལོང་མེད་པར་གྲོལ། །གཉེན་པོའི་རྩོལ་བ་དབྱིངས་སུ་ཞི། །དྲན་འཛིན་སེམས་ཀྱི་འཆིང་ཐག་ཆད། །གཟུང་འཛིན་མདུད་རྒྱ་ལྷོད་པོར་གྲོལ། །སྣ་ཚོགས་ཉམས་ཀྱི་ཤུན་པ་འཐོར། །ལུང་མ་བསྟན་གྱི་སྟོང་ཆ་དེངས། །སྣང་བའི་ཡུལ་གྱི་རྫུན་ཕུག་རྡིབ། །འཛིན་པ་སེམས་ཀྱི་རྟོད་ཕུར་ཐོན། །གཉིས་མེད་མཉམ་པའི་བར་ལག་འགྱེལ། །གནས་ན་སྐུ་གསུམ་ངང་དུ་གནས། །འཕྲོ་ན་ཡེ་ཤེས་རོལ་པར་འཆར། །གྲོལ་ན་གདོད་མའི་དབྱིངས་སུ་གྲོལ། །མཉམ་ན་གཉིས་མེད་ངང་དུ་མཉམ། །འདི་ནི་ཆོས་སྐུའི་རང་གཤིས་ལས། །སྐྱེས་བུའི་རྩོལ་སྒྲུབ་བྱས་པ་ཡིས། །ས་ལམ་སྦྱང་བསྒྲོད་ལ་སོགས་པའི། །བསྒོམས་པས་གྲོལ་བ་མ་ཡིན་ཞེས། །དེ་སྐད་སྨྲ་བའི་སྤྲང་སྨྱོན་ལ། །མཁས་པའི་གཞུང་ལ་སྦྱངས་པ་དང་། །གྲུབ་པའི་ཉམས་ལ་འདྲིས་ཆ་མེད། །ཚུལ་འདི་ཁོ་བོས་རང་བཟོ་སྟེ། །ཁྱོད་ཀྱིས་ཡིད་བརྟན་མི་རུང་མོད། །འོ་ན་ཅིའི་ཕྱིར་བྲིས་ཞེས་ན། །ཉིད་ཀྱིས་ཡང་ཡང་བསྐུལ་བའི་ཕྱིར། །བཞེད་སྐོང་ལྡོག་མིན་ཙམ་དུ་ལགས། །ཞེས་གྲུབ་ཆེན་བུདྡྷ་ཤྲཱི་ཝན་གྱི་སློབ་འབངས་ཐ་ཤལ་བ་སྙོམ་ལས་མཁན་པདྨ་བཛྲ་༼གཡུ་ཁོག་བྱ་བྲལ་གྱི་མཚན་གཞན་༽གྱིས་གསེར་ཡུལ་གྱི་དབེན་རི་བཀྲ་ཤིས་དུང་དཀར་གཡས་འཁྱིལ་ནས་བྲིས་པའོ། །དགེ་ལེགས་འཕེལ།། །།


previousསྒོམ་ཕྱོགས་ཀྱི་དྲིས་ལན་འབྲེལ་མེད་འུག་པའི་རྫུན་དྲུགnext