Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
དམ་པ་གསུམ་གྲངས་གསོག་ཚུལ་བྱང་སེམས་ལམ་གྱི་སྤྱི་བསྡོམས་བླ་མ་དམ་པའི་ཞལ་ལུང་བགྲོད་པ་གཅིག་པུའི་ལམ་ཆེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་པ་གསུམ་གྲངས་གསོག་ཚུལ་བྱང་སེམས་ལམ་གྱི་སྤྱི་བསྡོམས་བླ་མ་དམ་པའི་ཞལ་ལུང་བགྲོད་པ་གཅིག་པུའི་ལམ་ཆེན།next

དམ་པ་གསུམ་གྲངས་གསོག་ཚུལ་བྱང་སེམས་ལམ་གྱི་སྤྱི་བསྡོམས་བླ་མ་དམ་པའི་ཞལ་ལུང་བགྲོད་པ་གཅིག་པུའི་ལམ་ཆེན།

དམ་པ་གསུམ་གྲངས་གསོག་ཚུལ་བྱང་སེམས་ལམ་གྱི་སྤྱི་བསྡོམས་བླ་མ་དམ་པའི་ཞལ་ལུང་བགྲོད་པ་གཅིག་པུའི་ལམ་ཆེན་བཞུགས་སོ།།

དེ་ཡང་ཀུན་མཁྱེན་ཆེན་པོས། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི། །ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཡིན། །ཞེས་གསུངས་པ་ལྟར་ཐེག་ཆེན་མདོ་སྔགས་གཉིས་ཀྱི་ལམ་ཉམས་སུ་ལེན་པའི་ཆིངས་ཆེན་པོ་དམ་པ་རྣམ་གསུམ་གྲངས་གསོག་ཚུལ་བླ་མའི་ཞལ་རྒྱུན་ལྟར་འགོད་པ་ལ། དང་པོ་སྦྱོར་བ་སེམས་བསྐྱེད་དམ་པ་ནི། ཐོག་མར་རང་རྒྱུད་ཀྱི་ཀུན་སློང་ལ་ཞིབ་པར་བརྟགས་ནས་མི་དགེ་བ་ཡིན་ན་སྤང་། ལུང་མ་བསྟན་ཡིན་ན་དགེ་བའི་ལམ་དུ་བཅོས། དགེ་བའི་ཀུན་སློང་དད་པ། ངེས་འབྱུང་། སྙིང་རྗེ་གསུམ་གྱིས་ཀུན་ནས་བསླང ས་ཏེ། རང་གི་མདུན་གྱི་ནམ་མཁར་གདན་པད་མ་ཉི་ཟླའི་སྟེང་དུ་ངོ་བོ་རང་གི་དྲིན་ཆེན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་ཨོ་རྒྱན་ཆེན་པོ་རྒྱན་ཆ་ལུགས་ཇི་ལྟ་བ་བཞིན་གསལ་བཏབ་སྟེ། དེ་ཡང་ཡར་སྐུ་གསུམ་རྩ་གསུམ་མཆོག་གསུམ་སོགས་ནས་ཀ་ཁ་སློབ་པའི་སློབ་དཔོན་ཡན་ཆད། རྡོ་རྗེའི་མཆེད་གྲོགས་རྣམས་དང་བཅས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མོས་པ་བསྐྱེད་ནས་ཡོན་ཏན་དང་བཀའ་དྲིན་དྲན་པའི་དད་འདུན་དྲག་པོས། དགྲ་གཉེན་ངེས་པ་མེད་པའི་བདག་གཞན་མ་རྒན་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་ཏེ། བྱང་ཆུབ་དུ་མངོན་པར་རྫོགས་པ་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྐྱབས་གནས་ཀུན་འདུས་ཨོ་རྒྱན་ཆེན་པོ་ཁྱེད་ལ་སྐྱབས་སུ་འགྲོ། ཁྱེད་ལ་བསྟེན། ཁྱེད་ལས་གཞན་པའི་སྐྱབས་གནས་མེད་དོ་སྙམ་པའི་དམ་བཅའ་བརྟན་པོས་སྙིང་ནས་སྐྱབས་འགྲོ་བྱས། བདག་གཞན་སེམས་ཅན་ཐམས་ཅད་གནས་ཚུལ་ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། མ་རྟོག་འཁྲུལ་བའི་དབང་གིས་གཟུང་འཛིན་འཁོར་བའི་སྣང་ཚུལ་སྡུག་བསྔལ་གྱི་ཡོ་ལང་ལ་བར་མེད་དུ་སྤྱོད་པའི་མ་རྒན་འདི་རྣམས་སྙིང་རེ་རྗེ། ད་ནི་བདག་གིས་རྣམ་གྲོལ་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་མྱུར་དུ་ཚེ་ལུས་འདི་ལ་འགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བྱའོ་སྙམ་དུ་དམ་བཅས་ནས་སྙིང་ཁུང་རུས་པའི་གཏིང་ནས་སེམས་བསྐྱེད་གནད་དུ་ཐེབས་པར་བྱ།

དེ་ནས་དངོས་གཞི་དམིགས་མེད་དམ་པ་ནི། ཨོ་རྒྱན་ཆེན་པོ་ལ་ཡིད་ཁྱེད་ཤེས་ཀྱི་དད་འདུན་བསྐྱེད་ནས་གསོལ་འདེབས་སྙིང་ནས་ཡང་ཡང་བྱ། དེ་ཡང་ལམ་གྱི་ཡོན་ཏན་རང་རྒྱུད་ལ་ཆེ་སྐྱེས་ཆུང་སྐྱེས་ནི་རང་གི་དད་པ་ཁོ་ན་ལ་རག་ལས་པ་ཡིན། དད་པ་ནི་སྐྱབས་ཡུལ་གྱི་ཡོན་ཏན་ཐུན་མོང་དང་ཐུན་མིན་ཤེས་པ་དང་གཅིག །རང་ལ་བཀའ་དྲིན་ཆེ་བ་དྲན་པ་དང་གཉིས། རང་འཁོར་བའི་སྡུག་བསྔལ་ལས་ཐར་བར་འདོད་པ་དང་གསུམ། ཐར་བའི་ཐབས་ནི། བླ་མའི་ཐུགས་རྗེ་དང་ཕྲིན་ལས་ཁོ་ན་ལས་གཞན་མེད་པར་ཤེས་པ་དང་བཞི་སྟེ། དེ་ལྟ་བུའི་ཤེས་ཐོབ་ཀྱི་དད་པ་དྲག་པོས་གསོལ་བ་བཏབ་པས་ཨོ་རྒྱན་ཆེན་པོ་ཐུགས་དགྱེས་བཞིན་འོད་དུ་ཞུ་ནས་རང་ལ་ཐིམ་པས་ཐུགས་ཡིད་དབྱེར་མེད་དུ་གྱུར་བར་བསམ་ནས་མཉམ་པར་འཇོག་དགོས། རང་གར་གསོལ་འདེབས་དང་ཐུགས་ཡིད་མ་བསྲེ་བར་ལས་དང་པོ་བས་ས་འཇོག་རྡོ་འཇོག་བྱས་པས་ཅི་ཡང་མི་ཕན། རང་གིས་མོས་གུས་ཀྱིས་གསོལ་བ་ཐེབས་ན། བླ་མའི་བྱིན་རླབས་ཞུགས་རྟགས་ནི། མཉམ་བཞག་གི་དུས་དེར་བྱིང་རྨུག་འཐིབ་གསུམ། འཕྲོ་རྒོད་འཐོར་གསུམ་པོ། དཔེར་ན་རི་ཆེན་མགོའི་སྨུག་པ་དྭངས་བ་བཞིན། ད་ལྟ་ནས་དྭངས་ཏེ་འཁྲུལ་རྟོག་གི་རྙོག་མ་ཡེ་མི་འོང་བ་ཞིག་འོང་རྒྱུ་ཡོད་དགོས། དེ་འདྲ་མིན་པར་རི་ཆེན་སྨུག་པས་དབ་བེ་དུབ་བེ། འཁྲལ་ལི་འཁྲུལ་ལེ་ཞིག་ཡིན་དུས་ནི་དད་པ་ཡག་པོ་ཞིག་མ་ཞོག་པའི་མངོན་རྟགས་གསལ་བ་ཡིན་ཏེ། དད་པས་ནི་སེམས་མ་དག་པའམ་མ་དད་པའི་འཁྲུལ་རྟོག་ཐམས་ཅད་དྭངས་འགྲོ་བ་ཡིན་པར་མདོ་རྒྱུད་ཐམས་ཅད་ནས་གསུངས་པས་མོས་གུས་འདི་ལ་ཅི་ནས་གཟབ་དགོས་ཏེ། དཔལ་སྤྲུལ་གྱི་ཞལ་ནས། བླ་མ་བསྟེན་ཐབས་མོས་གུས་ཡིན་ཏེ་ཞེ་ས་མིན། །བླ་མ་སྒྲུབ་ཐབས་མོས་གུས་ཡིན་ཏེ་གསོལ་འདེབས་མིན། །ཞེས་གསུངས་པ་ལྟར་རོ། །མཉམ་པར་ཇི་ལྟར་འཇོག་ན་ཕྱག་རྫོགས་ཀྱི་གདམས་ངག་ལ་གོ་མྱོང་ཅན་ཡིན་ན་ནི། གནས་ན་དྭངས་ཆ་ཡོད་པ། གསལ་ན་ལྷོད་ཆ་ཡོད་པ། འགྱུ་ན་གྲོལ་ཆ་ཡོད་པ། རིག་ན་གཏད་སོ་མེད་པ། འགྱུ་བ་རང་དག་གི་མགོ་རྩོམ་ནི་ཞིག་བྱེད་ནས་མཉམ་པར་འཇོག་དགོས། དེ་འདྲ་མིན་པར་དཔལ་སྤྲུལ་གྱིས། མཐོ་ན་གསལ་གསལ་འདྲ་ཡང་དྭངས་ཆ་མ་ཐོན། །ཕུར་ཚུགས་རིག་ཆ་འདྲ་ཡང་གཏད་སོ་མདུང་ཚུགས། །སེམས་འཛིན་ལྟ་བའི་འཛིན་སྟངས་རྟོད་ཕུར་སྐྱུར་ཐོངས། །ཞེས་གསུངས་པ་ལྟ་བུ་ཞིག་ཡིན་ན་ནི་སེམས་འཛིན་ཡིད་དཔྱོད་ཀྱི་སྒོམ་སྟེ་སྒྲུབ་རྒྱུད་དམ་པའི་ལམ་མ་ཡིན་ནོ། །མན་ངག་མེད་པ་ཞིག་ཡིན་ན་ཡང་། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེ་བའི་མོས་པས། རྣམ་རྟོག་གང་ཤར་ཐམས་ཅད་ཆེད་དུ་མི་བཀག །རྗེས་སུ་མི་འབྲང་བར་རང་བབས་སུ་ལྷོད་དེ་མཉམ་པར་བཞག་པ་དེ་གོམས་ན་ཞི་ལྷག་ཡང་དག་རྒྱུད་ལ་སྐྱེ་བའི་གཞི་མན་ངག་ཡང་དག་པའོ། །དེ་ལ་མན་ངག་ཡོད་མེད་ཇི་ལྟར་ཡང་ཐུགས་ཡིད་བསྲེས་ནས་མཉམ་པར་བཞག་དུས་དྲན་ཤེས་ལུང་མ་བསྟན་ཏུ་མ་ཤོར་བ་གལ་ཆེ། གལ་ཏེ་འཁྲུལ་འབྱམས་སུ་ཤོར་ཆུས་བྱེད་ན་ནི་མཉམ་བཞག་དེ་ལས་ལང་སྟེ། དགེ་སྡིག་གཏོང་ལེན་བྱེད་པ་སོགས་ལ་ཁ་སྤོ་དགོས། ལུང་མ་བསྟན་ལ་འབྱམས་ཡོད་བཞིན་སྒོམ་གི་༼གྱི་༽ གོ་བཅད་ལོབ་སློབ་མི་ཉན། ཡུན་ཐུང་གྲངས་མང་བྱས་ནས་སྒོམ་རྒྱུ་འདི་ལ་གནད་ཆེན་པོ་རིམ་བཞིན་གོ་རྒྱུ་ཡོད། ཡུན་རིང་པོར་མཉམ་བཞག་ལ་འདུག་ཐུབ་པ་ལོས་བཟང་དེ་ཡུན་རིང་སྤྱད་ཀྱི་བརྟན་ཆ་ཡོད་ནི་མ་རེད། བརྗེད་ངས་དང་བྱིང་རྒོད་ཀྱིས་བཅད་འགྲོ་ནི་རེད། དེ་འདྲའི་ལུང་མ་བསྟན་ལ་ཤོར་གྲབ་བྱེད་དུས་མཉམ་བཞག་དེ་ལས་ལྡང་ནས་རྗེས་ཐོབ་དུ། རང་གི་དབུགས་ཕར་འགྲོ་བ་དང་མཉམ་དུ་བདག་གིས་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད། དེའི་འབྲས་བུ་དད་པ་སྙིང་རྗེ་ངེས་འབྱུང་ཐོས་བསམ་སྒོམ་གསུམ་བསླབ་པ་གསུམ་སོགས་ཡོན་ཏན། འཇིག་རྟེན་ཕྱོགས་ཀྱི་ཚེ་རིང་བ། གཟུགས་མཛེས་པ་ལོངས་སྤྱོད་སྙན་གྲགས་སོགས་ཡིད་དུ་འོང་བའི་བདེ་དགེ་ཅི་ཡོད་ཐམས་ཅད། རླུང་དཀར་པོའི་རྣམ་པར་སོང་སྟེ། རང་གི་ཚེ་རབས་ཐོག་མེད་ཀྱི་དགྲ་བགེགས་གཉིས་ཀྱི་གཙོ་བོ་བྱས་པའི་སེམས་ཅན་ཐམས་ཅད་ལ་བྱིན་པས། དེ་ཡང་གཅིག་ཁོ་ན་ཐམས་ཅད་ལ་བགོ་བཤའ་བྱེད་པ་ལྟ་བུ་མིན་པར། བདེ་དགེ་ཅི་ཡོད་དེ་སེམས་ཅན་གྱི་གྲངས་བཞིན་ཆ་ཚང་རེ་ཐོབ་ནས་མ་སེམས་ཅན་ཐམས་ཅད་་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་པར་བསམ། དབུགས་ཚུར་སྡུད་དུས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་སྡིག་པ་མི་དགེ་བ་བཅུ་མཚམས་མེད་པ་ལྔ་སོགས་དང་སོ་བྱང་སྔགས་གསུམ་གྱི་དམ་ཚིག་འདས་ཉམས་རལ་བ། ཆོས་སྤངས་མནའ་ཟོས་སོགས་དང་། འབྲས་བུ་ངན་སོང་གསུམ་གྱི་སྡུག་བསྔལ་ཐམས་ཅད་འོད་ནག་པོའི་རྣམ་པར་བྱུང་ནས་རང་གི་སྣ་བུག་གཉིས་ནས་ཞུགས་ཏེ། སྙིང་ནང་ན་ཐོག་མེད་ནས་ད་བར་དུ་བདག་མེད་ལ་བདག་ཏུ་བཟུང་། ང་མེད་ང་རུ་འཛིན་མཁན་གྱི་ངོ་བོ་ཐིག་ལེ་ཁམ་ནག་གི་ངོ་བོར་ཡོད་པ་ལ་ཐིམ་པས། དེ་མ་ལྕོག་པའི་རྣམ་པས་ཐིག་ལེ་དེ་ཉིད་ཞིག་སྟེ་དམིགས་མེད་ཀ་དག་གི་དབྱིངས་སུ་གཏོར་ནས་གཞི་མེད་རྩ་བྲལ་དུ་གྱུར་པར་བསམས་ནས་ཡང་མཉམ་པར་འཇོག །

སླར་ཡང་སྔར་བཞིན་འཁྲུལ་འགོ་རྩོམ་དུས་རྗེས་ཐོབ་ལ་ལྡང་ནས། ཨོ་རྒྱན་ཆེན་པོ་སླར་ཡང་སྔར་བཞིན་མདུན་གྱི་ནམ་མཁར་དམིགས་ནས་བསྔོ་བའི་དཔང་པོ་མཛད་པའི་དགོངས་གསོལ་ཞུས། ད་ཅི་བསྔོ་ན་བདག་གི་སྔར་བསགས་ཚད་ཀྱི་དགེ་བ་ཐུན་ཤར་འདིའི་མཚོན་ཏེ་ད་ལྟ་བསགས་ཡོད་ཀྱི་དགེ་བ་མ་འོངས་པ་ན་བསགས་འགྱུར་གྱི་དགེ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་རང་དང་བཅས་པ་རྣམས་ཀྱི་ཟག་མེད་ཀྱི་དགེ་བ་སེམས་ཅན་ཐམས་ཅད་ཀྱི་ཟག་བཅས་ཀྱི་དགེ་བ་ཐམས་ཅད་གཅིག་ཏུ་བསྡུས་བློ་ཡིས་བླངས་ནས་དགེ་བའི་ཕུད་དེ་ཨོ་རྒྱན་ཆེན་པོ་སྐྱབས་གནས་ཀུན་འདུས་ལ་རབ་སྒྲུབ་པའི་མཆོད་པ་ཕུལ། དེ་ལྟར་མཆོད་པའི་དགེ་རྩ་དང་བཅས་པ་ཕ་མ་གཉིས་དང་དགྲ་བགེགས་གཉིས་ཀྱི་གཙོས་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །དེ་ལྟར་བསྔོ་བ་དང་སྨོན་ལམ་བཏབ་པ་དེ་མྱུར་དུ་འགྲུབ་པར་ཨོ་རྒྱན་ཆེན་པོ་ཁྱེད་ཀྱིས་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བསྔོ་སྨོན་བྱས་ནས་རྗེས་ཐོབ་དུ། བག་ཡང་ཅུང་ཟད་བྱས། དེ་ནས་སླར་ཡང་སྔར་ལྟར་དམ་པ་གསུམ་གྲངས་གསོག །ཁ་གྲངས་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་ན་བརྒྱ་དང་བརྒྱད་བཅུའམ་བརྒྱ་དང་ལྔ་བཅུ་ཙམ་རེ་འགྲོ་དགོས་པར་གསུངས་ཀྱང་སྤྱིར་དེ་ལྟར་ལས་བྱེ་བྲག་གང་ཟག་གི་ཁྱད་པར་དང་གོམས་པ་ཆེ་ཆུང་གཉིས་མཐའ་གཅིག་ཏུ་ངེས་དཀའ་ཡང་། ལས་དང་པོ་བ་ནི་གོམ་རིམ་བཞིན་དང་པོ་ཇེ་མང་ལ་འགྲོ་བ་ཞིག་ངེས་པར་དགོས་གསུངས་སོ། །ཞེས་སྐྱབས་རྗེ་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་ཞལ་རྒྱུན་དང་བླ་མ་དམ་པ་མཁན་དྲི་མེད་འོད་ཟེར་གྱི་གསུང་རྒྱུན་ཡིད་ལ་གང་ཟིན་འགའ་ཞིག་ད་ཕན་ཅི་ནས་ཉམས་ལེན་ལ་བརྩོན་པར་བཞེད་པའི་ཆོས་གྲོགས་དམ་པའི་ཐུགས་ཀྱི་བསྙེལ་གསོར་དམིགས་ཏེ། ཅི་དྲན་དེར་བཅོས་བསྒྱུར་ཡག་བདམ་ཅི་ཡང་མ་བྱས་པར་ཐུབ་བསྟན་ནོར་བུ་ནས་བྲིས་པ་ཡི་གེ་བས་སྒྲུབ་པ་དོན་ལྡན་གྱི་ཆ་རྐྱེན་དུ་གྱུར་ཅིག །

དམ་པ་གསུམ་གྲངས་བསགས་ལུགས་ནི། སྦྱོར་བ་སེམས་བསྐྱེད་དམ་པ་ནི། རང་གི་སྤྱི་བོར་པད་མ་ཉི་ཟླའི་གདན་ལ་བཀའ་དྲིན་གསུམ་ལྡན་གྱི་བླ་མ་མན་ཆོད་ནས་ཀ་ཁ་སློབ་པའི་སློབ་དཔོན་ཡན་ཆད་རྡོ་རྗེའི་མཆེད་གྲོགས་རྣམས་དང་བཅས་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་ཨོ་རྒྱན་རིན་པོ་ཆེ་དངོས་སུ་བཞུགས་ཡོད་པ་གསལ་དུས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བདག་གཞན་མ་རྒན་སེམས་ཅན་ཐམས་ཅད། སྐྱབས་གནས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ་ཁྱེད་ལ་བློ་གཏད་གཅིག་ཆོག་གི་དད་གུས་ཀྱིས། སྐྱབས་སུ་མཆི་ཞིང་སྐྱབས་གནས་མཐར་ཐུག་གི་ངོ་བོར་དམ་བཅའ་བྱེད་པ་ཡིན་པས། འཁོར་བ་དང་ངན་སོང་གི་སྡུག་བསྔལ་དང་སྲིད་ཞིའི་མཐའ་གཉིས་ཀྱི་འཇིགས་པ་ལས་བསྐྱབས་ཏུ་གསོལ་སྙམ་དུ་སྐྱབས་སུ་འགྲོ་བར་བྱ། དེ་ནས་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་བདག་གི་ཕ་མ་ཤ་སྟག་ཡིན་ཀྱང་ད་སྔོན་མ་ཤེས་པས་དགྲ་གཉེན་རིས་ཆད་དུ་བཟུང་སྟེ་རང་གིས་ངོ་མ་ཤེས་པས་མ་རྒན་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། བདག་གིས་སེམས་ཅན་གཅིག་ཀྱང་མ་ལུས་པར་འཁོར་བ་ལས་བསྒྲལ་ནས་སངས་རྒྱས་ཀྱི་ས་ལ་བཀོད་པར་བྱ། དེའི་ཆེད་དུ་བླ་མའི་གདམས་ངག་གི་ཁྲིད་དོན་ཉམས་སུ་བླང་བར་བྱའོ་ཞེས་ངེས་འབྱུང་གི་བློས་ཟིན་པའི་སྨོན་འཇུག་གི་སེམས་གཉིས་བསྐྱེད་པར་བྱ།

དེ་ནས་དངོས་གཞི་དམིགས་མེད་དམ་པ་ནི། ཀུན་འདུས་རྩ་བའི་བླ་མ་དང་དབྱེར་མེད་པའི་གུ་རུ་ཡིད་བཞིན་ནོར་བུ་ལ་ཡིད་ཁྱེད་ཤེས་བློ་གཏད་ལིང་བསྐྱུར་གྱི་དད་པས་གསོལ་བ་སྙིང་ནས་བཏབ་པས། ཨོ་རྒྱན་ཆེན་པོའི་ཐུགས་རྒྱུད་བསྐུལ་ཏེ་འོད་དུ་ཞུ་བ་ཐིག་ལེ་དཀར་ལ་དམར་མདངས་ཆགས་པ་ཡི་གེ་ཧཱུྃ་གི་རྣམ་པ་ཅན་དུ་གྱུར་བ་རང་གི་སྙིང་གར་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་དུ་གྱུར་བར་བསམ་ནས་སེམས་རང་བབས་སུ་ལྷོད་དེ་རྣམ་རྟོག་ལ་བཀག་འབྲང་དང་ངོ་ལྟ་མེད་པར་ཅི་གནས་སུ་འཇོག །དེ་ནས་ཁྲིད་སྐབས་ཡིན་ན་འཁྲུལ་བ་ལུང་མ་བསྟན་ལ་ཤོར་གྲབ་བྱེད་དུས། སླར་ཡང་རང་གི་དུས་གསུམ་གྱི་དགེ་རྩ་དང་། ལུས་ལོངས་སྤྱོད་ཚེ་བསོད་ཁ་རྗེ་དབང་ཐང་ངག་ནུས་བྱིན་རླབས་སོགས་ལུགས་གཉིས་ཀྱི་དཔལ་ཡོན་ཅི་ཡོད། མཆོག་གསུམ་རྩ་གསུམ་ཆོས་སྐྱོང་གི་ཐུགས་རྗེ་ཕྲིན་ལས་ཐམས་ཅད་རང་གི་ཁ་སྣ་ནས་རླུང་དཀར་པོའི་རྣམ་པར་ཕྱིར་སོང་ནས། དགྲ་བགེགས་སོགས་མི་འདོད་པ་གཙོ་བོར་བྱས་པའི་མ་རྒན་སེམས་ཅན་ཐམས་ཅད་ལ་བྱིན་པས་བགོ་བཤའ་བྱས་པ་ལྟ་བུ་མ་ཡིན་པར་སེམས་ཅན་རེ་རེ་ལ་བདེ་བ་རྒྱུ་དང་འབྲས་བུ་རེ་རེ་ཐོབ་པར་བསམ་ནས་རླུང་ཕྱིར་བསལ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་ཡོད་པའི་སྡུག་བསྔལ་གྱི་རྒྱུ་ཉོན་མོངས་དུག་ལྔ། ལས་མི་དགེ་བ་བཅུ། མཚམས་མེད་པ་ལྔ། ཉེ་བ་ལྔ། ལྕི་བཞི་ལོག་བརྒྱད་སྡོམ་པ་གསུམ་དང་འགལ་བ། མཚམས་དང་འགལ་བ། དམ་ཚིག་ཉམ་ཆགས་ཆོས་སྤངས། དམ་སེལ་སོགས་འབྲས་བུ་ངན་སོང་གསུམ་རིགས་དྲུག་རྒྱུད་ལྔ། སྡུག་བསྔལ་གསུམ། ན་ཚ་རྐྱེན་བགེགས་དབུལ་ཕོང་བཀྲེས་སྐོམ། ནད་དང་དགྲ་སོགས་མི་འདོད་པ་ཐམས་ཅད་རླུང་ནང་དུ་འོང་བ་དང་མཉམ་དུ་འོད་ནག་པོའི་རྣམ་པར་བྱུང་ནས། ཁ་སྣའི་ལམ་རྒྱུད་དེ་རང་གི་སྙིང་ནང་ན་ཐོག་མེད་ནས་ང་མེད་ལ་ངར་འཛིན་པའི་གཅེས་འཛིན་གྱི་ངོ་བོ་ཐིག་ལེ་ཁམ་ནག་གི་རྣམ་པར་ཡོད་པ་ལ་ཐིམ་པས་ཐིག་ལེ་དེ་ཉིད་དམིགས་མེད་ཀྱི་དབྱིངས་སུ་གཏོར་བར་བསམ་ནས་རླུང་ནང་དུ་རྔུབ་སེམས་ཅན་རྣམས་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ནས་ཐམས་ཅད་སངས་རྒྱས་པར་བསམ་ལ། ཐུགས་ཡིད་བསྲེས་དེ་མཉམ་པར་འཇོག་པ་སོགས་བྱེད་པ་གོང་ལྟར་བྱས། ཡང་འཁྲུལ་དབང་ལ་འཆོར་གྲབ་བྱེད་འོང་དུས། རྗེས་བསྔོ་བ་དམ་པ་ནི། བླ་མ་ཨོ་རྒྱན་ཆེན་པོ་སྔར་ལྟར་མདུན་མཁར་གསལ་བ་བསྔོ་བའི་དཔ ང་པོ་བྱེད་པར་ཞུ། ཇི་ལྟར་བསྔོ་ན། བདག་གིས་ད་རེས་ཐུན་འདིའི་དགེ་རྩས་མཚོན། བདག་གིས་སྔར་བསགས་ཀྱི་དགེ་བ། མ་འོངས་པར་བསགས་འགྱུར་གྱི་དགེ་བ། ད་ལྟའི་བསགས་ཡོད་ཀྱི་དགེ་བ། སངས་རྒྱས་བྱང་སེམས་ཉན་རང་སོགས་ཀྱི་ཟག་མེད་ཀྱི་དགེ་བ། སེམས་ཅན་ཐམས་ཅད་ཀྱིས་བསགས་པའི་ཟག་བཅས་ཀྱི་དགེ་བ་ཐམས་ཅད་བསྲེས་ཏེ་བསྡོམས་ནས། རྗེས་སུ་ཡི་རང་དང་བཅས་དགེ་རྩའི་ཕུད་ཨོ་རྒྱན་ཆེན་པོ་ལ་མཆོད་པར་ཕུལ། དེའི་དགེ་རྩ་དང་བཅས་མ་རྒན་སེམས་ཅན་ཐམས་ཅད་ལ་བསྔོས་ཏེ་བྱིན་པས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་ཤོག་ཅིག་སྙམ་དུ་བསྔོ་བ་དང་སྨོན་ལམ་སྙིང་ནས་འདེབས། སྨོན་ལམ་དེ་ཉིད་འགྲུབ་པར་ཨོ་རྒྱན་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་ཡང་ཡང་བསམ། དེ་ནས་རྗེས་ཐོབ་དུ་ཅུང་ཟད་གུ་ཡངས་བ་བྱ། འཁྲུལ་དབང་ལ་ཤོར་ཆུས་བྱེད་དུས་ཡང་དམ་པ་གསུམ་པོ་ཡང་བསྐྱར་བྱས། དེ་ལྟར་ཐུན་རེ་ལ་བྱེད་སྲོལ་ཁམས་དང་བསྟུན་དགོས་སོ། །དེ་ལ་མདོ་སྔགས་ཀྱི་ལམ་གནད་ཐམས་ཅད་འདུས་པར་གསུངས། ༈ དང་པོ་མདུན་གྱི་ནམ་མཁར་ཨོ་རྒྱན་ཆེན་པོ་བཞུགས་ཡོད་བསམ། དེ་ནས་བདག་གཞན་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཨོ་རྒྱན་རིན་པོ་ཆེ་ཁྱེད་ལ་སྐྱབས་སུ་མཆི་འོ་བསམ། དེ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ས་ལ་འགོད་པར་བྱ་དེའི་ཆེད་དུ་བདག་གིས་ཐུན་འདི་གཅད་པ་ཡིན་བསམ། དེ་ནས་བདག་ལ་སྐྱིད་སྡུག་ལེགས་ཉེས་བཟང་ངན་ཅི་བྱུང་ཡང་ཨོ་རྒྱན་ཆེན་པོ་ཁྱེད་མཁྱེན། ཁྱེད་ལས་གཞན་པའི་སྐྱབས་གཞན་མེད་བསམ། ཨོ་རྒྱན་ཆེན་པོ་འོད་དུ་ཞུ་ནས་ཐིག་ལེ་དཀར་དམར་གྱི་རྣམ་པས་བདག་གི་སྙིང་ཁར་ཐིམ་པས་གུ་རུའི་ཐུགས་དང་བདག་གི་སེམས་དབྱེར་མེད་འདྲེས་པར་བསམ། དེ་ནས་ཐུགས་ཡིད་དབྱེར་མེད་ཀྱི་ངང་ནས་རང་སེམས་མ་བཅོས་པར་མཉམ་པར་བཞག ། རྣམ་རྟོག་བཀག་མི་ཉན། རྣམ་རྟོག་གི་རྗེས་སུ་འབྲང་མི་ཉན། ཡང་འཁྲུལ་ཆུས་བྱེད་དུས་ཁ་གདངས་ནས་སྒོམ་མདོག་བྱེད་མི་ཉན། རྗེས་ཐོབ་ལ་ལྡང་ནས་དགེ་སྡིག་གཏོང་ལེན་བྱེད་དགོས། རང་གི་ཚེ་རབས་སྔ་མ་དང་། ད་ལྟ་དང་རྗེས་མར་བསགས་པའི་དགེ་བ་དང་། འབྲས་བུ་བདེ་བ་ཐམས་ཅད་དབུགས་ཕར་འགྲོ་བ་དང་མཉམ་དུ་རླུང་དཀར་པོའི་རྣམ་པར་ཕར་སོང་བས་སེམས་ཅན་ཐམས་ཅད་ལ་དགེ་རྩ་བདེ་འབྲས་ཆ་ཚང་རེ་ཐོབ་ནས་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་པར་བསམ། དབུགས་ཚུར་རྔུབ་དུས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་རླུང་ནག་པོའི་རྣམ་པར་ཚུར་བྱུང་ནས་རང་གི་སྣ་བུག་ནས་ཞུགས་ཏེ་སྙིང་ནང་ན་བདག་གཅེས་འཛིན་གྱི་ངོ་བོ་ཐིག་ལེ་ཁམ་ནག་ལ་ཐིམ་པས་དམིགས་མེད་ཀ་དག་གི་དབྱིངས་སུ་གཏོར་བར་བསམ་ལ་ཡང་མཉམ་པར་བཞག ། དེ་ནས་མདུན་དུ་ཨོ་རྒྱན་ཆེན་པོ་སྔར་བཞིན་གསལ་ནས་བསྔོ་སྨོན་བྱའོ། །མཇུག་མ་ཚང་ལགས།


previousདམ་པ་གསུམ་གྲངས་གསོག་ཚུལ་བྱང་སེམས་ལམ་གྱི་སྤྱི་བསྡོམས་བླ་མ་དམ་པའི་ཞལ་ལུང་བགྲོད་པ་གཅིག་པུའི་ལམ་ཆེན།next