Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
རྫོགས་ཆེན་གྱི་ལམ་ཉམས་སུ་ལེན་པའི་མན་ངག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་ཆེན་གྱི་ལམ་ཉམས་སུ་ལེན་པའི་མན་ངགnext

རྫོགས་ཆེན་གྱི་ལམ་ཉམས་སུ་ལེན་པའི་མན་ངག

ལམ་ཟབ་མོ་འདི་ཉིད་ཉམས་སུ་ལེན་པ་ལ། སྔོན་འགྲོ་དང་དངོས་གཞི་རྗེས་ཐོབ་གསུམ་དུ་ཡོད་པ་ལས། དང་པོ་སྔོན་འགྲོ་ལ་ཡང་སྒོ་གསུམ་སྦྱངས་པའི་རིམ་པ་ལས། དང་པོ་ལུས་ཀྱི་མངོན་ཞེན་བཟློག་ཅིང་བར་ཆད་ཀྱི་གེགས་བསལ་བའི་ཕྱིར་གནས་དབེན་པ་མི་མེད་ལུང་སྟོང་དུ་འགྲོ་སྟེ། ཡེ་ཤེས་དང་འཇིག་རྟེན་གྱི་སྲུང་མ་གསོལ་ཞིང་ས་ལམ་གྱི་བར་ཆད་བཟློག་པའི་ཕྲིན་ལས་བཅོལ། དེ་ནས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྲིད་པ་སྡུག་བསྔལ་གྱི་ཁྲི་མུན་ལས་འདོན་པའི་ཕྱིར། ངས་འཁོར་འདས་རུ་ཤན་འབྱེད་ཅིང་ཚེ་གཅིག་ལུས་གཅིག་ཏུ་རྒྱལ་བ་ཀུན་ཏུ་བཟང་པོའི་གོ་འཕང་ལ་བགྲོད་པར་བྱའོ་ཞེས་སེམས་བསྐྱེད། དེ་ནས་བླ་མ་སྤྱི་བོར་བསྒོམ་པའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། རང་གི་སྤྱི་བོ་ནས་ལུས་ལ་ཞུགས་པས་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་དངོས་མེད་དུ་གཞིག་པར་བསམ། དེ་ནས་ཡེ་ཤེས་ལྔ་ལྡན་གྱི་ཐིག་ལེ་ཆེན་པོའི་ནང་ཁོ ངས་སུ་རང་ལུས་རྡོ་རྗེ་སྔོན་པོ་རྭ་གདེང་བ་ཞིག་ཏུ་བསྒོས་ཏེ་ལག་གཉིས་སྤྱི་བོར་ཐལ་མོ་སྦྱར་ཞིང་གྲུ་མོ་ཕྱིར་བསྒྲད་རྐང་པའི་མཐིལ་སྤྲད་དེ་པུས་མོ་ཡང་བསྒྲད། ཐིག་ལེའི་ཕྱི་རིམ་དུ་མེ་དཔུང་འབར་ཞིང་ཚ་ཚ་འཕྲོ་བར་བསྒོམ། དེ་ལ་དག་པ་དྲན་པ་ནི། ཡར་རྩེ་གསུམ་དུ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་། མར་རྩེ་གསུམ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དང་། རྐེད་པ་གཅིག་ཏུ་དྲིལ་བ་ནི་ཐབས་ཤེས་གཉིས་སུ་མེད་པའི་མཚོན་བྱེད་དུ་ཤེས་པར་བྱའོ། །དེ་ནི་སྔ་མ་དང་ཕྱི་མ་ནི་ལུས་ཀན་རྐྱལ་དུ་ལོག་ནས་སྔ་མ་ལྟར་ལུས་ཀྱིས་བྱ་བ་དང་དག་པ་དྲན་པར་བྱའོ། །དེ་ལྟར་ཞག་བཞི་བཅུར་གནད་དུ་བསྣུན་པས་སྐབས་སུ་ལུས་རྡོ་རྗེ་མེ་འབར་བ་མཐོང་ནས་བགེགས་དང་བར་ཆད་ཞི། མཐར་ཐུག་ལུས་སྒྲིབ་དག་ཅིང་ལུས་རྡོ་རྗེ་སྐུ་ཡི་རོལ་བར་སངས་རྒྱས་པར་འགྱུར་རོ། །གཉིས་པ་ངག་གི་ཞེན་པ་བཟློག་པའི་ཕྱིར་ངག་སྦྱང་བ་ལ། སྤྱི་བོར་བླ་མ་བསྒོམ་པའི་གསུང་གི་གསང་བ་ཆེན་པོ་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་རང་གི་མགྲིན་པར་ཐིམ་སྟེ་མ་དག་པའི་རྩ་དང་རླུང་ཁམས་ནད་གདོན་སྒྲིབ་པའི་བག་ཆགས་དང་བཅས་པ་ཐམས་ཅད་སངས་ཀྱིས་དག་པར་བྱས་ཏེ། རང་ལུས་གསང་བདག་ཕྱག་ན་རྡོ་རྗེ་སྐུ་ཆེ་ལ་ཡན་ལག་རགས་པ་ནམ་མཁའི་མཐའ་དང་མཉམ་པར་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ་ཞིག་ཏུ་བསྒོམ་སྟེ། ཧཱུྃ་གི་སྒྲ་བསྒྲགས་པས་ཧཱུྃ་ཡིག་ཁ་དོག་མཐིང་ག་ནས་རིམ་པ་བཞིན་ཏུ་དཀར་སེར་དམར་ལྗང་འཕྲོས་པས་སྲིད་ཁམས་ཀྱི་བརྟན་གཡོ་ཐམས་ཅད་ཧཱུྃ་གི་རོལ་པར་གྱུར་ནས་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུའི་སྟོང་ཁམས་ཐམས་ཅད་ཧཱུྃ་གིས་ཁེངས་པར་བསམ་ཞིང་། ངག་ཏུ་ཡང་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་ཧཱུྃ་གླུ་དལ་བུར་བརྗོད་ཅིང་ཧཱུྃ་ཐམས་ཅད་རང་གི་ཞལ་ཏུ་ཞུགས་ཏེ་ལུས་ཀྱི་རྩ་དང་རླུང་ཁམས་ཐམས་ཅད་ཧཱུྃཿགི་རང་བཞིན་དུ་གྱུར་ཏེ་རང་ལུས་ཧཱུྃཿགི་ཡི་གེ་རྡུལ་ཕྲན་གྱི་ཆ་ཙམ་ཚོགས་པའི་ཕུང་པོར་བསྒོམ་སྟེ། ཧཱུྃཿགི་དལ་བུས་སྙན་པའི་གླུ་ལེན། འདི་ཡི་དུས་དམིགས་པ་གཞན་དུ་མི་ཡེངས་པ་གནད་དམ་པའོ། དེ་ཡང་ཞག་བཅུར་གནས་དེ་ནས་ཉམས་སུ་བླངས་ནས་གནས་སྐབས་རྩ་རླུང་ལས་སུ་མི་རུང་བའི་གེགས་སེལ། མཐར་ཐུག་ངག་གི་སྒྲིབ་པ་དག་ཅིང་དབྱངས་སྙན་པ་དང་རྡོ་རྗེ་གསུང་གི་རོལ་པར་སངས་རྒྱས་པར་འགྱུར་རོ། །གསུམ་པ་ཡིད་སྦྱང་བ་ནི། ལུས་དུར་ཁྲོད་ཀྱི་མི་རོ་ལྟར་གཡོ་འགུལ་དང་བྲལ་བར་བཞག ངག་སྨྲ་བརྗོད་དང་བྲལ་བ་ལྐུགས་པ་ལྟ་བུར་བཞག སེམས་ནི་སྤྲིན་དངས་བའི་ནམ་མཁའ་ལྟ་བུར་བཟོ་མི་འཆོས་པར་བཞག །རེས་འགའ་ཁྲོ་བོའི་ལྟ་སྟངས་བྱས་ནས་ཧཱུྃཿཧཱུྃཿཞེས་དྲག་ཏུ་བརྗོད་ཅིང་སྣང་བ་གཏད་མེད་དུ་བཏང་། རེས་འགའ་རྣམ་སྣང་ཆོས་བདུན་དང་ལྡན་པའི་ངང་ནས་སེམས་མ་བཅོས་པར་ལྷོད་དེ་ཤིག་གེར་བཞག དེ་ལྟར་གཞིག་ལ་ཉམས་སུ་བླངས་བས་ཡིད་སྒྲིབ་དག་ཅིང་། རིག་པ་རང་བྱུང་གི་ངང་མཐོང་སྟེ་ཆོས་ཡང་དག་པའི་དགོས་པ་ཡོད། ཀྱཻ་རིག་པའི་རྡོ་རྗེ་ཁྱེད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་དངོས་གཞི་ཉམས་སུ་ལེན་པའི་རིམ་པ་ངའི་སྤྱན་དང་མངོན་ཤེས་རྫུ་འཕྲུལ་རླབས་པོ་ཆེའི་བདག་ཉིད་འཕོ་བ་ཆེན་པོའི་གདམས་པ་ཉམས་སུ་ལེན་པ་ནི། ལུས་གནད་སེང་གེས་འབྲུག་ལ་རྔམས་པ་ལྟ་བུ་དང་། གླང་ཆེན་བདེ་ལུགས་སུ་ཉལ་བ་ལྟ་བུ་དང་། དྲང་སྲོང་གིས་ཡུལ་དཔྱོད་བྱེད་པའི་འདུག་སྟངས་ལྟ་བུའི་བཞུགས་སྟངས་ལ་བརྟེན་ནས་གཟིགས་སྟངས་ཡང་དང་པོ་གྱེན། གཉིས་པ་ཐད། གསུམ་པ་ཐུར་བལྟ་བ་ཡིན་པར་ཤེས་པར་གྱིས། ངག་གི་གནད་ནི་མཆུ་སོ་མ་རེག་པའི་བར་ནས་རླུང་གི་འགྲོ་འོང་དལ་བ་བསླབ། སྨྲ་བརྗོད་བཟླས་པ་ཐམས་ཅད་ཅོག་གེར་བཞག་ནས་བདེ་ལུགས་སུ་རང་བབས་སུ་གནས་པ་དང་། སེམས་ཀྱི་གནད་ལྷོད་དེ་ཤིག་གེར་བཞག་པ་དང་གསུམ་ནི་སྐུ་གསུམ་གྱི་རྣལ་དུ་ད བབ་པ་ཡིན། ལུས་དུར་ཁྲོད་ཀྱི་མི་རོ་ལྟ་བུར་བསྒུལ་བསྐྱོད་དང་བྲལ་བར་སྡོད་པ་དང་། ངག་ལྐུགས་པ་ལྟ་བུ་སྨྲ་བཅད་དུ་སྡོད་པ་དང་། སེམས་དབྱིངས་རིག་མི་འགྱུར་བའི་ངང་དུ་སྡོད་པ་དག་ནི་སྡོད་པ་གསུམ་གྱི་ས་དབབ་པ་ཡིན་ནོ། །ལུས་ལ་ལྷོད་ཆགས་པ་མི་བསྒྲིམ་ཞིང་ཆུན་མི་བཙལ་བར་བབ་ཀྱིས་བཞག །ངག་ལ་ལྷོད་ཆགས་པ་དབུགས་ཀྱི་འགྲོ་འོང་དགག་སྒྲུབ་མེད་པར་བཞག་པ་དང་། སེམས་ལ་ལྷོད་ཆགས་པ་ཡིད་དཔྱོད་བྱེད་དང་དགག་སྒྲུབ་མེད་པར་བཞག་པ་ནི་སྡོད་པ་གསུམ་གྱིས་ངང་ཆགས་པ་ཞེས་བྱའོ། །ཡང་ལུས་དང་ངག་མི་འགུལ་བས་རྩ་དང་རླུང་མི་འགུལ་དེ་མ་འགུལ་བས་སྒོ་དང་སྣང་སེམས་མི་འགུལ་བ་སྟེ། མི་འགུལ་བ་གསུམ་གྱིས་གནད་བསྣུ ན་པས་ལུས་པོའི་རྩ་དྲང་། རྩ་དྲང་བས་རླུང་བདེ་ལུགས་སུ་རྒྱུ་ཞིང་དྲང་བ་ཡིན་ཏེ་དྲང་པ་གསུམ་གྱི་གཟེར་གདབ་པ་ཞེས་བྱའོ། །དང་པོ་ལུས་ཀྱི་གསང་ལམ་སྒྲོན་མ་དྲུག་དུ་ཡོད་པ་ལས། དྲུག་ནི་འདི་ལྟ་སྟེ། རང་གི་སྙིང་ཙིཏྟ་ཤ་ཡི་སྒྲོན་མའི་དབུས་སུ་དྭངས་མ་རྩ་ཡི་སྒྲོན་མ་ཞེས་བྱ་བ་རྟ་རྔ་བརྒྱད་གཤགས་ཀྱི་ཆ་གཅིག་ཙམ་ལ། དྭངས་གསལ་ཤེལ་གྱི་སྦུ་གུ་ལྟ་བུའི་ཡར་རྩེ་རྒྱང་ཞག་ཆུ་ཡི་སྒྲོན་མའི་ཨ་འབྲས་སུ་ཁ་ཕྱེ་བའི་ནང་ཁོངས་སུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་འཇའ་རིས་ཀྱིས་གང་བ་ཟ་འོག་ཁ་ཕྱེ་བ་ལྟ་བུའི་ཀློང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཀོ་མོའི་ཆུ་ལ་རྡོ་བསྐྱུར་བ་ལྟ་བུ་དང་། ཤེས་རབ་རང་བྱུང་གི་སྒྲོན་མ་རིག་པ་བདེར་གཤེགས་སྙིང་པོ་སྒྲོན་མ་ལྔ་ཡི་འཆར་གཞི་གནས་པ་ནི་ལམ་རང་བྱུང་བའོ། །གསང་བ་ཆེན་པོ་རང་བྱུང་བའི་ལམ་དེ་ལ་བརྟེན་ནས་འབྲས་བུ་བླ་ན་མེད་པའི་ས་ལ་བརྡལ་བ་ནི་ལམ་མྱུར་ཞིང་ཆོད་ཆེ་བ་བླ་ན་མེད་པའོ། །དེ་ལ་ལས་དང་པོ་པས་སུཪྱཱ་དང་ཙནྡྲ་ལ་གྲུ་གང་མ་རེག་པའི་སར་བལྟ་བ་དང་། མན་ཤེལ་ཨ་ལོ་ཀེ་ལ་ཙཀྵུ་ཕྱེད་བཙུམ་གྱིས་བལྟས་ན་རིག་པ་མདུང་ཚུགས་སུ་མིག་ལ་གཏད་ཅིང་སྡོད་པའི་སྣང་བ་ནི། འོད་གསལ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཟ་འོག་ཁ་ཕྱེ་བ་ལྟ་བུའི་ཀློང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ལྔའི་མུ་ཁྱུད་ཅན་ཀྱི་རྣམ་པར་འཆར་ཏེ། དེ་དག་གི་གོ་མཚམས་སུ་རིག་པའི་གདངས་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ། གསེར་གྱི་སྐུད་པ་ལྡིང་བ་ལྟ་བུར་གསལ་ལ་འཚེར་བ་ཕྲ་ལ་འཁྱོགས་པར་འཆར་རོ། །སྒོ་ཡི་གནད་ལ་བརྟེན་པའི་ཕྱིར་དང་སོ་སོའི་གནས་སྐབས་སུ་འདར་འཕྲིག་དང་འགྲོ་འོང་ཅན་གྱི་རྣམ་པར་འཆར་རོ། །དེ་ནས་ཅུང་ཟད་གོམས་པའི་སྟོབས་ཀྱིས་སྒྲོན་མའི་སྣང་བ་ཐམས་ཅད་བརྟན་ཅིང་གནས་པར་འགྱུར་རོ། །དེ་ཡི་ཚེ་སྔ་དྲོ་ནུབ་ཕྱོགས་དང་ཕྱི་དྲོ་ཤར་ཕྱོགས་སུ་ཁ་བལྟས་ཏེ་སྡོད་པ་དང་། དཀར་ཁུང་གསལ་ལམ་ལ་བལྟས་པས་ཆོག་པ་ཡིན་ནོ། །དེ་ལྟར་ཉམས་སུ་ལེན་པའི་སྐྱེས་བུ་དེ་ལམ་མ་ནོར་བ་དད་པ་བརྟན་པ་དམ་ཚིག་ཐུབ་པར་ངོ་ལྐོག་དང་གཡོ་རྒྱུ་མེད་པ་དག་ལ་བརྒྱུད་རིམ་གཉིས་ཚུན་ཆད་དུ་ངའི་དགོངས་རྒྱུད་འཕོས་ཏེ་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཞིང་། གོལ་ཤོལ་གེགས་དང་འཕྲང་ལས་གྲོལ་ཏེ་ཚེ་གཅིག་ལུས་གཅིག་གིས་འཇའ་ལུས་འོད་སྐུར་གྲོལ་བའི་གཏན་ཚིག་གོ །


previousརྫོགས་ཆེན་གྱི་ལམ་ཉམས་སུ་ལེན་པའི་མན་ངགnext