Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
ཐོད་རྒལ་ཉམས་ལེན་བྱེད་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐོད་རྒལ་ཉམས་ལེན་བྱེད་ཚུལ། next

ཐོད་རྒལ་ཉམས་ལེན་བྱེད་ཚུལ།

རང་བྱུང་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། དེ་ཡང་ཟབ་པ་ཐོད་རྒལ་གྱི་ཉམས་ལེན་བྱ་ཚུལ་མདོར་བསྡུས་ནི། དང་པོ་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་སྐྱོན་མེད་དུ་ཐག་བཅད་པའི་སྟེང་དུ་སྒོ་ཡུལ་སོགས་ཀྱི་གནད་ལ། དང་པོ་སྒྲོན་མ་དྲུག་ནི། དང་པོ་ཤ་ཡི་སྒྲོན་མ་ནི་རང་གི་སྙིང་ནང་དུ་རྟེན་དྭངས་མ་ལྔ་ཡེ་ཤེས་ལྔ་དང་། སྙིགས་མ་ལྔ་འབྱུང་ལྔ་ཡེ་ཤེས་རིགས་ལྔར་ལྷུན་གྲུབ་དུ་ཤར་བ་དེའོ། །གཉིས་པ་དཀར་འཇམ་རྩའི་སྒྲོན་མ་ནི། ཀ་ཏི་ཤེལ་སྦུག་ཅན་སྙིང་ནས་མིག་ཏུ་བརྒྱུད་པ་དེའོ། །གསུམ་པ་རྒྱང་ཞགས་ཆུའི་སྒྲོན་མ་ནི་མིག་གི་དབང་རྟེན་གྱི་གོ་སར་འོད་རྩ་དྭངས་པ་འཁྲུལ་བ་མི་འཛིན་ཅིང་ཡེ་ཤེས་ཀྱི་སྣང་བ་འཛིན་པ་དེའོ། །བཞི་པ་ཐིག་ལེ་སྟོང་པའི་སྒྲོན་མ་ནི། རྒྱང་ཞགས་ཀྱི་འོད་རྩས་མཐོང་བའི་ཐིག་ལེ་སྟོང་པའི་སྒྲོན་མ་ལམ་དུ་བྱེད་དགོས་པ་དེའོ། །ལྔ་པ་དབྱིངས་རྣམ་དག་གི་སྒྲོན་མ་ནི། དབྱིངས་ནམ་མཁའ་ནམ་མཁའི་སྟོང་པ་དང་། ནང་གི་གསང་ལམ་དང་གདངས་སྔོན་པོ་ཕྱིར་ཤར་བ་དང་། གསང་བའི་དབྱིངས་མིག་གི་འོད་རྩའི་སྣང་བ་ལ་སྣང་རྒྱུའི་དབྱིངས་གདངས་ལྔ་ལྡན་ཐིག་ལེ་སྟོང་པའོ། །དྲུག་པ་ཤེས་རབ་རང་བྱུང་གི་སྒྲོན་མ་ནི། འཁོར་གསུམ་རྣལ་འབྱོར་དག་པ་ཤེས་པའི་ཤེས་རབ་རིག་པ་རང་གསལ་དེ་ཀའོ། །དེ་ལྟར་སྒྲོན་མ་དྲུག་གི་བལྟ་བྱ་གནས་དུས་སྒོ་ཡུལ་གནད་དང་ལྔ་སྟེ། དང་པོ་ནི་རྣམ་གཡེང་དང་འདུ་འཛི་མེད་པའི་གནས་སུ་བསྒོམ། གཉིས་པ་ནི་ནམ་མཁའ་དྭངས་པའི་དུས་སུ་བསྒོམ། གསུམ་པ་ནི་ཆོས་སྐུའི་གཟིགས་སྟངས་ཀྱིས་གཙུག་ཏོར་གྱི་ཐད་ཀར་བལྟ། ལོངས་སྐུའི་པདྨའི་སྤྱན་གྱིས་ཟུར་གཡས་གཡོན་དུ་བལྟ། སྤྲུལ་སྐུའི་ཆོས་ཀྱི་མིག་གིས་སྣ་རྩེའི་ནམ་མཁར་བལྟའོ། །བཞི་པ་ནི་ཆོས་སྐུ་ཉི་མ། ལོངས་སྐུ་ཟླ་བ། སྤྲུལ་སྐུ་སྣང་གསལ་རྣམས་ལ་བྱེད། ལྔ་པ་ལུས་ངག་ཡིད་གསུམ་གནད་དུ་བཅུན་ཏེ་བསྒོམ་པ་གལ་ཆེ། དེ་ཡང་སྐུ་གསུམ་གྱི་བཞུགས་སྟངས་བྱའོ།། དེ་ལ་སྣང་བའི་འཆར་ཚུལ་ནི་བཞི་ལས། དང་པོ་ཆོས་ཉིད་མངོན་སུམ་ནི་དབྱིངས་ངོགས་སུ་ཐིག་ལེ་རྣམས་ཁ་དོག་རྫོགས་པ་ནས་བཟུང་ཐིག་ལེ་སུམ་འབྲེལ་ཚུན་ཆད་པ་དང་། ལུ་གུ་རྒྱུད་གསེར་སྐུད་ལྟར་འགུལ་འཕྲིག་གི་རྣམ་པ་ཅན་སྐབས་འགར་མངོན་སྐབས་འགར་འཆད་པ་དེ་ཉིད་རིག་པ་ཡེ་ཤེས་ཀྱི་གདངས་དངོས་ཡིན་པས་ཐིག་ལེའི་ར་བར་ཚུད་དགོས་གསུངས ། གཉིས་པ་གོང་འཕེལ་གྱི་དུས་སྣང་ཉམས་ལ་དབྱིངས་དང་ཐིག་ལེའི་ཁ་དོག་སྔར་བས་ཇེ་གསལ་ལ་སོང་ཞིང་། འོད་སྣང་གྱེན་འགྲེང་དང་རྩིབས་ཤར་ལ་སོགས་པ་སྣ་ཚོགས་འཆར་བ་དང་། ཤེས་ཉམས་ཡང་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པ་སོགས་འབྱུང་བ་ཡིན་ནོ། །གང་འཕེལ་ན་འོད་སྣང་དང་ཏིང་འཛིན་གོང་དུ་འཕེལ་དགོས་པ་ཡིན་ནོ། །གསུམ་པ་ཚད་ཕེབས་ཀྱི་དུས་རིམ་གྱིས་བསྒོམས་མཐར། སྣང་ཉམས་ལ་ཐིག་ལེའི་ཀློང་དུ་ཡི་གེ་དང་ཕྱག་མཚན་ལྷ་སྐུ་སོགས་འཆར་ཞིང་ཤེས་ཉམས་གཞིར་གནས་ཀྱི་རིག་པ་རང་ཐོག་ཏུ་ཕེབས་པས་བརྩོན་འགྲུས་བྱ་མི་དགོས་པར། ཐོད་རྒལ་གྱི་རིག་པ་ཉམས་སུ་ལེན་པ་ཚད་དུ་ཕྱིན་ནས་གོང་འཕེལ་ཚད་ལ་ཕེབས་པའོ། །བཞི་པ་ཆོས་ཉིད་ཟད་པའི་སྐབས་སུ་ཕྱིའི་ཉམས་སྣང་གི་འཕེལ་ཁ་ཟད། ནང་ཚོགས་དྲུག་གི་ཉེར་ལེན་ལྡོག་པ་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་འཕྲོ་འདུའི་སེམས་ཟད་ནས་སྣང་དང་མི་སྣང་གི་འཛིན་པའི་བློ་ཟད་དེ། འོད་ཀྱི་སྣང་བ་ལས་འཁོར་འདས་ཀྱི་འདུ་ཤེས་བྲལ་ནས་འབྱུང་བ་ལ་སོགས་དགྲས་མི་ཚུགས་པ་འབྱུང་ཞིང་། ཐིག་ལེས་ཡེ་ཤེས་མཛད་པ་རྒྱུན་མི་འཆད་པར་སྣང་ངོ་། །དེ་ལ་མི་འགུལ་གསུམ་གྱི་གནད་ནི་ལུས་ངག་ཡིད་གསུམ་གྱི་གནད་བརྟན་པ། གདོད་མ་གཞིའི་དབྱིངས་སུ་གནས་པའི་དགོས་པ་ཡིན་ནོ། །སྡོད་པ་གསུམ་གྱི་ཚད་ནི། ཕྱིའི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར་བ་དང་། ནང་སྒྱུ་ལུས་སྡོད་པས་འཁྲུལ་བའི་བྱ་བ་དང་བྲལ། བར་རླུང་སེམས་སྡོད་པས་རྣམ་རྟོག་འདུ་རྒྱུན་ཆད་པ་ཡིན་ནོ། ༈ །ཐོབ་པ་གསུམ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་ཡུལ་ཞིང་ཁམས་སུ་གྲོལ། ནང་སྒྱུ་ལུས་ལ་དབང་ཐོབ་པས་སྒྱུ་ལུས་འོད་གསལ་དུ་འགྲོ། གསང་བ་རླུང་སེམས་ལ་དབང་ཐོབ་པས་འཁྲུལ་པའི་སྣང་ཆ་རང་འགགས་སུ་སོང་བས་གང་སྣང་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་དུ་གྲོལ་བའོ། །གདེངས་བཞི་ནི། རང་རིག་ལས་སངས་རྒྱས་ལོགས་ན་མེད་པར་ཐག་ཆོད་པས་སངས་རྒྱས་གཞན་ནས་མི་འཚོལ་བའི་རེ་དོགས་བྲལ་བ་ནི་ཡར་གྱི་གདེངས་གཉིས། རྣམ་པར་རྟོག་པ་ཆོས་ཉིད་དུ་གྲོལ་ནས་འཁོར་བར་འཆིང་བྱེད་ཀྱི་རྒྱུ་མེད་པས་འཁོར་བར་ལྟུང་བ་དང་མ་ལྟུང་པའི་རེ་དོགས་བྲལ་བའི་གདེངས་རྙེད་པ་ནི་མར་གྱི་གདེངས་གཉིས་སྟེ་གདེངས་བཞིའོ། །སྣང་བཞིའི་འཕེལ་ཚད་རྫོགས་པའི་རྟགས་སྒོ་གསུམ་ལ་འཆར་ལ། དང་པོ་ཆོས་ཉིད་མངོན་སུམ་གྱི་སྐབས་ལུས་རུས་སྦལ་མཁར་གཞོང་དུ་གནས་པ་ལྟ་བུ་དང་། ངག་བརྗོད་བྲལ་ལྐུགས་པ་དང་། སེམས་མཁའ་འགྲོ་སྙི་ལ་ཟིན་པ་ལྟར་རྟོག་མེད་དུ་གནས་པའོ། །གཉིས་པ་གོང་འཕེལ་དུས་ལུས་སྐྱེས་བུ་ནད་ཀྱིས་གདུང་བ་ལྟར་སྤྲོས་མེད་དང་། ངག་སྨྱོན་པ་འུར་ལང་ལྟར་གང་ཤར་ཟང་ཐལ་རྗེས་མེད་དང་། སེམས་དུག་ནད་ཀྱི་ཐེབས་པ་བཞིན་རྟོག་པའི་འཕྲོ་འདུ་ཆད་པ་ཡིན་ནོ། །གསུམ་པ་ཚད་ཕེབས་དུས་གླང་ཆེན་འདམ་དུ་མི་བྱིང་པ་ལྟར་རི་བྲག་ལ་ཐོགས་མེད་དུ་འགྲོ་བ་དང་། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་སྙན་ཅིང་ཅི་སྨྲས་གཞན་ལ་ཕན་པ་དང་། སེམས་སྙིང་ལ་མདའ་ཕོག་པ་ལྟར་དྲན་བསམ་འཕྲོ་འདུའི་རྟོག་པའི་རྒྱུན་ཆད་པའོ། །བཞི་པ་ཆོས་ཉིད་ཟད་པའི་དུས། ལུས་དུར་ཁྲོད་ཀྱི་མི་རོ་ལྟར་སོར་བཞག་དགག་སྒྲུབ་ཀྱི་འཁྲུལ་པའི་ཡུལ་མེད། ངག་བྲག་ཆ་ལྟར་གཞན་གྱི་ཅི་སྨྲས་རྗེས་སུ་ཟློས། སེམས་རིམས་ནད་བྱང་བའི་སྐྱེས་བུ་ལྟར་རྟོག་ཚོགས་དབྱིངས་སུ་དག་ནས་རིག་པ་རང་གསལ་ཆེན་པོར་གནས་པ་ཡིན་ནོ། ༈ །དེ་ལྟར་སྣང་བ་བཞིའི་འཆར་ཚུལ་སྔ་མ་རྣམས་ནི་སྣང་ཉམས་དང་ཤེས་ཉམས་ཀྱི་ཤར་ཚུལ་མདོར་བསྡུས་དང་། ཕྱི་མ་ནི་བུམ་གསང་ཤེར་དབང་གི་ནུས་པ་ཐེབས་པས་སྒོ་གསུམ་གྱི་རྟགས་ཚད་རྫོགས་ཚུལ་ཡིན་ནོ། ༈ །མདོར་ན་ཁྲེགས་ཆོད་ཀྱི་ལྟ་བས་ཐག་བཅད། སྒོམ་པས་ངང་བསྐྱངས། སྤྱོད་པས་ལ་དོར། རིག་པ་ཁྱབ་བརྡལ་དུ་འཇོག །ཤེས་པ་བཟོ་མེད་དུ་སྐྱོང་། དྲན་རྟོག་མཁའ་ལ་སྦྲུལ་མདུད་བོར་བ་ལྟར་རང་གྲོལ་དུ་བཞག་པས་སྐྱེ་མེད་ཀྱི་དོན་རྟོགས་པར་འགྱུར་རོ། །ཞེས་བླ་མའི་གསུང་གི་ཟིན་བྲིས་བྱས་པ་ལ་འཁྲུལ་པ་ཅི་མཆིས་པ་ཐམས་ཅད་དཔལ་ལྡན་བླ་མར་བཤགས། དགེ་བས་འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག་ཅིག །

༈ ལྟ་བ་དཔའ་དགོས། སྤྱོད་པ་སྡར་དགོས། ལྟ་བ་ཡེ་འབབས། སྤྱོད་པ་མས་འཛེགས། སྣང་བ་འོད་ཀྱི་ཁྱད་པར། ཉམས་ལེན་ལག་ལེན་དང་འབྲེལ་བའི་ཁྱད་པར། རང་སྣང་མངོན་སུམ་གཟིགས་པའི་ཁྱད་པར། ལུས་གནད་རྩའི་ཁྱད་པར། སྣང་བྱེད་སྒོའི་ཁྱད་པར། མཐོང་བ་དབང་པོའི་ཁྱད་པར། ཉམས་མྱོང་འཕེལ་སྣང་གི་ཁྱད་པར་དང་བདུན་ནོ། ༈ །སྟོང་གསལ་ཕྱིའི་ནམ་མཁའ་གཡའ་དག །རྟོག་མེད་ནང་གི་ནམ་མཁའ་ཀུན་རྟོག་དག་པ། ཟང་ཐལ་གསང་བའི་ནམ་མཁའ་རིག་པ་རྗེན་ལ་བུད་པ། ཐོད་རྒལ་སྐབས་དབྱིངས་ཐིག་རིག་གསུམ་སྙིང་དབུས་ན་གནས་པ་ནང་རྩ་ནས་ཕར་ཕྱིར་འཆར་བ་ཕྱི། དེའི་སྔ་ཕྱིའི་ནམ་མཁའ་སུམ་སྤྲུག་ཤེས་པར་བྱ་གསུངས། ༈ །སྒྲོན་མ་དྲུག་ནི། གནས་ལུགས་རང་བྱུང་གི་སྒྲོན་མ། ཙིཏྟ་ཤ་ཡི་སྒྲོན་མ། རྒྱང་ཞགས་ཆུ་ཡི་སྒྲོན་མ། ཐིག་ལེ་སྟོང་པའི་སྒྲོན་མ། བར་དོ་དུས་ཀྱི་སྒྲོན་མ། མཐར་ཐུག་འབྲས་བུའི་སྒྲོན་མ་དང་དྲུག་གོ། ༈ །ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ། ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ། མངོན་པར་བྱང་ཆུབ་བྱ་རྒོད་ལྟ་བུ། མི་འགྱུར་རྡོ་རྗེ་རྡོ་རྗེ་ལྟ་བུ། སངས་རྒྱས་འགྲོ་བ་རྣམ་སྣང་གི་ཆོས་བདུན། འོད་གསལ་རྣམ་སྦྱོང་རྒྱལ་བའི་གཟིམ་ལུགས། མཁའ་མཉམ་དག་པ་སྐྱེས་བུའི་འགྱིང་སྟབས། གནམ་གཟེར་དག་པ་ལྕགས་སྡོང་གི་འགྲིལ་ལུགས། དྲག་ཤུལ་ཆེན་པོ་གྱད་ཀྱི་དོར་སྟབས། དཔའ་བོའི་འདུག་སྟངས། ༈ བླ་མའི་མན་ངག་གིས་རིག་པ་ངོ་སྤྲད་ཚེ། སྒོ་ལྔ་ཆ་མཉམ་པ། དཔེར་ན་རྒྱ་མཚོ་ལྷམ་མེ་ལྟ་བུ་རྒྱ་མཚོ་ཅོག་བཞག་ཡིན། རིག་པ་རྗེན་ཅེར་རིག་པ་ཅོག་བཞག་ཡིན། ཤར་བ་ལྟར་སྣང་བ་ཅོག་བཞག་ཡིན། མི་གཡོ་བ་རི་བོ་ཅོག་བཞག་ཡིན། ༄༅། །ཉག་བླའི་ཞལ་རྒྱུན། བླ་མ་ལ་ཕྱག་འཚལ་ལོ། །ཉག་གཏེར་རིན་པོ་ཆེས། སངས་རྒྱས་མངོན་སུམ་དུ་རྙེད་ཡོད་པའི་དུས་འདིར། རི་ཁྲོད་དབེན་པ་ཞིག་ལ། རང་ཉིད་གཅིག་པུར་གྲོགས་མེད་པར་བསྡད་ནས་གཡས་སུ་དབྱུག་ཐོ། གཡོན་དུ་ཁུག་ལུ། སྔུན་དུ་རྫ་ཟངས། རྒྱབ་རི་བྲག་ཕུག་ཞིག་ལ་གཏད་ནས། འདི་ནས་བྱང་ཆུབ་ཀྱི་བར་དུ་ཡར་གཏད་དེ་བླ་མ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་གཏད། མར་གཏད་དེ་རིག་སྟོང་ཟུང་འཇུག་རྗེན་པ་དེ་ལ་གཏད་ནས། དུས་དང་གནས་སྐབས་ཐམས་ཅད་དུ་ལྟ་བའི་རྫོང་དེ་རྡོ་རྗེ་ཕ་ལམ་གྱི་རྫོང་ལྟ་བུ་ཞིག་བཟུང་ནས་མིག་སྔོ་ཅེ་རེ་དབུགས་ཆད་མ་སོང་བར་བསྒོམ་དགོས་གསུངས།


previousཐོད་རྒལ་ཉམས་ལེན་བྱེད་ཚུལ། next