Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
ཞལ་རྒྱུན་གནད་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞལ་རྒྱུན་གནད་བསྡུས།next

ཞལ་རྒྱུན་གནད་བསྡུས།

༈ ཡང་སྐྱབས་རྗེ་བླ་མ་རིན་པོ་ཆེའི་ཞལ་ནས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་མན་ཆད། ཀ་ཁ་སུམ་ཅུ་སློབ་པའི་སློབ་དཔོན་ཡན་ཆད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རིག་སྟོང་ཟུང་འཇུག་འདི་ཁོ་ན་ཡིན་པར་ཤེས་པའི་བློ་ཐག་བཅད་ནས། མཐོ་ལ་ཁ་རུ་སོང་རུང་། དམའ་ལུང་ཁུང་དུ་སོང་རུང་། ཉི་མ་ཉིན་ཕྱེད། ཟླ་བ་མཚན་ཕྱེད། འདི་ཕྱི་བར་དོ་གསུམ་དུས་དང་གནས་སྐབས་ཐམས་ཅད་དུ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཡིན་པར་བློ་ཐག་རྦད་ཀྱིས་བཅད་ནས་རིག་སྟོང་ཟུང་འཇུག་དེ་ཉམས་སུ་བླང་། ཕྱི་ནང་སྣོད་བཅུད་ཀྱི་སྣང་བའི་ཆོས་ཐམས་ཅད་རང་སྣང་རང་བཞིན་མེད་པར་བདེན་མེད་སྒྱུ་མའི་རྣམ་རོལ་རྨི་ལམ་གྱི་འཁྲུལ་སྣང་ཙམ་ལས་བདེན་གྲུབ་མེད་པར་བློ་ཐག་རྦད་ཀྱིས་བཅད་ནས། ལྟ་བའི་རྫོང་བཟུང་དགོས། རིག་པ་རྐྱང་རྐྱང་དེ་རྗེན་དེད་མ་བྱས་ན། སྒོམ་པའི་འཕྲང་བགྲོད་དཀའ་མོ་ཡིན། ཞི་གནས་སྟེང་ན་གོལ་ས་གསུམ་དང་། ལྷག་མཐོང་སྟེང་ན་ཤོར་ས་བཞི་དང་། ནོར་ས་བརྒྱད་སོགས་ཀྱི་འཕྲང་གི་ར་བས་བསྐོར་ཡོད་ནི་རེད། ཤིན་ཏུ་གཟབ་སྟེ་དུས་གསུམ་གྱི་འཁྲུལ་པ་ལ་མི་སྐུར། ཉམས་བདེ་གསལ་མི་རྟོག་གསུམ་གྱི་ཤུན་པ་བསྐོན་མི་བཅུག །བྱིང་རྨུགས་ཀྱི་སྐྱོན་གྱིས་མ་གོས་པའི་རིག་པ་གཤིས་ཐོག་ཏུ་ཕེབས་ནས་ལྟ་བའི་རྫོང་ཟིན་ན་སྤྱོད་པས་སྲོག་འཕྲོག སྒོམ་པས་ལ་དོར་བ་ཡིན་པས་ཉོན་མོངས་པས་རང་རྐྱ་མི་ཐུབ་པར་གྲོལ་བ་ནི། མེ་ཚན་ནང་དུ་སྤུ་ཉག་ལྷུང་བ་ལྟར་རྗེས་མེད་དུ་འགྲོ་བ་ཡིན། རིག་པ་གསལ་ངར་དང་ལྡན་པའི་ལྟ་བའི་རྫོང་གཏན་ནས་ཤོར་མི་ཉན། དཔེར་ན་མི་དཔའ་བོ་གཡུལ་དུ་ཞུགས་དུས་རལ་གྲི་ལག་གིས་བཟུང་ནས་ཞུགས། རལ་གྲི་ས་ལ་ལྷུང་ན་དེ་མ་ཐག་ཏུ་ཡར་ལ་བླང་བ་ལྟར། རྗེས་ཐོབ་སྤྱོད་ལམ་གྱི་སྐབས་སུ་ལྟ་བའི་གདེངས་མ་ཤོར། བསྒོམ་པའི་ངང་མ་ཤོར་བའི་ངང་ནས་ཞུགས་དགོས། གལ་ཏེ་ལྟ་བའི་རྫོང་ཤོར་ན་དེ་མ་ཐག་ཡང་དག་གཉུག་མའི་དྲན་པས་ཟིན་དགོས། དྲན་པས་ཟིན་ཀྱང་ལྟ་བའི་རྫོང་མ་ཟིན་ན། ཆབ་རོམ་སྟེང་དུ་འགྱེལ་མ་ལིང་ལྟ་བུས་ཅང་མི་འོང་། ཡང་དག་གཉུག་མའི་དྲན་པས་ཟིན་ཙམ་ནས་དྲན་མཁན་ཡེ་ཤེས་ཀྱི་རྣམ་ལྡན་དུ་འཆར་བའི་རིག་པ་གཤིས་ཐོག་ཏུ་སླེབས་ན། ཉི་མ་རེ་ལ་དྲན་པ་ལྔ་བརྒྱ་ཙམ་རེ་བསྟེན་ན་བཟང་། ཆོས་ཆེན་པོ་ཕན་ཡོན་ལོས་ཡོད་མ་གཏོགས་བཀའ་བརྒྱད་ཁྲམ་ཤིང་ཞིག་འདོན་ནི་བས་ཉམས་ལེན་པ་ཞིག་གིས་དྲན་པ་གཅིག་བསྟེན་ནས་རིག་པའི་རང་ས་ཟིན་ན་དེས་དགའ་གསུངས། རིག་ངོ་འཕྲོད་ཕན་ཆོད་དྲན་པས་མི་འཆིང་། རིག་ངོ་འཕྲོད་ནས་བཟུང་སྟེ་ཡེང་བ་མེད་པར་བསྒོམ་དགོས། མིན་དུས་ཞིག་ལ་བསྒོམ་རྩིས་བྱེད་ནི་བས་ནི། རིག་ངོ་འཕྲོད་དུས་བསོད་ནམས་ཟད་སོང་ན་མ་གཏོགས་བསྒོམ་དགོས་ནི་རེད། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ཆོས་ཐམས་ཅད་ཀྱི་གནས་ལུགས་མངོན་སུམ་འདི་ནི། ཞིང་ལས་སོ་ནམ། ཕྱུགས་ཀྱི་འཚོ་སྐྱོང་། དཀོར་ཁ་གྲོང་ཆོག གོར་ལི་ཤ་སྐལ། ཇ་ཐོ་ནས་སྤར། འཁོར་བའི་བྱ་བཞག་སོགས་ཀྱི་བྱ་བ་གང་ལའང་བརྗེ་མི་བྲ་ངེས་པ་རེད། རིག་ཆ་རྗེན་པ་དེའི་ས་ཤོར་དུས་ནི། ཁོ་བྱ་བྲལ་བ་ཡིན་ཟེར་ནས་ས་ཐག་རིང་མོ་ཞིག་ལ་སོང་ནིས་ཚ་མ་མེད། རྒྱུ་ཟས་མེད་ནིས་ཚ་མ་མེད། ས་མཐོ་ས་ཞིག་ལ་བསྡད་ནིས་ཚ་མ་མེད། གཉེན་གྲོགས་མེད་ནིས་ཚ་མ་མེད། ཐོབ་མཐོ་ནིས་ཚ་མ་མེད། གདུགས་དཀར་པོ་བཅུ་གསུམ་གྱི་ཞབས་ན་ཡོད་ནིས་ཚ་མ་མེད། གསེར་ཁྲི་སེར་པོ་ཞིག་གི་སྟེང་ན་ཡོད་ནིས་ཚ་མ་མེད། མདོར་ན་ཀུན་གཞི་སེམས་གསུམ་དང་མ་བྲལ་ན། ལུས་ཅན་སེམས་ཀྱི་དྲི་མ་ཚུ་རོལ་འཁོར་བའི་ས་ཡིན་པས་ཅིས་ཀྱང་ཤེས་དགོས་སོ། །བྱ་བ་གང་བྲལ་དགོས་ན་ནང་ཉོན་མོངས་པའི་གཡུལ་ཆེན་པོ་ཀུན་གཞི་སེམས་གསུམ་དང་བྲལ་དགོས་ནི་རེད། མ་རིག་བདེན་འཛིན་གྱིས་དྲང་བའི་དུས་གསུམ་ཡིད་ཀྱི་འཁྲུལ་བ་ལས་འཁོར་བ་ལོག་ན་མེད། འཁྲུལ་སྣང་དབྱིངས་སུ་ཞི་བ་ལས་མྱང་འདས་ལོག་ན་མེད། རིག་པ་ལམ་བྱེད་ནི་ཕ་རོལ་མྱང་འདས་འབྲས་བུ་ལམ་བྱེད་དམ་ལམ་རྒྱུད་ལྡན་གྱི་གང་ཟག་ཡིན་པའོ། །ཁྲེགས་ཆོད་ཀྱི་ལམ་ཤར་གྲོལ་དང་། ཐོད་རྒལ་གྱི་ལམ་འོད་སྣང་སྟེ་ལམ་བདེན་དངོས་ཡིན། དད་པ་དག་སྣང་བྱམས་སྙིང་རྗེ་སོགས་ཀྱང་དེའི་ཕྱོགས་སུ་བསྡུ་དགོས། དེས་སེམས་རིག་གི་ལ་ཤན་ཟེར་བ་རིག་དང་མ་རིག་ལག་པའི་མདུན་རྒྱབ་ལྟ་བུ་ཡིན་པར་ཤེས་ནས། འཁོར་འདས་གཉིས་ཀའི་ཡར་མར་གྱི་ས་མཚམས། དཔེ་རལ་གྲི་སོ་རྡེབ་ལྟ་བུར་བྱེད་ནས་ཉམས་ལེན་ད་ལྟ་ད་ལྟ་བྱེད་པ་གལ་ཆེ། སང་བྱ་གནང་བྱ་ཞིག་ཏུ་ངས་རི་ཁྲོད་ཞིག་བསྟེན་ནས་སྒོམ་བསྒྲུབ་དགེ་སྦྱོར་ཞིག་བྱེད་བསམ་པའི་འདུ་ཤེས་རིང་མོ་དེ་ནི་ཕུང་འདྲེ་ལྟས་ངན་རྟག་འཛིན་བདུད་ཀྱིས་བསླུས་པ་ཡིན། དེ་བས་རི་ཁྲོད་ཞིག་འཛིན་དགོས་བསམ་ན་ནི། གྲོགས་འཆི་བ་མི་རྟག་པ་དང་སྦྱ ར་ནས་ད་ལྟ་ད་ལྟ་ནས་རིག་པའི་རང་ས་ཟིན་ན་སྒོ་གསུམ་དབེན་ཁྲོད་གསང་གསུམ་དང་ལྡན་པ་ཡིན། ལྷ་ཆོས་ལུས་དང་ཡན་ལག་འདྲ། །ནམ་དགོས་རང་གི་དྲུང་ན་ཡོད། །གསུངས་པ་དེ་ནི་རང་གི་ཤེས་རྒྱུད་སྟེང་ན་ཡོད་ནི་རེད། མཉམ་བཞག་ཏུ་རིག་པ་སྐུ་གསུམ་གྱི་བདག་ཉིད་གཤིས་ཀྱི་བཞུགས་ཚུལ་གཞི་ལས་མ་གཡོས་པར་བཞུགས་པ་དང་། རྗེས་ཐོབ་ཏུ་བཞེངས་པའི་ཚེ་ན་རིན་ཆེན་གསེར་གླིང་དུ་ཕྱིན་པ་ལྟ་བུ། རྣམ་ཤེས་ཚོགས་བརྒྱད་ཡང་རིག་པའི་རྣམ་ལྡན་དུ་གྱུར་ནས་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བའི་དུར་ཁྲོད་ཀྱི་འདྲེ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་དེ་འདྲའི་རིག་པ་སྐུ་གསུམ་གྱི་བདག་ཉིད་དེ་མངོན་སུམ་དུ་བཞུགས་ཡོད་པར་གཟིགས་ནས་སྣང་སྲིད་བླ་མར་འཆར་བའི་དག་སྣང་མ་བྲལ་བར་དེ་ལྟར་རྒྱུད་ན་ཡོད་པར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་དམིགས་པ་མེད་པའི་བརྩེ་བའི་སྙིང་རྗེ་ཆེན་པོ་ཕྱོགས་རིས་མེད་པར་ཉི་མའི་ཟེར་ལྟར་འཆར་དགོས། དེ་ལྟར་དམིགས་མེད་ཀྱི་དག་སྣང་དང་སྙིང་རྗེ་སོགས་ཡོན་ཏན་གྱི་ཆ་རྣམས་ཡང་དག་པའི་ལམ་དུ་འགྲོ་དང་མི་འགྲོའི་འབྲས་རྟགས་ཡིན་པས་ཡོད་དགོས། སྦལ་བ་ཆུང་ཡང་རྐང་ལག་བཞི་པོ་ཡོད་པ་ལྟར་ཛ་ཛུག་ཞིག་ཡོད་དགོས་ནི་རེད། ཉི་མ་ཤར་ཡང་དྲོད་སང་ཉིན་བས་མེད་ཟེར་བ་ནི་མི་སྲིད། མཉམ་བཞག་ཏུ་ཉམས་ལེན་ཨ་མས་བུ་ཆུང་སྐྱོར་སྐྱོར་བྱས་ཀྱང་། རིག་པ་གསལ་ངར་དང་མི་ལྡན་ན། རྣམ་རྟོག་གཅིག་གྲོལ་མི་ཐུབ། གང་གྲོལ་ན་བཟང་རྐྱེན་དང་ངན་རྐྱེན་གཉིས་གྲོལ་དགོས་ནི་རེད། བཟང་རྐྱེན་ནི་ལུས་སེམས་གཉིས་ཀ་དགའ་ཡ་ལེ་འགྲོ་བའི་ཟག་བཅས་ཀྱི་རྐྱེན་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་དང་རྙེད་བཀུར་སྙན་གྲགས་བསྟོད་བཀུར་བྱེད་པ་དེ་རྣམས་ཀྱིས་བསླངས་ནས་ལུས་སེམས་བདེ་བས་ཁྱབ་པ་དེ་ནི་མི་མངོན་པར་ལྐོག་ཏུ་འཇབ་སྟེ་འོང་བ་དང་འདྲ་སྟེ། དེ་གྲོལ་མ་ཐུབ་ན་ལྷ་ཡི་བུ་ཡི་བདུད་ཡིན། ངན་རྐྱེན་ནི། དངོས་སུ་དཔུང་ཤེད་ཀྱི་སྒོ་ནས་བཅོམ་པར་བྱེད་པ་ཡུལ་བུད་མེད་སོགས་ལ་འདོད་ཆགས་སྐྱེ་བ་དང་། དགྲ་ལྟ་བུའི་ཕྱོགས་ལ་ཞེ་སྡང་སྐྱེ་བ་སོགས་ཡིན་པས། དེའི་སྣ་མི་བརྟེན་ཏེ། ཐག་ཚད་ཞིག་ལ་འཕེན་ནས་རྟ་བརྒྱུག་ཚར། རྡུལ་དྭངས་ཚར་རྗེས་ཞིག་ལ་ཕྱི་ལྟས་ཞིག་བྱས་རུང་ཚར་སོང་ནི་རེད། གྲོལ་བའི་མིང་མི་ཐོག དབ་བུ་དུབ་བེ་དང་། འཁྲལ་ལུ འཁྲུལ་ལིས་ངང་ནས་རྣམ་རྟོག་མེད་སོང་ནི་འདྲ་འདྲ་དེ་རྒན་རྒོན་ཚོས་དེ་འདྲའི་རྣམ་རྟོག་ཐམས་ཅད་ཅང་ལག་ལེན་དུ་ཐེབ་ནི་མ་རེད། བཏབ་ཚོད་ཀྱང་ཅི་ཡོད། དེ་ལྟ་བུའི་གང་ཟག་དེས་ནི་སྤྱོད་ལམ་སྐབས་སུ་འཕོང་མགོ་གྲོག་ཚང་ནང་དུ་བཞག་ནི་འདྲ་འདྲ་མ་གཏོགས་ཉམས་ལེན་སྟྭ་རེ་གཡུག་གི་སོ་གདན་ནི་ག་ལ་ཡོད། ལས་རྒྱུ་འབྲས་འཆོལ་ཉོག་ཏུ་སྤྱོད་པ་དག་གིས་རང་རྐུབ་རང་གིས་ཕུད་ནས་འདི་ལྟར་ཟེར། ལས་རྒྱུ་འབྲས་ཀྱིས་ཁོ་བོ་ལ་མི་གནོད་པས་ཁྱེད་ཅག་ལ་དེས་ཅི་གནོད་ཟེར་བ་དེ་ནི། ལྟོ་ལེ་འཆི་ཁ་མ་ཚོས་འཆི་མི་ཐུབ་ནས་འཆི་འཕགས་བྱེད་པ་ལྟར་ངོ་ཚ་རྒྱུ་མེད་པའི་སྐད་ཆ་རེད། ༀ་མ་ཎི་པདྨེ་ཧཱུྃཿ སློབ་དཔོན་པདྨས། དགེ་སྟོང་སྡིག་སྟོང་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་ཞིག་དར་གསུངས། ལུང་བསྟན་ཐོག་ཏུ་བབ་པ་རེད། དེ་འདྲ་མིན་པའི་བུ་སྙིང་ཡོད་ཡར་འགྲོ་ཞིག་ཡིན་ན། མཉམ་བཞག་ཏུ་རིག་པ་སྐུ་གསུམ་གྱི་བཞུགས་ཚུལ་ནི་ཁྱད་ཆོས་གསུམ་དང་ལྡན་པའི་བདག་ཉིད་ཅན་དེ་ངོ་བོ་སྟོང་ཉམས་ངར་ཆ་དང་ལྡན་པ། རང་བཞིན་གསལ་ཉམས་སངས་ཆ་དང་ལྡན་པ། ཐུགས་རྗེ་རིག་ཉམས་གྲོལ་ཆ་དང་ལྡན་པས་རྟོག་པ་གང་ཤར་ཀྱང་བག་ཆགས་བསགས་ལོང་མི་འདུག །རྗེས་ཐོབ་སྐབས་སུ་ལས་རྒྱུ་འབྲས་དེ་ལ་དེ་བས་ནི་ཞིབ་ཆ་ཆེ་ནི་རེད། སྟོང་ཉིད་རྒྱུ་འབྲས་སུ་ཤར་ནིས་ཉམས་ལེན་པ་ཞིག་ཡིན་ནས་བཟུང་ལས་རྒྱུ་འབྲས་ཀྱི་གནས་ལ་མི་ཞིབ་ཐབས་གཏན་ནས་མེད། སློབ་དཔོན་པདྨས། ང་ལྟ་བ་ནམ་མཁའ་བས་ཀྱང་མཐོ།། ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །གསུངས་པ་དེ་ལྟ་བུ་ཞིག་ལ་ཟེར་བ་ཡིན། རྟོག་པ་རང་སར་གྲོལ་དང་མི་གྲོལ་ནི་རྐྱེན་ངན་པ་དང་འཕྲད་ནས་རྣམ་རྟོག་མེ་འབར་འབར་ཆུ་ཁོལ་ཁོལ་ཡོང་དུས་སུ་གྲོལ་ཐུབ་ན་གྲུབ་རྟགས་ཞིག་དང་ཁྱད་མེད། ཆགས་སྡང་ངན་པ་གཅིག་གྲོལ་ཐུབ་ན་བསྐལ་པ་མང་པོའི་སྡིག་སྒྲིབ་འདག་ནི་རེད། གྲུབ་རྟགས་ནི་དེ་ཡིན། མངོན་ཤེས་ནི་དེ་ཡིན། ཁོང་ལ་བླ་མ་ཉག་བླས་ཕ་བསད་ལག་དམར་ལྟ་བུ་དང་འཕྲད་དུས། ལུས་ངག་ཡིད་གསུམ་ལྷོད་ཤིགས་སེ། ངོ་གདོང་ཁོང་ནས་འཛུམ་མོལ་ལེ་ཡོད་དགོས་ནི་རེད་གསུངས། དེ་ལྟ་བུའི་རྐྱེན་ངན་དང་འཕྲད་དུས་དྲན་པས་གཅིག་ཟིན་ན་ཕན་ཡོན་དཔག་ཏུ་མེད་པ་ཡོད་ངེས་ཡིན་གསུངས། རིག་པ་དངོས་གཤིས་ཐོག་ཏུ་ཕེབ་དུས་ནི། དཔྱོད་བྱེད་ཀྱི་མཁན་པོ་འགྱེལ། རླུང་སེམས་དབྱིངས་སུ་དེངས། ཉམས་ཞེན་གྱི་ཤུན་པ་འཐོར། ཡིན་མིན་གྱི་རྩིས་གདབ་ཐམས་ཅད་སེ་ལུང་ལྕགས་ཀྱི་རྒྱ་མདུད་འཐོར་བ་བཞིན་དུ་གྲོལ་བ་ནི། སྣང་བའི་མདུན་ན་མུན་པ་འདུག་ལོང་མེད་པ་བཞིན་ནོ་ཞེས་གསུངས་པ་དེ། བླ་མ་རིན་པོ་ཆེའི་ཞལ་རྒྱུན་ནོར་བ་མེད་པ་དགེ་ལེགས་འཕེལ། ༈ ཉིད་ཀྱིས་འོད་གསལ་རྫོགས་པ་ཆེན་པོ་ཉམས་སུ་ལེན་པར་འདོད་ན་གླེན་སྒོམ་ཨུ་ཚུགས་བྱས་པ་ལ་སྙིང་པོ་མེད་པ་མ་ཟད་སྲོག་རྩར་ལས་རླུང་འཇུག་པའི་གེགས་སུ་འགྲོ་བ་ལས་ལོ་བརྒྱར་བསྒོམས་ཀྱང་གྲོལ་བ་མེད་ལགས། དེ་ཕྱིར་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོ་ལ་བརྟེན་ནས་འཁོར་འདས་གཉིས་ཀྱི་སྤྱི་གཞི་གཏན་ལ་དབབ་ནས་འཁོར་འདས་དག་མཉམ་གྱི་ལྟ་བ་རྟོགས་དགོས་པ་ཡིན། དེ་ཡང་འདི་ཉིད་རྟོགས་ན་གདོད་མའི་གྲོལ་གཞི་བྱེད་པ་དང་། མ་རྟོགས་ན་སེམས་ཅན་གྱི་འཁྲུལ་གཞི་བྱེད་པས་སྤྱི་གཞི་ཟེར་བ་ཡིན། མདོར་ན་མ་རིག་བདེན་འཛིན་གྱིས་དྲངས་པའི་དུས་ག སུམ་ཡིད་ཀྱི་འཁྲུལ་པ་ལས་གཞན་པའི་འཁོར་བ་མེད་པ་དང་། འཁྲུལ་པའི་རྟོག་ཚོགས་ཞི་བ་ལས་གཞན་པའི་ཞི་བ་མྱང་འདས་མེད་པ་ཤེས་པར་གྱིས་ལ་ཞིབ་དུ་གཏན་ལ་དབབ་དགོས་ཞེས། བླ་མ་རིན་པོ་ཆེ་ནས་སོ། ། ༈ ཉམས་ལེན་གྱི་སྙིང་པོ་ནི། མཉམ་བཞག་གི་སྐབས་སུ་ཉམས་ཞེན་གྱི་ཤུན་པ་དང་བྲལ་བའི་རིག་སྟོང་ཟང་ཐལ་གྱི་ངང་ནས་དུས་གསུམ་གྱི་རྟོག་ཚོགས་གང་ཤར་ཐམས་ཅད་བག་ཆགས་གསོག་ལོང་མེད་པར་རང་ཤར་དང་རང་གྲོལ་དུ་འགྲོ་དགོས་པས་ལྟ་བའི་གདེངས་དང་ལྡན་པ་གལ་ཆེ། རྗེས་ཐོབ་ཀྱི་དུས་སུ་དྲན་པས་ཟིན་པ་ཙམ་ནས་དྲན་མཁན་ཆོས་ཉིད་ཀྱི་དབྱིངས་སུ་གྲོལ་ནས་ཆོས་ཉིད་ཀྱི་ངང་དུ་རྒྱ་འབྱམས་དགོས་པས་ཡེངས་པའི་ཚེ་དྲན་པས་ཟིན་པ་གལ་ཆེ་ཞེས་མདོ་པ་གདམས་ངག་རྒྱ་མཚོ་རང་ཡུལ་དུ་ཕེབ་དུས་ཆོས་དབྱིངས་རང་གྲོལ་ནས་གཅེས་ནོར་དུ་གདམས་པ་ཡིན་ནོ། ༈ །བློས་ཕར་མ་བསྒོམས་པས་ཅོག༵་བཞག༵ རིག་པས་ཚུར་མ་བཅིངས་པས་རྒྱ་༵ ཡན༵། བཅིངས་གྲོལ་གཉིས་ཀ་ལས་འདས་པས་མཐའ༵་གྲོལ༵། སྒོམ་འཛིན་གྱི་བློ་དང་བྲལ་བས་བློ༵་བྲལ༵། རང་བཞིན་གདོད་ནས་དག་པས་ཡེ༵་དག༵ །ཉམས་ཞེན་གྱི་ཤུན་པ་འཐོར་བས་རྗེན༵་པ༵། གཟུང་འཛིན་རང་གྲོལ་དུ་སོང་བས་རིག༵་སྟོང༵་། རྣམ་རྟོག་གི་གོས་དང་བྲལ་བས་གཅེར༵་བུ༵། གདོད་མ་ནས་གནས་པས་གཉུག༵་མ༵། བློ་གཉིས་འཛིན་གྱི་དྲི་མས་མ་གོས་པས་སོ༵་མ༵། རྒྱུ་རྐྱེན་དང་བྲལ་བས་རང་༵ བྱུང༵་། འཁྲུལ་གྲོལ་དང་བྲལ་བས་ཀ༵་དག༵ །སྤང་བླང་དང་བྲལ་བས་བློ༵་འདས༵་སོ། ༈ །བྱང་ཆུབ་ཀྱི་སེམས་དེ་ལ། ངོ་བོ་དང་། རྩལ་དང་། རོལ་པ་གསུམ་ཡིན་ལ། དེ་ཡང་ཀུན་གཞི་ལུང་མ་བསྟན་གྱི་ངོ་བོ་ལས་ཁྱད་དུ་འཕགས་པའི་ཆོས་༵སྐུ་གཞིར་གནས་ཀྱི་རིག་པ་སྤྲོས་པའི་མཐའ་དང་བྲལ་བ་༼དཔེ་ནམ་མཁའ་ལྟ་བུ་༽དེ་ལ་ངོ་བོ། འཁོར་འདས་ཀྱི་འཆར་གཞི་མ་འགགས་ཀྱང་ཀུན་གཞིའི་རྣམ་ཤེས་དང་བྲལ་བའི་ཚོགས་དྲུག་དུས་མཉམ་དུ་འཆར་བའི་ལོངས་སྐུའི༵་ཡེ་ཤེས་༼ དཔེ་མེ་ལོང་ལ་གཟུགས་བརྙན་འཆར་བ་ལྟ་བུ་༽དེ་ལ་རྩལ། ཀུན་ཉོན་འཁྲུལ་བའི་རྟོག་ཚོགས་མ་སྤངས་རང་གྲོལ་དུ་སོང་བའི་ཐུགས་རྗེ་རིག་གདངས་སྣ་ཚོགས་སུ་འཕྲོ་བ་༼ དཔེ་ཆུ་ལ་རི་མོ་བྲིས་པ་ལྟ་བུ་༽དེ་ལ་རོལ་བའོ། ༈ །གཞིར་གནས་ཀྱི་ཡེ་ཤེས་གསུམ་༼ངོ་བོ་སྟོང་པའི་ཡེ་ཤེས་རང་བཞིན་གསལ་བའི་ཡེ་ཤེས་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས། ༽མཚན་ཉིད་མེད་པའི་ཡེ་ཤེས་ལྔ། ཡུལ་ལ་འཇུག་པའི་ཡེ་ཤེས་གཉིས་༼ཇི་ལྟ་ཇི་སྙེད་ཡེ་ཤེས། ༽༈ ཤེས་རིག་རང་ཚིག་༼རིག་པ་སྐུ་གསུམ་དེ་ངོ་རང་ཐོག་ཏུ་སྤྲད་པ། ཐག་གཅིག་ཐོག་ཏུ་བཅད་པ། གདེངས་གྲོལ་ཐོག་ཏུ་བཅའ་བའོ་༽ཞེས། དོན་བཟང་རྟོག་ཏུ་ཤར་ཡང་རང་ཤར་རང་གྲོལ། ངན་རྟོག་ཏུ་ཤར་ཡང་མཐའ་གྲོལ་ཀློང་ཡངས ། ལུང་མ་བསྟན་གྱི་ཆ་རང་དྭངས། ༈ དུས་རྒྱ་ཆེ་བ་ནམ་མཁའ་ཇི་སྲིད། དམིགས་པ་རྒྱ་ཆེ་བ་སེམས་ཅན་ཐམས་ཅད་ཀྱི་དོན། དོན་རྒྱ་ཆེ་བ་སངས་རྒྱས་ཀྱི་གོ་འཕང་། བློ་སྟོབས་རྒྱ་ཆེ་བ་སེམས་ཅན་རེ་རེའི་ཕྱིར་དུ་མནར་མེད་དུ་འཇུག་ཀྱང་པདྨའི་མཚོ་རུ་ངང་པ་ཞུགས་པ་བཞིན། ཞེས་སོ། །


previousཞལ་རྒྱུན་གནད་བསྡུས།next