Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
རྫོགས་ཆེན་ལུགས་ཀྱི་འཆི་སྲིད་ཆོས་སྐུའི་བར་དོ་ད་ལྟ་ནས་སྦྱོང་ཚུལ་སོགས་ཀྱི་སྐོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་ཆེན་ལུགས་ཀྱི་འཆི་སྲིད་ཆོས་སྐུའི་བར་དོ་ད་ལྟ་ནས་སྦྱོང་ཚུལ་སོགས་ཀྱི་སྐོར།next

རྫོགས་ཆེན་ལུགས་ཀྱི་འཆི་སྲིད་ཆོས་སྐུའི་བར་དོ་ད་ལྟ་ནས་སྦྱོང་ཚུལ་སོགས་ཀྱི་སྐོར།

འོད་གསལ་རྫོགས་པ་ཆེན་པོའི་ལུགས་ལ་འཆི་སྲིད་ཆོས་སྐུའི་བར་དོ་ད་ལྟ་སྦྱངས་ན་འདིར་གསང་སྔགས་རྙིང་མའི་ལུགས་ལ་རྒྱུད་ལུང་མན་ངག་གསུམ་སྟེ་རྒྱུད༵་བསྐྱེད་པ་མ་ཧཱ་ཡོ་གའི་དགོངས་པ་ནི་སྣོད་བཅུད་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་འདོད། ཞེ་སྡང་འདུལ་བའི་གཉེན་པོའོ། །ལུང༵་ཨ་ནུ་ཡོ་གའི་དགོངས་པ་ནི་སྣོད་བཅུད་སྣང་སྟོང་ངམ་བདེ་སྟོང་ཟུང་འཇུག་ཏུ་འདོད། འདོད་ཆགས་འདུལ་བའི་གཉེན་པོའོ། །མ༵ན་ངག༵་རྫོགས་པ་ཆེན་པོའི་དགོངས་པ་ནི། སྣོད་བཅུད་དབྱིངས་དང་ཐིག་ལེ་སྐུ་དང་ཡེ་ཤེས་སུ་འདོད། གཏི་མུག་འདུལ་བའི་གཉེན་པོའོ། །འཆི་སྲིད་ཆོས་སྐུའི་བར་དོ་ད་ལྟ་སྦྱང་སྐབས། གཞིའི་གནས་ལུགས་དེ་གྲོལ་བ་བཞིའི་བདག་ཉིད་ཅན་དུ་གྲོལ་བ་ཡིན་ལ། སྐད༵་ཅིག༵་དང༵་པོ༵་ལ། ཀ་དག་གདོད་མའི་ཡེ་གཞིའི་གནས་ལུགས་རང་ངོ་ཤེས་པ། སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའོ། །སྐད༵་ཅིག༵་གཉིས༵་པ༵་ལ་ངོ་ཤེས་མཁན་དབྱིངས་སུ་དྭངས། མི་གསལ་བ་གསལ་བ་སྒེག་མོ་མེ་ལོང་ལ་བལྟས་པ་ལྟ་བུའོ། །སྐད༵་ཅིག༵་གསུམ༵་པ༵་ལ་གདོད་མའི་དབྱིངས་སུ་བཙན་ས་ཟིན་པ་ལ་གདེངས་བྱ། མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའོ། །ཆོས་ཉིད་བར་དོ་ད་ལྟ་ནས་སྦྱངས་ཚེ་ཐོད་རྒལ་ལ་བརྟེན་ནས་སྟག་སེང་ཁུག་མཆོང་གི་ལམ་ཡིན་པས། སྐད༵་ཅིག༵་དང༵་པོར༵་འོད་ལྔ་ཤར་བ་ཡེ་ཤེས་ཀྱི་རང་གདངས་ཡིན་པར་ངོ་ཤེས། སྐད༵་ཅིག༵་གཉིས༵་པར༵་རང་སྣང་ལ་རང་བཞིན་མེད་པར་བདེན་མེད་ངོ་ཤེས། སྐད༵་ཅིག༵་གསུམ༵་པར༵་རང་བཞིན་མེད་པར་ཤེས་མཁན་དབྱིངས་སུ་དྭངས། ཡེ་ཤེས་ཀྱི་རླུང་རྒྱུ་དུས་དུས་གསུམ་གྱི་འཁྲུལ་བ་བྲལ་བའམ་རྟོག་ཚོགས་ཐམས་ཅད་མ་སྤངས་རང་ཤར་རང་གྲོལ་དུ་འགྲོ། ལས་རླུང་རྒྱུ་དུས་ཉམས་བདེ་གསལ་མི་རྟོག་གི་ཉམས་ལ་ཆགས་ནས་དུས་གསུམ་འཁྲུལ་བའི་མགོ་བརྩམ། ཉོན་རླུང་རྒྱུ་དུས་ཆགས་སྡང་བསྐྱེད་ནས་དུས་གསུམ་འཁྲུལ་བ་ལ་འབྱམས། ངོ་བོ་བརྗོད་དུ་མེད་པ་ལ་ཀ་དག་ཏུ་མ་ཤེས་པས་རྒྱུ་བདག་ཉིད་གཅིག་པུའི་མ་རིག་ཡེ་ལྡན་པའོ། །རང་བཞིན་གསལ་བ་རང་སྣང་འོད་གསལ་དུ་མ་ཤེས་པས་ལྷན་ཅིག་སྐྱེས་པའི་མ་རིག་དུས་མཉམ་པའོ། །ཐུགས་རྗེ་ཀུན་ཁྱབ་ལ་རང་རིག་ཏུ་མ་ཤེས་པས་ཀུན་ཏུ་བརྟགས་པའི་མ་རིག་སོགས་ཕྱི་འབྱུང་གི་ཚུལ་དུ་ཡོད་པའོ། །གཞི་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་ངོ་འཕྲོད་པས་རྒྱུ་བདག་ཉིད་གཅིག་པུའི་མ་རིག་པ་རང་སར་དྭངས། ལམ་ཐོད་རྒལ་སྣང་བཞི་ལ་བརྟེན་ནས་ལྷན་ཅིག་སྐྱེས་པའི་མ་རིག་པ་རང་སར་དྭངས། ཐུགས་རྗེས་རིག་གདངས་ཤར་གྲོལ་དུ་སོང་བས་ཀུན་ཏུ་བཏགས་པའི་མ་རིག་པ་རང་སར་དྭངས། གཞིའི་འོད་གསལ་ངོ་མ་ཤེས་ན་ཀུན་གཞི་རྟོག་མེད་དུ་ཤར་བ་ལས་གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ། དེ་ནས་ཀུན་གཞིའི་རྣམ་ཤེས་ལ་ངར་འཛིན་གྱིས་གསོས་བཏབ་པའི་འོད་སྣང་ལས་གཟུགས་ཁམས་སུ་གོལ། ཉོན་ཡིད་དང་ཡིད་ཀྱི་རྣམ་ཤེས་ཤར་བ་ལས་འདོད་ཁམས་སུ་གོལ། དེ་གསུམ་དག་པས་སྲིད་གསུམ་ཀ་དག་གི་ལྟ་བའམ་སྲིད་པ་དྲུང་འབྱིན་གྱི་ལྟ་བ། ཁམས་གསུམ་ཡོངས་གྲོལ་གྱི་སྒོམ་པ། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ། སྐུ་གསུམ་ལྷུན་གྲུབ་ཀྱི་འབྲས་བུའོ། །ཡེ་ཤེས་ནི་ངོ་བོ་སྟོང་པའི་ཡེ་ཤེས། རང་བཞིན་གསལ་བའི་ཡེ་ཤེས། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་དེ་གསུམ་ཆོས་སྐུའི་ཡེ་ཤེས་སོ། །ཡེ་ཤེས་ལྔ་ནི་ལོངས་སྐུའི་ཡེ་ཤེས་སོ། །ལམ་གྱི་དུས་སུ་མཁྱེན་པའི་ཡེ་ཤེས་ནི་སྤྲུལ་སྐུའི་ཡེ་ཤེས། སངས་རྒྱས་པའི་དུས་སུ་མཁྱེན་གཟིགས་གཉིས་སོ། །ཁམས་གསུམ་ཡོངས་གྲོལ་གྱི་སྒོམ་པ་ནི་ངོ་བོ་མི་རྟོག་ཀྱང་ཡེ་ཤེས་ཀྱི་རང་གདངས་མི་འགག་པའི་ཆ་ནས་གཟུགས་མེད་སྐྱེ་མཆེད་མུ་བཞི་ལས་གྲོལ། ཡེ་ཤེས་གསལ་ཡང་མི་འཛིན་པའི་ཆ་ནས་གཟུགས་ཁམས་ལས་གྲོལ། ཐུགས་རྗེའི་ཆ་ནས་རིག་ཀྱང་མི་འཕྲོ་བས་འདོད་ཁམས་ལས་གྲོལ། གྲོལ་བ་བཞིའི་བདག་ཉིད་ཅན་བག་ཆགས་གསོག་ལོང་མེད་པར་ཆོས་ཉིད་ངང་དུ་རྒྱ་འབྱམས། ཡེ་ཤེས་ལྔ་ནི། ཆོས་ཐམས་ཅད་རང་བཞིན་དབྱིངས་སྤྲོས་པ་དང་བྲལ་བའི་ངོ་བོ་བརྗོད་དུ་མེད་པ་དེ་ཉིད་ཆོས་སྐུའི་ཐུགས་ཆོས་དབྱིངས་ཡེ་ཤེས། ཆོས་ཐམས་ཅད་ཀྱི་སྣང་ཚུལ་མ་འདྲེས་པར་གསལ་ཡང་གཉིས་འཛིན་གྱི་རྟོག་པ་དང་བྲལ་བའི་ལོངས་སྐུའི་ཐུགས་མེ་ལོང་ཡེ་ཤེས་སོ། །འཁོར་བའི་ཆོས་མ་སྤངས། འདས་པའི་ཆོས་མ་བླངས་པའི་སྤང་བླང་མེད་པར་མི་འགྱུར་རྡོ་རྗེའི་ཐུགས་མཉམ་ཉིད་ཡེ་ཤེས། ཤེས་བྱ་ཐམས་ཅད་མ་འདྲེས་པར་ཅིག་ཆར་མཁྱེན་པའི་ངོ་བོ་ཉིད་སྐུའི་ཐུགས་སོར་རྟོག་ཡེ་ཤེས། དམིགས་མེད་སྙིང་རྗེ་ཆེན་པོས་འགྲོ་དོན་ཐོགས་པ་མེད་པར་མཁྱེན་པའི་སྤྲུལ་སྐུའི་ཐུགས་བྱ་གྲུབ་ཡེ་ཤེས་སོ། །ཡང་ཁམས་གསུམ་ཡོངས་གྲོལ་གྱི་སྒོམ་པ་ནི། ཀུན་གཞི་དང་ཆོས་སྐུ་གཉིས་རྟོག་མེད་ངོས་ནས་འདྲ་ཡང་། ཀུན་གཞི་ནི་ལུང་མ་བསྟན་འདུས་བྱས་དག་བྱ། ཆོས་སྐུ་ནི་ཟང་ཐལ་འདུས་མ་བྱས་ཤིང་ངོ་བོ་མི་རྟོག་ཀྱང་ཡེ་ཤེས་ཀྱི་རང་གདངས་མི་འགག་པའི་ཆ་ནས་གཟུགས་མེད་སྐྱེ་མཆེད་མུ་བཞི་ལས་གྲོལ། དངོས་པོ་དང་མཚན་མར་འཛིན་པའི་རྟོག་པས་ཟིལ་གྱིས་མི་ནོན་པ་སེང་གེ་དར་མ་ལྟ་བུའི་རིག་པ། ཀ་དག་ཡེ་གྲོལ་གྱི་ཀློང་དུ་རང་གདངས་འགག་མེད་དུ་ཇི་ལྟར་ཤར་ཡང་ཆགས་ཐོགས་མེད་པར་གྲོལ་བས་གེག་དང་གོལ་ས་མེད་པ་ནི་དཔེར་ན་ནམ་མཁའི་དབྱིངས་སུ་མཁའ་ལྡིང་རྒྱལ་པོ་ལྡིང་བ་ལྟ་བུའི་རིག་པ། ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཇི་ལྟར་སྣང་ཡང་ཆགས་ཞེན་གྱི་གེག་དང་གོལ་ས་མེད་པ་པདྨ་ལྟ་བུའི་རིག་པ། དེ་ལྟ་བུའི་རིག་པ་གསུམ་གྱི་གནད་དང་ལྡན་ན། དབྱིངས་རིག་ཟུང་འཇུག་གི་ངང་དུ་ཉིན་མཚན་འཁོར་ཡུག་ཏུ་གནས་ཀྱང་སེམས་འཛིན་རྩེ་གཅིག་གི་རྟོད་ཕུར་མེད་པ་དང་གཅིག ། ཚོགས་བརྒྱད་ལས་འདས་ཀྱང་རང་རིག་འོད་གསལ་གྱི་རང་གདངས་མི་འགག་པ་དང་གཉིས། ཟང་ཐལ་རྒྱ་ཡན་དུ་འདུག་ཀྱང་བསལ་བཞག་སྤྲོ་བསྡུ་མི་དགོས་པ་དང་གསུམ་ཡིན་ནོ། །ཕར་ལ་བློ་ཡིས་མ་བཅོས། ཚུར་ལ་དྲན་པས་མ་བཅིངས ། གཉིས་ཀའི་དབུས་ལ་མི་གནས་ཟང་ཐལ། ཐིབས་ཀྱིས་འགོག་པ་འདུ་བྱེད་ཀྱི་རྟོག་པ། དལ་གྱིས་ཤར་བ་འོད་གསལ་གྱི་དཀྱིལ་འཁོར། ཧྲིག་གེ་རིག་པ་རང་བྱུང་གི་ཡེ་ཤེས། ཕྱམ་གྱིས་བརྡལ་བ་གདོད་མ་ཡི་གཞི་དབྱིངས། གཉུག་མ་ལྷན་སྐྱེས་ཀྱི་ཡེ་ཤེས་འདི་ཉེ་ཆེ་བས་ངོ་མ་ཤེས། སླ་ཆེ་བས་ཡིད་མ་ཚིམ། ཟབ་དྲགས་པས་བློ་རུ་མ་ཤོང་།


previousརྫོགས་ཆེན་ལུགས་ཀྱི་འཆི་སྲིད་ཆོས་སྐུའི་བར་དོ་ད་ལྟ་ནས་སྦྱོང་ཚུལ་སོགས་ཀྱི་སྐོར།next