Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གྲངས་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གྲངས་བཤད་པ།next

རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གྲངས་བཤད་པ།

བླ་མ་ལ་ཕྱག་འཚལ་ལོ། །འདིར་འོད་གསལ་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གྲངས་ཅུང་ཟད་བཤད་པ་ལ། དང་པོ་ལ་ལྟ་བ་ངོ་སྤྲོད་ལ་ནི་ལུས་གནད་རྣམ་སྣང་ཆོས་བདུན་བྱས། ཁའི་རླུང་དལ་གྱིས་རྒྱུ་བར་བྱེད་པ་དང་། སེམས་འདས་པའི་རྣམ་རྟོག་གི་རྗེས་མི་དཔྱོད། མ་འོངས་པའི་མདུན་མི་བསུ། ད་ལྟའི་རྟོག་པ་བཟོ་མི་འཆོས་པར་རང་བབས་སུ་ལྷོད་ཀྱིས་ཞོག་དང་། དེའི་དུས་སུ་སེམས་རང་བབས་སུ་བཞག་པའི་གནད་ཀྱིས་དུས་གསུམ་གྱི་རྟོག་པ་རགས་པ་ཙམ་ཞིག་བྲལ་བར་འགྱུར་རོ། །དེ་མ་ཐག་དེའི་ཤུལ་ན་ཡོད་པའི་ཤེས་རིག་སོ་མ་ཕྱི་ཚོགས་དྲུག་གི་ཡུལ་ལ་ཞེན་པ་མེད་ཅིང་ནང་དྲན་འཛིན་གཉེན་པོས་མ་བསླད་པ་རང་བབས་ཤུགས་འབྱུང་མངོན་གྱུར་དུ་ཡོད་པ་འདི་མངོན་སུམ་དུ་ངོ་འཕྲོད་ན་རྫོགས་ཆེན་གྱི་ལྟ་བའམ་རིག་པ་ཙམ་ངོ་འཕྲོད་པ་ཡིན། ཡང་ན་སྣང་སྲིད་འཁོར་འདས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་ཐ་སྙད་ཀུན་རྫོབ་སྣང་ཚུལ་ཙམ་དུ་ནང་རྟོག་པས་ཕར་བཟོས་པ་ཙམ་མམ་སེམས་ཀྱི་ཆོས་ཆོ་འཕྲུལ་རྨི་ལམ་གྱི་སྣང་བ་ལྟ་བུའི་བདེན་མེད་དང་། དོན་དམ་གནས་ཚུལ་ལ་སྣང་སྲིད་དེ་ཐམས་ཅད་བརྟགས་ན་རང་ངོ་ནས་མེད་པར་མ་ཟད་བློས་ཕར་བཏགས་ཙམ་ཡང་ཤུལ་ན་ལྷག་རྒྱུ་མེད་པས་ཅིར་ཡང་མ་གྲུབ་པ་སྟེ་སྤྲོས་བྲལ་སྟོང་ཉིད་དུ་ཐག་བཅད། དེ་ནས་འཁོར་འདས་ཀྱི་བྱེད་པ་པོ་སེམས་ཁོ་ན་ཡིན་པར་ཤེས་ནས་སེམས་ཁོ་རང་གི་ཐོག་ནས་ཡིན་ལུགས་ཅི་འདྲ་རེད་རང་ངོ་ནས་གྲུབ་བམ་མ་གྲུབ་སོགས་བྱུང་གནས་འགྲོ་གསུམ་གྱི་སྒོ་ནས་བརྟགས་པས་གཟུགས་དབྱིབས་ཁ་དོག་མཚན་མ་སོགས་བློས་ཕར་བཏགས་ཙམ་ཡང་མེད་པའི་སྟོང་པ་རུ་ཐག་ཆོད་པ་ན། དེ་མ་ཐག་སྟོང་ངོ་སྙམ་པའི་ཞེན་འཛིན་ཕྲ་མོ་ཞིག་ཡོད་དོ། །སྟོང་འཛིན་དེའི་རང་ངོར་བལྟས་པས་སྟོང་འཛིན་དེ་རང་སར་བཞག་པས་ཆུ་རླབས་ཆུར་ཞིག་པ་བཞིན་རིག་པའི་དབྱིངས་སུ་རང་ཞིག་གོ །དེ་མ་ཐག་སྟོང་རྐྱང་ཁོ་ན་མ་ཡིན་པར་སྟོང་པའི་ངང་ནས་ཤར་འོང་བ་ལྟ་བུའི་སྟོང་པ་རིག་པའི་སྙིང་པོ་ཅན་ནམ་སྟོང་གསལ་དབྱེར་མེད་ཀྱི་ཤེས་པ་རང་བབས་སུ་ཤུགས་འབྱུང་བཟོ་བཅོས་དང་བྲལ་བ་ཞིག་ཡོད་པ་དེ་ངོ་འཕྲོད་ན་ལྟ་བ་ཙམ་ཡིན། ཡང་ན་ལུས་གནད་བསྲངས། མིག་བར་སྣང་ལ་ཧ་རེ་གཏད་དེ་སེམས་ཡང་ཕར་ནམ་མཁའ་སྟོང་པའི་དབྱིངས་སུ་གཏོད་ལ་འཛིན་མེད་དུ་ཞོག་དང་། དེའི་སྟོབས་ཀྱིས་རྣམ་རྟོག་གི་འཕྲོ་འདུ་ཆད་ནས་ཕྱི་ནམ་མཁའ་དང་། ནང་སེམས་ཉིད་སྟོང་པ་གཉིས་དབྱེར་མེད་ལྟ་བུའི་རྒྱ་ཆེ་བ་ཡངས་ཁྲོལ་ལེའི་ཤེས་པ་གསལ་སྟོང་འཛིན་མེད་ཞིག་མངོན་དུ་འགྱུར་རོ། །དེ་ཡང་རིག་པ་ཡིན། མདོར་ན་རྣམ་རྟོག་གང་ཤར་གྱི་སྔོན་བསུ། རྗེས་སྙེག་མི་བྱེད་པར་ཤར་མཁན་ཁོ་རང་གི་ངོ་བོར་ལྟོས་དང་། བལྟས་པ་ཙམ་ནས་རྣམ་རྟོག་གི་ཚོགས་རང་འགགས་སུ་འགྲོ་བ་ཆོས་ཉིད་ཡིན། དེ་དུས་ཁོ་ནར་ཡོད་པའི་ཤེས་རིག་དྭངས་གསལ་ངོ་བོ་ངོས་བཟུང་དང་བྲལ་བའི་སྟོང་སངས་འཛིན་མེད་ཞིག་མངོན་དུ་འགྱུར་རོ། །དེ་ཡང་རིག་པ་ཡིན་ནོ། །རྣམ་རྟོག་རང་ངོར་ལྟ་བ་ཙམ་དང་བལྟས་པས་སྟོང་པ་ཁོ་ན་བསྒོམ་པ་ལྟ་བུའི་རིག་པ་ཡིན་ནོ། །དེའི་ཚུལ་ཞིབ་ཏུ་བཤད་ན། སེམས་ལྷོད་དེ་བཞག་པས་སེམས་ཀྱི་འཕྲོ་འདུ་ཆད་ནས་ཡུལ་མི་རྟོག་ཙམ་དང་། གསལ་ས་ལེར་ཡོད་པ་ཙམ་དང་ངེས་མཁན་དང་སྟོང་སང་ངེར་ཡོད་པ་ལྟ་བུ་གང་ཡང་རིག་པ་མིན། དེའི་དུས་སུ་དེ་དག་དང་མ་འདྲེས་པའི་གསལ་དག་ཟང་མ་ཐལ་གྱི་ཤེས་པ་རྗེན་ནེ་བའམ་མི་རྟོག་པའི་ཆ་ངེས་མཁན་ནམ་མཐོང་མཁན་ཞིག་རང་ཤུགས་ཀྱིས་ཡོད་པ་དེ་རིག་པ་ཡིན། གང་བཤད་དེ་དག་གི་མདོ་འགག་ངོ་འཕྲོད་ཐབས་མཐར་ཐུག་ནི་འདི་ཡིན་ཏེ་རྣམ་རྟོག་རང་ངོར་བལྟས་ཏེ་རང་སར་བཞག་པའི་སྟབས་ཀྱིས་ཕྱི་ཚོགས་དྲུག་གི་ཡུལ་ལ་མ་ཞེན། ནང་དྲན་འཛིན་གཉེན་པོས་མ་བཅིངས་བར་བཏང་སྙོམས་ལུང་མ་བསྟན་དུའང་མ་གོལ་བའི་སྟོང་གསལ་འཛིན་མེད་ཀྱི་ཤེས་པ་དེ་རིག་པ་ཡིན། དེའི་དོན་ནི་ཕྱི་ཚོགས་དྲུག་གི་ཡུལ་གཟུགས་སྒྲ་སོགས་ལ་མི་ཞེན་པར་ཞེན་མཁན་ཁོ་རང་རང་བབས་སུ་བཞག་སྟེ་བསྐྱང་བ་ན་ཕྱི་གཟུགས་སྒྲ་སོགས་ལ་མི་ཞེན་ཀྱང་ནང་བདེ་གསལ་མི་རྟོག་གསུམ་གྱི་རོ་ལ་ཞེན་པའང་ནང་སྣང་སྟོང་གི་ཆོས་ལ་ཞེན་པའི་བློའམ་རྟོག་པ་ཕྲ་མོ་ཞིག་ཡིན། དེའི་ཚེ་རོ་མྱོང་མཁན་དེ་ཁོ་རང་རང་བབས་སུ་མ་བོར་ཙམ་དུ་བསྐྱང་བའི་ཚེ་ཉམས་ཀྱི་རོ་མྱོང་མེད་ཀྱང་བསྐྱང་བྱ་སྐྱོང་བྱེད་ཀྱི་ཚུལ་དུ་སྐྱོང་དགོས་པ་ནི། ནང་དྲན་འཛིན་གཉེན་པོས་བཅིངས་པའི་བློ་སྟེ། གོ་མྱོང་རྟོགས་གསུམ་ལས་མྱོང་བ་ཙམ་ལས་རྟོགས་པ་དངོས་མིན་པ། དེ་ཉིད་གཉེན་པོ་ལ་ཞེན་པའི་བློ་ཡང་ཡིན། དེའི་གཉེན་པོ་མཆོག་འཛིན་དང་ངེས་ཤེས་ཀྱི་འཛིན་པ་སོགས་དྲང་ངོ་། །དེ་དག་གི་སྐབས་སུ་རྩོལ་བཅས་ཀྱི་དྲན་པའམ། འཇུར་བུའི་དྲན་པ། འདུ་བྱེད་དྲན་པ། འདུ་ཤེས་ཀྱི་དམིགས་པ། མིང་བཅས་ཀྱི་དྲན་པ་སོགས་བརྗོད་དོ། །དེ་ལྟར་འཇུར་དྲན་ལ་གོམ་འདྲིས་སུ་སོང་བ་ན། བསྐྱང་བྱ་སྐྱོང་བྱེད་ཀྱི་འགྱུ་དྲན་དེ་རང་སར་བཞག་པས་ཅི་ཡང་མི་བསྒོམ་པར་ཡང་ཡང་ལྷོད་ཀྱིས་བཞག་ན། ནམ་ཞིག་བསྐྱང་བྱ་སྐྱོང་བྱེད་ཀྱི་དྲན་འཛིན་རང་ཞིག་དུ་སོང་ནས་བསྒོམ་བྱ་སྒོམ་བྱེད་ཀྱི་གཏད་སོ་འཛིན་པ་ངེས་ཤེས་ཐམས་ཅད་ཀྱི་ཤུབས་ནས་འཐོན་ཏེ་ཉི་མ་སྤྲིན་ལས་གྲོལ་བ་བཞིན་བསྒོམ་ཀྱང་སྐྱོང་རྒྱུ་མེད་ལ་མ་བསྒོམས་ཀྱང་འཁྲུལ་དུ་མེད་པ་ཞིག་འོང་སྟེ་རྟོགས་པ་ལྷད་མེད་ཡིན། དེའི་ཚེ་རང་ངོ་མ་མཐོང་བའི་མ་རིག་པ་དང་མཚུངས་ལྡན་གྱི་རྟོག་མེད་ཧད་པོ་ཀུན་གཞི་ལྟ་བུ་ཡང་མིན་པས་བཏང་སྙོམས་ལུང་མ་བསྟན་དང་བྲལ་ལོ། །དེ་དུས་གཉུག་མའི་དྲན་པའམ་ཆོས་ཉིད་ཀྱི་དྲན་པ་དང་། ལྷུན་གྲུབ་ཀྱི་དྲན་པའམ་རྩོལ་མེད་ཀྱི་དྲན་པ་ཡང་ཟེར་རོ། །དེ་སླར་ཡང་རྩེ་གཅིག་ཏུ་གོམས་ནུས་ན་དབྱིངས་རིག་དབྱེར་མེད་དུ་འདྲེས་ཏེ་འཕགས་ལམ་ཐོབ་པར་འགྱུར་རོ། །གོ་ཐོབ་བཤད་ན་ད་ལྟའི་ཤེས་པ་མ་བཅོས་རང་བབས་སུ་བཞག་པ་འདི་ཉིད་རིག་པ་ཡིན། དེ་ངོ་མ་འཕྲོད་ན་རྣམ་རྟོག་ཕཊ་ཀྱིས་གཏོར་ན་རིག་ཆ་མངོན། དེའང་གང་ཤར་རེ་དོགས་མི་བྱེད་པར་ཐོལ་བྱུང་ཕཊ་སྒྲ་དྲག་པོ་ངར་ཐུང་ཞིག་བརྗོད་པ་དང་དེ་མ་ཐག་ཏུ་རྣམ་རྟོག་དང་བྲལ་བའི་ཤེས་པ་སྟོང་གསལ་འཛིན་མེད་ཅིག་ཤར་བ་དེ་རིག་པ་རེད། བྱིང་རྨུགས་འཐིབ་གསུམ་དུ་མི་གཏོང་བར་དེའི་རྒྱུན་བསྐྱང་བ་སྒོམ་པ་རེད། དེ་ཉིད་རྐྱེན་དང་བསྲེ་བ་སྤྱོད་པ་རེད། རྐྱེན་དང་བསྲེ་ཚུལ་ལ་ནི་རྣམ་རྟོག་བཟང་ངན་གང་ཤར་ཡང་སྤང་བླང་རེ་དོགས་མི་བྱེད་པར་རིག་ཐོག་ཏུ་བཞག་པས་ཆུ་ལ་རི་མོ་བྲིས་པ་ལྟར་རྣམ་རྟོག་རྣམས་གཉེན་པོ་གཞན་ལ་མ་ལྟོས་པར་རང་ཡལ་དུ་འགྲོ་བར་བྱེད་པའམ། རྗེས་ཐོབ་ཀྱི་སྐབས་མ་གཏོགས་རིག་པ་རྒྱ་བསྐྱེད་དཔང་བསྟོད་སོགས་ཅི་ཡང་མི་བྱ་བར་དང་པོ་དེ་འདྲའམ་རིག་པ་ཙམ་སྟེ་ངོ་འཕྲོད་ན་རྒྱུན་དུ་བསྒོམས་ན་རིག་པ་ཇེ་གསལ་ཇེ་འཐུག་ཏུ་འགྲོའོ། །འདི་ནི་ངོ་བོ་ལམ་བྱེད་ཡིན། རྣམ་པ་ལམ་བྱེད་ཅེས་དྲུག་སྟོང་བཞིའི་དྲངས་པའི་འཆི་སྲིད་ཆོས་སྐུའི་འོད་གསལ་གྱི་རྣམ་པའམ་དོན་སྤྱི་བསྒོམ་པའི་ཚུལ་དེ་ནི་རིག་པ་དངོས་སྒོམ་ཚུལ་དཀྱུས་མའི་རྣལ་མ་ཡིན་པར་གསུངས་པས་བཞག་གོ །ཞེས་བྱ་བྲལ་ཆོས་དབྱིངས་རང་གྲོལ་པས་སོ། །


previousརྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གྲངས་བཤད་པ།next