Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་རིན་པོ་ཆེའི་ཞལ་རྒྱུན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་རིན་པོ་ཆེའི་ཞལ་རྒྱུན།next

བླ་མ་རིན་པོ་ཆེའི་ཞལ་རྒྱུན།

བླ་མ་རིན་པོ་ཆེའི་ཞལ་རྒྱུན་ནི། རང་གི་སྤྱི་བོར་གདན་པདྨ་ཉི་ཟླའི་སྟེང་དུ་བླ་མ་གུ་རུ་རིན་པོ་ཆེ་མཆོག་གསུམ་ཀུན་འདུས། རྩ་གསུམ་ཀུན་འདུས། སྐུ་གསུམ་ཀུན་འདུས་ཀྱི་བདག་ཉིད། མདོར་ན་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ནས་བཟུང་སྟེ། ཉེ་བའི་མཆེད། རིང་བའི་མཆེད། འདྲེས་པའི་མཆེད། རྡོ་རྗེའི་མཆེད་པོ་ཡན་ཆད་ཀྱི་སྐྱབས་གནས་ཀུན་འདུས་པའི་ངོ་བོར་གསལ་བཏབ་ལ། འདི་ནི་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་ནི་རེད། སྐྱབས་སུ་སོང་། སེམས་བསྐྱེད། གདུང་ཤུགས་དྲག་པོས་གསོལ་བ་བཏབ་སྟེ། དད་པ་མེད་ན་ཅི་རེད་ནི་མ་རེད། དོན་དམ་པ་ནི་དད་པ་ཁོ་ནས་རྟོགས་པར་བྱ་བའོ། །དད་པ་མེད་ན་མདོ་ནས་སྔགས་ཀྱི་བར་གྱི་གནད་རྟོགས་ནི་མ་རེད། དད་པ་བཞག །དབང་བཞི་བླངས། འོད་ཞུ་བྱས་ནས་ཐུགས་ཡིད་དབྱེར་མེད་དུ་བསྲེས་ན་དད་པ་དེ་ཉིད་ཀྱི་སྟོབས་ཀྱིས་འོང་སྟེ། འཁྲུལ་བའི་རྟོགས་ཚོགས་ཐམས་ཅད་སེ་ལུང་ལྕགས་ཀྱི་རྒྱ་མདུད་འཐོར་བ་ལྟར། བྱིང་རྨུགས་འཐིབ་གསུམ་པོ་རི་ཆེན་སྨུག་པ་དྭངས་ནི་འདྲ་འདྲ། ཐམས་ཅད་དབྱིངས་སུ་དེངས་ཨུ་མི་འགྲོ། དེའི་མ་ཆོག་རྒྱུ་ཅི་ཡོད། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་དང་དབྱེར་མེད་བསྲེ་རྒྱུ་རེད། སྐལ་བ་ཅན་རེད། ཟབ་གནད་ཅིག་རེད། དེའི་བཟང་ཅི་དགོས། ཐོག་མར་ཀུན་སློང་བཅོས། སྦྱོར་བ་སྐྱབས་འགྲོ་དང་སེམས་བསྐྱེད། དངོས་གཞི་གསོལ་འདེབས་དང་ཐུགས་ཡིད་བསྲེ་བ། རྗེས་ལ་བསྔོ་བ་དང་སྨོན་ལམ། ངལ་བསོ། དེ་ལྟར་ཉིན་རེ་ཐུན་བརྒྱ་དང་དྲུག་ཅུ་རེ་ལྔ་རེ་བཅད་དགོས་པ་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་གི་དགོངས་པ་རེད། ཐུན་བརྒྱ་རེའམ། བརྒྱད་ཅུ་རེ་ཙམ་བཅད། ཡུན་ཐུང་གྲངས་མང་བྱས་ན་དགའ། དེ་མིན་ཡུན་ཐུང་རྒྱུ་ལ་ཅི་དགའ་ད། ཡུན་རིང་པོར་མཉམ་བཞག་གིས་ཉིན་མཚན་འདའ་ནུས་པ་ཡོད་ན་ལོས་དགའ་ད། རིང་སྐྱད་ཡོད་ནི་མ་རེད། ཕ་བོ་ཡུན་རིང་ན་བྱིང་རྨུགས་འཐིབ་གསུམ་གྱིས་རི་ཆེན་སྨུག་པས་གཡོག་ནི་འདྲ་འདྲ་མགོ་རེ་སྒྱེས་བཏུམ་ནི་འདྲ་འདྲ་ཞིག་གི་ངང་ནས་ཐུགས་ཡིད་དབྱེར་མེད་ཀྱི་ས་ནམ་ཤོར་མ་གོ་དུས་ཚར་ནི་རེད། དེ་དུས་བསྔོ་བ་བྱེད་ཡེ་ཅི་ཡོད་མི་བྱེད་ཡེ་ཅི་ཡོད་ཨོ་ཕ་བོ། ཁོ་བོ་དེ་ལྟར་མ་ཡིན་པར་ཡུན་རིང་པོར་མཉམ་བཞག་གི་ས་ཟིན་གི་ཟེར་བ་ནི་གཅིག་ལྷ་མི་དགའ་ན་ཤོག་དང་མཉམ་དུ་བགྲོ་གླེང་བྱེད་ཡ། དེ་མིན་ཡུན་ཐུང་ཐུང་མི་འདུག་ཐུབ་ནི་མ་རེད། བཅད་འགྲོ་ནི་རེད་རྣམ་རྟོག་ཤར་དགོས་ནི་རེད། དཔེར་ན་རྒད་པོ་ཞིག་གིས་བོའུ་ལོ་ཁུར་ནས་འཕྱི་བདའ་ལ་སོང་ན་འཕྱི་བ་ཁུང་སྒོར་འབུད་མ་བཅུག་ན་ཅི་ཞིག་སོད། མ་སོད་ན་ཅི་ཞིག་ཟ། དེ་བཞིན་དུ་རྣམ་རྟོག་ཤར་དགོས་ནི་རེད། རྣམ་རྟོག་འཆར་མ་བཅུག་ན་ཅི་ཞིག་གྲོལ། མ་གྲོལ་ན་ཅི་ཞིག་བསྒོམ། མ་གྲོལ་ན་སངས་རྒྱས་ནི་མ་རེད། ཁྲེགས་ཆོད་ལམ་ཤར་གྲོལ་ཐོད་རྒལ་ལམ་འོད་སྣང་རེད། སྡེ་གཞན་ ཞིག་ཡིན་ན་འདོད་ཆགས་སོགས་དུག་གསུམ་གྱི་རྟོག་པ་ཆེར་ཤར་འཇུག །དབུལ་བོའི་ལག་མཐིལ་དུ་ནོར་བུ་རྙེད་པ་ལྟར་རྒྱབ་རི་བྲག་རི་འདྲ་བ་བླ་མ་དཀོན་མཆོག་གསུམ་ཡོད་ནི་རེད། དེ་ཚེ་བླ་མ་ལ་གསོལ་བ་བཏབ་ནས་མཉམ་པར་བཞག་ན་འདོད་ཆགས་བདེ་སྟོང་དུ་གྲོལ་འགྲོ་ནི་རེད། དེ་ལ་སོགས་རྣམ་རྟོག་ཤར་ཚད་ཐམས་ཅད་ཤར་གྲོལ་དུ་སོང་ན་རྫོགས་ཆེན་ལམ་སྣེ་ཟིན་ཡོང་ནི་རེད་ཨེ་གོ། ཨེ་སྒྲུབ་ཁྱེད་ཚོས་ཤེས། དེང་སང་ལ་ལས་ཉམས་ལེན་བྱེད་མདོག་བྱེད། བཤད་བཅུག་ན་མགོ་ན་སྐྱབས་སེམས་མེད་མཇུག་ན་བསྔོ་བ་མེད་ཐུགས་ཡིད་བསྲེ་མི་དགོས་རྒྱ་རྒན་ཚོང་བ་ཧ་རྡིབ་ནི་འདྲ་འདྲ། སྤྲང་པོ་ཚོས་ངལ་གསོ་ནི་འདྲ་འདྲ་ཧད་དེ་བལྟས་བསྡད་ནི་གི་ཉེ་ལམ་རྫོགས་པ་ཆེན་པོ་ཕར་ཞོག་སངས་རྒྱས་པའི་རྒྱུ་ཙམ་ཡང་ཨེ་ཡིན་མི་གོ། དེ་ལས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ཡང་སྙིང་ཆོས་ཀྱི་རྒྱལ་པོ་ཡི་གེ་དྲུག་མ་བཟླས་བརྗོད་ཡག་པོ་རེ་བྱས་ན་དེའི་དུམ་པ་མི་དགའ་ན། ཨོ་ཕ་བོ་ལ་ལས་རྣམ་རྟོག་འཕྲོ་མི་འཇུག་པར་མིག་རྩ་ཚོ་དམར་ལོང་ལོང་མ་སོང་བར་བཀག །རྣམ་རྟོག་གཅིག་ཤར་ན་བློ་མ་བདེ་ཟིང་ཟིང་སོང་། ཐུན་གྲོལ་ཚེ་རྒྱུད་ཚོ་རྩུབ་ཧྲག་གེ། ཤེས་པ་ཚོ་ཁྲོ་ལང་ངེ་ཡོད་རྒྱུ་དེས་ཅི་ལོ་ནི་མ་རེད། ངའི་ཁ་ལ་ཉན་ན་སྦྱོར་དངོས་རྗེས་གསུམ་ཚང་བའི་ཐུན་གྲངས་མང་རེ་ཆོད་དང་དེ་ཅིག་ཡག་ནི་རེད། མ་ཉན་ན་ས་ཐག་རིང་ཐུང་ཀུན་ནས་འདིར་ང་ལ་ནོག་བཙོ་ནི་ལ་འོང་ནི་ཨི་ཡིན། འདུག་བཅུག །ཁ་དྲོ། བླ་མ་བསྟེན་ནས་བཟུང་སྟེ་ཅི་གསུང་གི་བཀའ་ཅི་བཞིན་དུ་མ་བསྒྲུབ་པས་བཀའ་བཅག་ན་དམྱལ་བ་ལ་འགྲོ་བའི་རྒྱུའི་གཙོ་བོ་ཡིན་པས་སྡིག་པའི་སྟེང་དུ་སྡིག་པ་ཁུར་ནི་ལ་འདིར་ཅི་ལ་འོང་ནི་ཡིན། བེད་ཅང་ཡོད་ནི་མ་རེད། དེ་ལས་རང་ཁྱིམ་གི་བུད་ནས་བཟུང་ཅི་གསུང་གི་བཀའ་ཅི་བཞིན་དུ་སྡོད། སྨྱུང་གནས་རྡོག་རེ་བསྲུང་ཐུབ་ན་རབ། མིན་ཀྱང་མ་ཎི་ཐོན། སྡིག་པ་ལ་འགྱོད་བཤགས་བྱས་ཏེ་སྡོད། ཁ་དྲོ་སྐུ་ཚེ་རིང་། ༀ་བཛྲ་ས་ཏྭ་ཧཱུྃ། བན་རྒན་ཆ་ག་ཁྱེད་རྣམས་ལ་ཁྱད་གསོད་ལྷ་ཡིན་ན། གོ་ན་དྲང་གཏམ་ཡིན། ཤི་ཟས་ཟ་བ་འདི་ནི་བར་དོའི་ཡིད་ལུས་ལ་མངོན་ཤེས་ཕྲན་བུ་ཡོད་པས་ཅི་བསམ་གོ། བསམ་ཉེས་རེ་བྱས་ན་རང་གཞན་གཉིས་ལ་གནོད་འགྲོ་ནི་རེད། དེ་བས་བདེ་སྡུག་གཏོང་ལེན་རེ་བྱས་ན་བཟང་། རང་གི་སྤྱི་བོར་བླ་མ་བསྒོམ་བཞིན་པའི་ངང་ནས་རང་གི་དུས་གསུམ་དུ་བསགས་པའི་དགེ་བ་འོད་དཀར་པོའི་རྣམ་པར་ཐོན། དེ་ཚེ་འདས་སོགས་སེམས་ཅན་ཐམས་ཅད་ཀྱི་སྙིང་གར་ཐིམ། དེ་རྣམས་བདེ་བ་དང་ལྡན་པར་བསམ། ཚེ་འདས་སོགས་དེ་རྣམས་ཀྱི་རྒྱུད་ལ་ཡོད་པའི་སྡིག་སྒྲིབ་ཐམས་ཅད་འོད་ནག་པོའི་རྣམ་པར་བྱུང་ནས། རང་གི་ཐོག་མེད་ནས་ད་བར་ང་མེད་ངར་བཟུང་བ་བདག་མེད་ལ་བདག་ཏུ་འཛིན་པའི་ངར་འཛིན་ཐིག་ལེ་ནག་པོའི་རྣམ་པར་སྙིང་དཀྱིལ་ན་གནས་པ་དེ་ལ་ཕོག་མ་ཐག་ཏུ་གཏོར་ནས་གར་ཡལ་ཆ་མེད་དུ་གྱུར་ཏེ་བླ་མས་གསུངས་པའི་ཉམས་ལེན་གྱི་ངང་དུ་བཞག་ན་མིའི་གདན་ཐོག་ནས་རང་གི་སྒྲིབ་པ་སྦྱོང་ཟེར་བ་དེ་རེད། དེ་ཅིག་ཡག་ནི་རེད། ཅེས་གསུངས་སོ། །དགེའོ། །བཀྲ་ཤིས་པར་གྱུར་ཅིག །


previousབླ་མ་རིན་པོ་ཆེའི་ཞལ་རྒྱུན།next