Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྒྲུབ་བྱ་མཐར་ཐུག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྒྲུབ་བྱ་མཐར་ཐུགnext

བསྒྲུབ་བྱ་མཐར་ཐུག

བསྒྲུབ་བྱ་མཐར་ཐུག་ནི། རང་བྱུང་གདོད་མའི་ཡེ་གཞི་འོད་གསལ་འདུས་མ་བྱས་སྐྱེ་རྒ་གནས་འཇིག་དང་བྲལ་བའི་བདག་ཉིད། རྒྱུ་ལས་མ་བྱུང་བའི་འབྲས་བུ། སེམས་ལས་མ་བྱུང་བའི་སངས་རྒྱས། ལུང་ལས་མ་བྱུང་བའི་མན་ངག རང་བྱུང་གི་ཆོས་གསུམ་དང་ལྡན་པ། རྒྱུ་རྐྱེན་ལས་འདས་པ། སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་དེ་ཉིད་ཀྱི་ཐུགས་གྲུབ། རྩ་དབུ་མ་དེ་ལ་ཕྲ་རགས་གཉིས་ཕྱེ་ནས་ཕྲ་བ་དེ་ཉིད་འོད་ཀྱི་རང་བཞིན་འདུས་མ་བྱས་པ་ལུས་གནས་རང་བྱུང་ལུས་ལས་མ་སྐྱེས་པ་ཡིན་པས་བ་སྤུའི་ཆ་ཐམས་ཅད་འོད་རྩ་དེ་ཡིས་ཁྱབ་ཡོད། དྭངས་མའི་དེ་ཉིད་རྟོགས་ཚེ་སྐུ་གྲུབ། འབད་རྩོལ་ལས་འདས་པ་ཡེ་ཤེས་ཀྱི་རླུང་དེ་ཉིད་འདུས་མ་བྱས་པ་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་བརྗོད་མེད་བརྗོད་པ་ཆེན་པོ་དེ་ཉིད་ཀྱི་གསུང་གྲུབ་པ་ཡིན་གསུངས། དེ་གསུམ་ནི་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་ནོ། །དེ་དག་སྒྲིབ་བྱེད་ནི་གཟུང་འཛིན་གྱི་རྟོག་པས་རིག་སྟོང་གི་ཆ་བསྒྲིབ། སྙིགས་མའི་ཤ་ཁྲག་གིས་འོད་ལུས་བསྒྲིབ། ལས་རླུང་དང་ཉོན་རླུང་གིས་ཡེ་ཤེས་ཀྱི་རླུང་བསྒྲིབ་པ་ཡིན། སྒྲིབ་བྱེད་ཀྱི་ཆ་དེ་གསུམ་དག་པ་ན་གཟེར་བུ་རྣམས་ཐེབས་པ་ཡིན་གསུངས་སོ། །སྒྲིབ་པ་ནི་གློ་བུར་བ་འདུས་བྱས་མི་རྟག་པ་མི་བརྟན་པའོ། །

༈ ཡུལ་གསུམ་གྱད་དུ་གྱུར་བ་ནི། ཡིད་ཀྱི་ཡུལ་དུ་གྱུར་པ། དབང་པོའི་ཡུལ་དུ་གྱུར་པ། ཡུལ་གྱི་ཡུལ་དུ་གྱུར་པ་སྟེ། དང་པོ་ཡིད་ཀྱི་ཡུལ་དུ་གྱད་དུ་གྱུར་པ་ནི། རྒྱལ་བའི་བཀའ་ཚད་མ། བླ་མའི་མན་ངག་ཚད་མ། རང་གི་རིག་པ་ཚད་མ་གསུམ་གྱི་སྒོ་ནས་ཕྱི་སྣོད་གཞལ་ཡས་ཁང་དང་ནང་བཅུད་སེམས་ཅན་རྣམས་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རང་བཞིན་ཡིན་པ་དང་པོ་ངེས་ཤེས་སྐྱེས། བར་དུ་ངེས་ཤེས་བརྟན། ཐ་མར་འཁྲུལ་འཛིན་ལས་ལོག །དེ་ལྟར་ཐག་ཆོད་པ་ཡིད་ཀྱི་ཡུལ་དུ་གྱུར་པ་ཡིན། གཉིས་པ་དབང་པོའི་ཡུལ་དུ་གྱད་དུ་གྱུར་པ་ནི་འདི་ནི་ལྷའོ་སྔགས་སོ་ཆོས་ཉིད་དོ་བསམ་པའི་གཟུང་བའི་ཡུལ་དང་དེ་ལྟར་དུ་ཐག་བཅད་པ་འཛིན་པ་སེམས་དང་། ཡུལ་ཡུལ་ཅན་དུ་འཛིན་པའི་ཤེས་པ་གཞི་དབྱིངས་སུ་དྭངས་ཚེ། ཐ་མ་ངེས་ཤེས་དག་པ་ཡིན་པས་དེ་དུས་ལྷ་གསལ་ཞེ་ན་ཡུལ་ཡུལ་ཅན་དུ་འཛིན་པའི་ཤེས་པ་རང་དྭངས་ལ་སོང་། མ་གསལ་ཞེ་ན་སྒོ་ལྔའི་གདངས་མ་འགགས་པ་རང་ཡན་ཚོགས་དྲུག་དུས་གཅིག་ལ་སོ་སོར་བཀྲ་ལམ་མེར་སྣང་བ་དབང་པོའི་ཡུལ་དུ་གྱུར་པ་ཡིན། དེ་ཉིད་ལ་གདངས་ཐོབ་དགོས་སོ། །གསུམ་པ་ཡུལ་གྱི་ཡུལ་དུ་གྱད་དུ་གྱུར་པ་ནི། དེ་ལྟར་དུ་གོམས་པའི་ཚེ་མཐར་དཔེར་ན་ཚངས་པ་རལ་པ་ཅན་གྱི་གཟིགས་ངོར་ལྟ་བུ་མངོན་སུམ་དུ་སྣོད་བཅུད་ཞིང་དང་གཞལ་ཡས་ཁང་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དུ་སྣང་བ་ནི་ཡུལ་གྱི་ཡུལ་དུ་གྱུར་བའོ། །རྣམ་པར་སྨིན་པའི་རིག་འཛིན་གྱི་སྐབས་སུ། ས་ཆུ་སྤྱན་དང་མ་མཱ་ཀི། །མེ་རླུང་གོས་དཀར་དམ་ཚིག་སྒྲོལ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མར། །ཞེས་པ་ལྟ་བུའོ། །འཕགས་པ་ཀླུ་སྒྲུབ་ཀྱིས། ཤེས་པ་གསུམ་པོ་གཅིག་ཉིད་དུ། །འདྲེས་པར་གྱུར་པ་བདག་སྨྲའོ། །ཞེས་རང་སྣང་དབྱིངས་སུ་དག་པ། དབྱིངས་སྣང་ཆོས་ཉིད་དུ་དག་པ། དབྱིངས་དང་ཡེ་ཤེས་གཉིས་མེད་འདྲེས་པ། འོག་མིན་རང་སྣང་དུ་གྲུབ་པའོ། ༈ །མཐར་ཐུག་གི་ཆོས་ཉིད་བར་དོའི་སྐབས་སུ་ཕྱི་གསལ་གྱི་ཤེས་པ་ནང་དུ་ལྡོག །ནང་གསལ་དཔྱོད་བྱེད་ཀྱི་ཤེས་པ་གཞི་ཐོག་ཏུ་དྭངས་པའམ་ཐིམ་པ་ཞེས་པའོ། །མ་རྨུགས་པ་ཞེས་པ་ནི་ཕྲ་བའི་ཡེ་ཤེས་དེ་ཉིད་རྟོག་མེད་ཀྱི་ཚུལ་དུ་མ་འགགས་པར་ཕྱམ་བརྡལ་དུ་སྣང་བ་ཡིན་གསུངས། གཞི་དེ་ལས་ལྡང་བའི་ཚེ་སྐུ་གསུམ་གྱི་སྟོན་པའི་སྐུར་བཞེངས་པ་ཡིན་གསུངས་སོ། ༈ །དཔེར་ན་རྒྱ་མཚོ་རླབས་དང་བྲལ་བའི་ཆ་རིག་པ་ལྟ་བུ། རླབས་དེ་ཉིད་རླུང་གིས་བསྐྱོད་ནས་བྲལ་བའི་ཆོས་ཅན་དུས་གསུམ་གྱི་རྟོག་པ་ལྟ་བུ་ཡིན། གནད་རྟོགས་པའི་ཚེ་རླབས་ཉིད་རྒྱ་མཚོ་ལས་བྱུང་སླར་ཆུ་ལ་ཐིམ་པས་སྤང་བླང་མེད་པ་ཡིན་ནོ། ༈ །ཡང་དཔེར་ན་རྒྱ་མཚོ་དྭངས་པ་ཁ་གཏིང་མེད་པ་ལྟ་བུ་རིག་པའི་ཆའོ། །དྭངས་བའི་དཀྱིལ་དུ་རྡོ་འཕང་པའི་ཚེ་རིམ་བཞིན་དུ་རི་མོ་རྣམས་སྐད་ཅིག་ཀྱང་ཚུགས་མི་ཐུབ་པར་རང་གྲོལ་དུ་སོང་བ་ལྟ་བུ་དེ་བཞིན་དུ་ཤར་ཆ་རྣམས་རང་གྲོལ་ཡིན་གསུངས་སོ། ༈ །མདོ་པདྨ་དཀར་པོ་ལས། བྱིས་པའི་རྩེད་མོར་དེ་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེའི་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །གང་གིས་རྩིག་ངོས་གཟུགས་ཀྱི་རི་མོ་དག །བསོད་ནམས་རྒྱལ་མཚན་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་སམ་འབྲི་རུ་བཅུག་ཀྱང་རུང་། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །སྐྱེས་བུ་དག་གམ་འོན་ཏེ་གཞོན་ནུའང་རུང་། །གང་དག་ལ་ལ་དེ་ནི་སློབ་པའི་ཚེ། །རྩེད་མོ་དགའ་དང་བསད་པར་བྱེད་པ་ནི། །རྩིག་ངོས་སེན་མོ་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་འགྱུར་ཏེ། །དེ་དག་ཐམས་ཅད་སྙིང་རྗེ་ཅན་དུ་འགྱུར། ༈ །དཀོན་མཆོག་གི་ཟ་མ་ཏོག་ལས། ཇི་ལྟར་དུ་ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་མངོན་པར་བརྩོན་པ་དེ་སྲིད་དུ་མངོན་པའི་ང་རྒྱལ་ལོ་གསུངས། ༈ །ཡེ་གྲོལ་ནི། རིག་སྟོང་ཟུང་འཇུག་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་དེ་ཉིད་བྱ་བས་མ་བྱས་རྩོལ་བས་མ་བསྒྲུབས་པར་རང་བྱུང་གི་ཆོས་གསུམ་དང་ལྡན་པ། རང་བྱུང་གདོད་མའི་ཡེ་གཞི་དེ་ཉིད་ཡེ་གདོད་མ་ནས་གྲོལ་གཞི་རྡུལ་ཙམ་མེད་པ་ཡིན། ཡེ་གྲོལ་ཞེས་པའི་དོན་ཉིད། གང་ཟག་རྣམས་ད་གཟོད་འབད་པས་གྲོལ་བ་མིན་པའི་དོན་ནོ། །ཡེ་ཤེས་ཀྱི་རང་གདངས་ཀྱི་ཕྱིའི་སྣང་ཆ་འགགས་ཀྱང་གསལ་ཆ་མི་འགག་པས་ཡེ་གྲོལ། ཐུགས་རྗེའི་རིག་གདངས་ལས་ཇི་ལྟར་ཤར་ཡང་ཡེ་ཤར་ཡེ་གནས་ཡིན་པས་གནས་བྱ་གནས་བྱེད་བྲལ་བའི་ཡེ་གྲོལ་གྱི་རང་བཞིན་ཡིན། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡང་། དཔེར་ན་བྱ་བརྒྱད་ཁྲི་བཞི་སྟོང་གི་རྐང་པ་ལ་ཚོན་སྣ་མང་པོ་བསྐུས་ནས་བྱ་དེ་དག་རྣམས་བར་སྣང་ལ་འཕུར་ཚེ་ཚོན་རྗེས་མི་དོད་པ་ལྟ་བུ། དེ་བཞིན་དུ་ཡེ་ནས་ཤར་ཆ་རྣམས་ཡེ་གྲོལ་གྱི་རང་བཞིན་ཡིན་པར་ཐག་བཅད་པའོ། ༈ །རང་གྲོལ་ནི། རིག་སྟོང་ཟུང་འཇུག་གི་ཀློང་དེ་ན་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ལས་མ་འདས་པ་ཡིན་པས་ཕྱི་ནང་སྣོད་བཅུད་དང་། དུས་དང་གསང་བ་ཉོན་མོངས་པའི་རྟོག་ཚོགས་ཤར་བ་ཐམས་ཅད་རང་གྲོལ་བའི་ཆོས་ཅན་གཉེན་པོ་བསྟེན་ལོང་མེད་པར་རང་ཚུགས་མི་ཐུབ་པར་རང་གྲོལ་ཡིན་ཏེ། ཀློང་ཆེན་པས། ཤར་བའི་ཚེ་ན་མཉམ་ཤར་རང་ས་ཟིན། །གནས་པའི་ཚེ་ན་མཉམ་གནས་རང་ས་ཟིན། །གྲོལ་བའི་ཚེ་ན་མཉམ་གྲོལ་རང་ས་ཟིན། །ཞེས་གསུངས་སོ། ༈ །རྒྱ་གྲོལ་ནི། རིག་སྟོང་ཟུང་འཇུག་གི་ཀློང་ན་འཁོར་འདས་ཀྱི་ཆོས་རྣམས་སྤང་བླང་མེད་པར་ཐམས་ཅད་མཉམ་ཉིད་ཁྱབ་བརྡལ་དུ་རྟོགས་པ་ལ་རྫོགས་པ་ཆེན་པོར་མ་གྲོལ་བ་མེད་པས་ནས་རྒྱ་གྲོལ་ཞེས་སོ། །དྷ་ཀི་བཛྲ་གྱིས། རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ། །ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །ཞེས་གསུངས་སོ། ༈ །ཅེར་གྲོལ་ནི། རིག་སྟོང་གི་ལྟ་བའི་ངང་དེར་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་ཕྱམ་བརྡལ་དུ་རྟོགས་ཀྱང་། རྗེས་ཐོབ་ཀྱི་སྐབས་སུ་ཡུལ་རྐྱེན་དང་འཕྲད་པའི་དུས་སུ་ཡུལ་སྐད་ཅིག་ལ་ཁོལ་བུར་བཟུང་ཡང་། བླ་མ་དྲན་པ་དང་མིག་གིས་བལྟ་སྟངས་དང་། ལུས་གནད་བསྲིང་བ་ཙམ་ཉིད་ནས་ལྟ་ཐོག་ཏུ་ཕྱིན་པས་ན་ཅེར་གྲོལ་ཡིན་ཏེ། ཐོག་བབས་ཆེན་པོའི་ལྟ་སྟངས་ཀྱིས། །ཅེར་གྱིས་བལྟས་པས་མཐོང་སར་ཡལ། །ཅེས་སོ། ༈ །མཐའ་གྲོལ་ནི། ངོ་བོ་བརྗོད་དུ་མེད་པ་ཀ་དག་ཡེ་སྟོང་སྤྲོས་པ་དང་བྲལ་བས་རྟག་པའི་མཐའ་ལས་གྲོལ། ཡེ་ཤེས་ཀྱི་གདངས་འགགས་པ་མེད་པས་ཆད་པའི་མཐའ་ལས་གྲོལ། ཐུགས་རྗེ་ཟུང་དུ་འཇུག་པས་གཉིས་ཀྱི་མཐའ་ལས་གྲོལ། གཅིག་དང་དུ་མའི་མཐའ་ལས་གྲོལ་བས་ན་མཐའ་གྲོལ་ཡིན་ནོ། ༈ །ཡོངས་གྲོལ་ནི། ལྷག་ལུས་མེད་པར་གྲོལ་བས་ཡོངས་གྲོལ་ཡིན་གསུངས་སོ། །


previousབསྒྲུབ་བྱ་མཐར་ཐུགnext