Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱག་ཆེན་སྙིང་པོའི་ལུགས་སུ་ཁྲིད་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱག་ཆེན་སྙིང་པོའི་ལུགས་སུ་ཁྲིད་ཚུལ། next

ཕྱག་ཆེན་སྙིང་པོའི་ལུགས་སུ་ཁྲིད་ཚུལ།

ཕྱག་ཆེན་དེ་ལ་མདོ་ལུགས་སུ་ཁྲིད་པ། སྔགས་ལུགས་སུ་ཁྲིད་པ། སྙིང་པོའི་ལུགས་སུ་ཁྲིད་པ། ཟུང་འཇུག་དུ་ཁྲིད་ཚུལ་འདི་བརྩིས་ན་བཞི་ཡོད་དོ། །དེ་དག་ལས་མདོ་ལུགས་སུ་ཁྲིད་པ་ནི་ས་བཅུ་ལམ་ལྔ་དང་སྦྱར་ནས་རྣལ་འབྱོར་བཞིའི་ཚུལ་གྱིས་འཇུག་པ་ཡིན། སྔགས་ལུགས་སུ་ཁྲིད་པ་ནི་སྔགས་བླ་མེད་སྤྱིའི་ཚུལ་དང་མཐུན་པར་བསྐྱེད་རྫོགས་ཀྱི་ལམ་ནས་སྟོང་བཞིས་དྲངས་བའི་འོད་གསལ་དང་། དགའ་བཞིས་དྲངས་བའི་ཡེ་ཤེས་ལ་བསླབ་པ་ཡིན། སྙིང་པོའི་ལུགས་སུ་ཁྲིད་པ་ནི་ཁྲེགས་ཆོད་དང་ཕྱོགས་མཐུན་པར་བསླབས་པ། འདིར་ནི་སྙིང་པོའི་ལུགས་སུ་ཁྲིད་པ་ཡིན་ཏེ། གནས་འགྱུ་རིག་གསུམ་ཙམ་ལ་ཉམས་ལེན་བྱེད་ཐུབ་མཐར་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ཡིན་ཀྱང་། དེའི་ཚུལ་མི་ཤེས་པའི་གང་ཟག་གིས་ཁོ་བོས་གནས་འགྱུ་རིག་གསུམ་ཙམ་ལས་ཅང་མི་ཤེས་ཟེར་ནས་རྩིས་མེད་བྱེད་ཀྱང་། གནས་འགྱུ་རིག་གསུམ་གྱི་ལམ་གནད་ཡང་དག་པར་ཟིན་ན་ཕ་རོལ་འཕགས་པའི་ལམ་ལ་སྦྱོར་བར་བྱེད་ནི་རེད། དེ་ལས་ལྷག་པའི་ལམ་ཡང་དག་ཅི་དགོས། མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་གནད་ནི། སྒོམ་པ་པོ་གང་ཟག་གི་རྒྱུད་ན་སེམས་ཀྱི་ཆོས་ཉིད་བདེ་གཤེགས་སྙིང་པོ་ཡོད་པའི་གནད་ཀྱིས་ཡིན། འདི་ལ་མིང་གི་རྣམ་གྲངས་མདོ་ན་ཁམས་བདེ་བར་གཤེགས་པའི་སྙིང་པོ། སྔགས་ལྟར་བླ་མེད་སྤྱི་ན་གཉུག་མའི་སེམས་དང་། སྟོང་བཞིས་དྲངས་པའི་འོད་གསལ་སོགས་དང་། ཕྱག་ཆེན་ན་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། རྫོགས་ཆེན་ན་རང་བྱུང་གི་ཡེ་ཤེས་ཞེས་བསྟན་པའི་དོན་དེ་ཉིད་མན་ངག་ཁྱད་པར་ཅན་གྱི་སྒོ་ནས་སད་པར་བྱེད་པ་ཡིན་ཏེ། འདི་ལྟར་ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ལ་ཐུག་པ་ནི། ཁམས་གསུམ་གྱི་བྱེད་པ་པོ་སེམས་ཡིན་པས། དེ་ཡིན་ཚུལ་ནི། མ་རིག་བདེན་འཛིན་དེས་མ་དྲངས་བའི་ཉོན་མོངས་པ་ཞིག་ཤེས་བྱ་ལ་མི་སྲིད། ཉོན་མོངས་པ་མེད་ན་ལས་བསགས་པ་ཡང་ཤེས་བྱ་ལ་མི་སྲིད། ལས་མ་བསགས་ན་འགྲོ་དྲུག་གི་འཁྲུལ་བའི་སྣང་བ་ཤེས་བྱ་ལ་མི་སྲིད་ནི་རེད། དེས་ན་མ་རིག་བདེན་འཛིན་གྱིས་དྲངས་པའི་དུས་གསུམ་ཡིད་ཀྱི་འཁྲུལ་བ་འདི་ལས་འཁོར་བ་ལོགས་ན་མེད། མ་རིག་བདེན་འཛིན་གྱིས་དྲངས་པའི་དུས་གསུམ་ཡིད་ཀྱི་འཁྲུལ་བ་ཞི་བ་ལས་མྱང་འདས་ལོགས་ན་མེད་ཚུལ་ཤེས་དགོས་གསུངས། མདོར་ན་མ་རིག་བདེན་འཛིན་འདི་སྒྱུ་མ་མཁན་ལྟ་བུ། འཁྲུལ་སྣང་འདི་དག་སྒྱུ་མ་མཁན་གྱིས་སྤྲུལ་པའི་གྲོང་ཁྱེར་ལྟ་བུ་ཡིན་ཚུལ་གསུངས་པའི་དོན། མི་ཕམ་རིན་པོ་ཆེའི་བསྟན་བཅོས་ཁྱི་རྒན་གསེར་སྐྱུགས་དུ་ལུང་དང་རིགས་པ་དུ་མའི་སྒོ་ནས་ཚུལ་དེ་དང་མཐུན་པར་གསུངས། སྒྱུ་མ་མཁན་སོད་ན་སྒྱུ་མའི་གྲོང་ཁྱེར་ལྡོག་པ་བཞིན་དུ། སེམས་ཀྱི་ཆོས་ཉིད་འོད་གསལ་སྟོང་པ་ཆེན་པོའི་དོན་རྟོགས་ནས། མ་རིག་བདེན་འཛིན་འདི་སོད་ན་འཁྲུལ་བའི་སྣང་ཆ་ལྡོག་པ་ཡིན། འཁྲུལ་སྣང་འདི་དག་ཡོད་རིང་ལ་རྒྱུས་འབྲས་བུ་ལ་བྱ་བ་བྱེད་པ་དང་། འབྲས་བུ་རྒྱུ་ལ་ལྟོས་དགོས་པས་ལས་འབྲས་བསླུ་མེད་འདི་འཁྲུལ་སྣང་དབྱིངས་སུ་མ་ལྡོག་བར་དུ་ཡོད་པས། འགྲོ་བ་རིགས་དྲུག་གི་ཆུ་གཅིག་ལ་ལས་སྣང་གིས་མཐོང་ཚུལ་མི་འདྲ་བ་དྲུག་ཏུ་སྣང་བ་འདི་རྒྱུ་མེད་རྐྱེན་མེད་དུ་སྣང་བ་མ་ཡིན་པས། ལས་སྣང་མ་ཟད་བར་དུ་གནས་ཚུལ་ཇི་བཞིན་མི་མཐོང་། ཕྱིན་ཅི་ལོག་གི་ལས་སྣང་འདི་དག་ཐོག་མའི་གཞི་དང་མཐར་ཕྱིན་འབྲས་བུའི་དུས་ན་མེད་པའི་འཁྲུལ་སྣང་འདི་དག་མེད་སྣང་སྟོང་པའི་རང་གཟུགས་སྟོང་གཟུགས་ཉག་གཅིག་ཡིན་པར་ཤེས་དགོས། འབྲས་བུའི་དུས་ན་འཁྲུལ་སྣང་འདི་དག་མེད་ཚུལ་མདོ་སྔགས་གང་ཡིན་ཀྱང་མཐུན་ནོ། །ཐོག་མའི་གཞི་ཞེས་པ་ནི་ལུས་ཅན་རྣམས་འཆི་བའི་ཚེ་སྔ་མའི་རླུང་སེམས་བསྡུས་ཟིན། ཕྱི་མའི་རླུང་སེམས་མ་མཆེད་པའི་འོད་གསལ་ལ་ཟེར། སེམས་ཀྱི་གནད་གསང་ཆོས་ཉིད་འོད་གསལ་བའི་རིག་པ་འདི་རྟོགས་ན་ཆོས་ཐམས་ཅད་ལ་མཁས་ཤིང་བདག་མེད་གཉིས་རྟོགས་ཀྱི་དོན་ཚང་བ་རང་ལུགས་སུ་བཞེད་པའོ།། འདིར་རིགས་དཔྱད་མང་པོ་དོར་ཏེ་ཞེས་ཁ་མཚམས་བཅད་པ་ནི་མན་ངག་སྒོམ་པའི་ལུགས་འདིའི་སེམས་ཀྱི་གནད་གསང་རྟོགས་ཚུལ་བསྟན། སྤྱིར་ཐོས་བསམ་ལྟ་བའི་ལུགས་ཀྱི་ལྟ་བ་གཏན་ལ་འབེབས་ཚུལ་ནི་རིགས་དཔྱད་མང་པོའི་སྒོ་ནས་ཐུན་མོང་ཕྱི་ནང་གི་སྔོན་འགྲོ་ནས་བཟུང་དངོས་གཞིའི་བར་དང་། དངོས་གཞི་ངོ་སྤྲད་ནས་མཉམ་བཞག་དུ་འཇོག་སྒོམ། རྗེས་ཐོབ་ཏུ་དཔྱད་སྒོམ་བྱས་ནས་ཆོས་དང་ཆོས་མིན་གྱི་རྣམ་དབྱེ་འབྱེད་པའི་ཤེས་རབ་ལྷག་མཐོང་དྲངས་པ་ཡིན་པས། འཇོག་སྒོམ་དཔྱད་སྒོམ་གཉིས་བྱ་ཕོ་མོའི་གསོ་རེས་ལྟ་བུ་ཡིན་ཚུལ་གསུངས། གོམས་པ་ཀློང་དུ་གྱུར་དུས་འཇོག་སྒོམ་ཁོ་ནས་ཆོག །བློ་རྩིང་ནས་ཁ་ཕྱིར་མི་བསྐོར་བར་ཁ་ནང་དུ་ཕྱོགས་ནས་སེམས་ཀྱི་གནད་གསང་ལ་བལྟས་པའི་ཚེ་གནས་པའི་ཐབས་ལ་སྤྱིར་དམིགས་པ་རྟེན་བཅས་དང་རྟེན་མེད་གཉིས། མཚན་བཅས་དང་མཚན་མེད་གཉིས་ཡོད་པས་ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཞེས་གསུངས་པས་ན། ཞི་གནས་སྔོན་དུ་འགྲོ་བའི་ཁྲིད་ཚུལ་ཡོད་པར་གསུངས་ཀྱང་། འདིར་ཐོག་མ་ནས་ཞི་ལྷག་ཟུང་འབྲེལ་ཡིན། མདོ་སྔགས་གང་གི་ལུགས་ལའང་ཞི་ལྷག་ཟུང་དུ་མ་འབྲེལ་བའི་ལྟ་བ་རྣམ་དག་ཞིག་མེད། གནས་པའི་ཐབས་གདམས་ངག་ཐམས་ཅད་ཀྱི་རྒྱལ་པོ་ནི་དད་པ་ཁོ་ན་ཡིན། གང་ཟག་ཐུན་མོང་ཡིན་པའི་དད་པ་ཅན་དེས་ནི་བླ་མ་དཀོན་མཆོག་གསུམ་གྱི་ཡོན་ཏན་དང་བཀའ་དྲིན་དྲན་པ་དང་། ཡང་གསང་བླ་མེད་ཀྱི་ཟབ་གནད་ཤེས་པའི་དད་པ་དེའི་སྟོབས་ལས། མ་རིག་བདེན་འཛིན་གྱིས་དྲངས་པའི་དུས་གསུམ་ཡིད་ཀྱི་འཁྲུལ་བ་དང་། ཉམས་ཞེན་གྱི་ཤུན་པ་ཐམས་ཅད་སྤྲིན་ཆེན་ནམ་མཁར་དེངས་པ་ལྟར་དབྱིངས་སུ་དེངས་ནས། རྐྱེན་དབང་དུ་མི་འགྲོ་བར་རྩེ་གཅིག་ཏུ་དགའ་སྤྲོ་དང་བཅས་པས་འཇུག་པ་ནི། དཔེར་ན་པདྨ་ཅན་གྱི་མཚོ་རུ་ངང་པ་ཞུགས་པ་དང་། དྲི་ཞིམ་པདྨོའི་ཚལ་དུ་བུང་བ་རྒྱུ་བ་ལྟར་རོ། །དེ་ལྟར་མིན་པའི་གང་ཟག་གཞན་མ་རྣམས་ཁམས་དང་མཐུན་པར་ཁྲིད་ཚུལ་ཉི་ཤུ་རྩ་གཅིག་བདུན་ལྔ་གསུམ་སོགས་བསྟན། དམིགས་པའི་རྟེན་ལ་རྣམ་རྟོག་འདོན་བྱེད་ཧཱུྃ། གཅོད་བྱེད་ཕཊ༔ བག་ཆགས་བསྲེག་བྱེད་རཾ༔ སོགས་ལ་བསླབ་ཚུལ་བསྟན། གནས་པའི་གོ་སྐབས་གཏན་ནས་མི་རྙེད་པའི་གང་ཟག་རྣམས་ལ། ལྷ་མིན་གཡུལ་འགྱེད་ཀྱི་ཁྲིད་འཇོག་ཚུལ་གསུངས། སློབ་མ་གཡོ་མེད་དྲང་པོ་རྫུན་མི་བཤད་པ་ཞིག་ཡིན་ན། བླ་མ་དེས་ཁམས་ཀྱི་རྣམ་དབྱེ་འབྱེད་ཤེས་ན། ས་ཁམས་པ་དུབ་ཆ་ཆེ་བས་དྭངས་ཆ་འདོན་དགོས། རླུང་ཁམས་པ་འཚུབས་ཆ་དང་འཕྲོ་འཐོར་ཆེ་བས་ལྷོད་ཐབས་བསྟན་དགོས། མེ༵་ཁམས་པ་དེ་རིང་གོ་ན་སང་ཉིན་གླིང་ན་མེད་པས་དེ་ལ་གང་ཡང་ཡིན་མདོག་དང་བརྟན་པའི་ཐབས་དགོས། ཆུ༵་ཁམས་པ་གཏན་ཞེན་ཆེ་བས་ཉམས་སྣང་སྣ་ཚོགས་འཆར་ནའང་། དེ་ལ་ནམ་མཁའ་ལྷས་གང་། བར་སྣང་བདུད་སྲིན་གྱིས་གང་། ས་གཞི་འདྲེས་གང་བའི་ཉམས་སྣང་ཤར་ན་ཡང་སྤང་བླང་མེད་པར་རང་སྣང་ཡིན་ཚུལ་བསྟན་ནས་རིག་ཐོག་ཏུ་སྐོར་དགོས། ནམ༵་མཁའི་ཁམས་ནི་འབད་རྩོལ་དྲག་པོ་བྱས་ཀྱང་འཆིང་ཞེན་མེད་པར་དབྱིངས་སུ་ཞིག་པར་འགྱུར་བས་རང་ལམ་ལ་བཞག་ཆོག །དེས་ན་གནས་པའི་ཚེ་དྭངས་སྙིགས་གཉིས་ཕྱེ་ནས་དྭངས་ཆ་ཐོན་དགོས། དྭངས་ཆ་ལ་གསལ་ཆ་ཐོན་དགོས། མེད་ན་བྱིང་བས་དྭངས་ཆ་སྒྲིབ། རྨུགས་པས་གསལ་ཆ་སྒྲིབ་ནི་རེད། གསལ་ཆ་ལ་ལྷོད་ཆ་ཡོད་དགོས། དྭངས་གསལ་གྱི་དབྱིངས་ལ་ཤར་ཆ་འགག་མེད་ཅིག་ཡོད་དགོས། མེད་ན་གནས་ཆ་ཡོད་ཀྱང་གྲོལ་ཆ་མེད་པའི་བསམ་གཏན་གྱི་ལྷ་དང་འདྲ་བར་གསུངས། དེས་ན་དྭངས་གསལ་གྱི་དབྱིངས་ལ་ཤར་ཆ་འགག་མེད་ཅིག་ཡོད་པ་ནི་ཕྱི་ནང་གང་དུའང་གཏན་ཞེན་གྱི་འཛིན་སྟངས་མེད་པའི་ལམ་རྟགས་ཡང་དག་ཡིན། ལས་དང་པོ་པའི་ཕན་གནོད་མེད་པའི་རྟོག་པ་རྣམས་རྗེས་མཐུད་མེད་པར་གྲོལ་ན་ལྷག་མཐོང་ཙམ་པོ་ཞིག་ཡིན། ལྷག་མཐོང་ཐམས་ཅད་ཀྱི་རྒྱལ་པོ་ནི་འོད་གསལ་བའི་རིག་པ་ལ་ཟེར། དྲན་ཤེས་ཀྱིས་རྩིས་ཟིན་པའི་ཤར་ཆ་རྣམས་རྗེས་མཐུད་མེད་པར་གྲོལ་བ་འདི་ལ་འཁྲུལ་པ་གཏན་ནས་མི་ཟེར། འཁྲུལ་བ་ཞེས་པ་ནི་ཉམས་ལེན་བརྗེད་རྗེས་འབྱམས་སུ་ཤོར་བས་ཉོན་མོངས་རང་རྒྱུད་པ་དེ་ལ་འཁྲུལ་པ་ཟེར་བ་ཡིན། དེས་ན་འགྱུ་ཆ་ལ་གྲོལ་ཆ་ཡོད་དགོས། དེ་ལྟར་གནས་འགྱུ་གཉིས་རེས་མོས་ཚུལ་དུ་ཤེས་པ་དེ་ལ་ཕྱག་ཆེན་པས་རིག་པར་བཏགས་ཀྱང་། སེམས་རིག་ལ་ཤན་འབྱེད་པའི་གཞིའི་རིག་པ་དངོས་མིན། བློ་རིག་ཤེས་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་རྫོགས་ཆེན་པས་འདི་ལ་དྲན་ཤེས་ཟེར། སྤྱིར་ཀུན་རྟོག་ཐམས་ཅད་ལ་གཞིའི་དབྱིངས་དང་རིག་པའི་ཁྱབ་ཆ་ཡོད་པས་རྩལ་གྱི་རིག་པ་དངོས་ཡིན། དེ་ལྟར་སྣོད་བཅུད་འདི་དག་དབྱིངས་དང་རིག་པས་ཁྱབ་ཚུལ་ཤེས་ནས་རྦ་རླབས་རྒྱ་མཚོར་བསྐོར་བའི་མན་ངག་ཐུགས་རྗེ་ཀུན་ཁྱབ་ཀྱི་རིག་པའི་དོན་ཕྱོགས་ཙམ་ཤེས་པ་ཡིན། དེ་ཡང་བྱིང་རྨུགས་སེལ་ཐབས། རྒོད་ན་ལྷོད་ཐབས། ཁམས་གསུམ་དང་སྐུ་གསུམ་གྱི་རྣམ་དབྱེ་སོགས་ཡིན་མིན་གྱི་སྟངས་ལེགས་པར་ཕྱེ་ནས་རྒྱུན་ཏུ་བསྐྱངས་ན་དགའ་སྡུག་གི་སྣང་བ་སྣ་ཚོགས་སུ་ཤར་བ་དེ་ཉིད་རང་སེམས་ལས་ཤར་ཞིང་དེ་ཉིད་དུ་ཐིམ་པའི་གནད་ཤེས། དགའ་སྡུག་གི་སྣང་བ་ནི་ཕྱི་ནང་གང་དུའང་རང་མཚན་དུ་གྲུབ་པ་རྡུལ་ཙམ་མེད་ཀྱང་། ཡུལ་རྐྱེན་གྱིས་བསླངས་བའི་སེམས་ཀྱི་ཉེར་ལེན་ལས་སྐྱེ་བ་ཡིན་ཏེ། སངས་རྒྱས་ཀྱིས་འདུལ་བ་ལུང་ལས། སྐྱེ་བོ་མཛའ་བོ་མཐོང་ན༴ སོགས་གསུངས་སོ། །དེས་ན་དགའ་སྡུག་གི་སྣང་བ་འདི་དག་ཐམས་ཅད་འོད་གསལ་གྱི་དབྱིངས་ལས་ཤར་བའི་སྟོང་གཟུགས་ཉག་གཅིག་ཡིན་པར་ཤེས་དགོས། དེ་ཉིད་དུ་ཐིམ་ཚུལ་དུས་འཁོར་ལུང་དྲངས། ཐིམ་ཞེས་པ་ནི་ས་རྡོ་སོགས་བེམ་པོ་འདི་དག་སེམས་ལ་ཐིམ་པ་ལྟ་བུ་མིན་ཏེ། བཟང་ངན་བར་མའི་རྟོག་པ་རྣམས་དབྱིངས་ལས་ཤར་ཞིང་དབྱིངས་སུ་རང་དེངས་ལ་འགྲོ་བའམ་གྲོལ་བའི་ཚུལ་ཡིན། སྣང་བ་ཐམས་ཅད་སེམས་ཀྱི་རང་སྣང་དུ་ངོ་འཕྲོད་ཅེས་པ་ནི་ཕར་ཕྱིན་ཐེག་པ་དང་། སྔགས་བླ་མེད་གཉིས་ཀའི་སྣང་སེམས་གཉིས་གཅིག་ཡིན་པར་འདོད། ཡུལ་སྣང་བ་ལ་དབྱིབས་དང་ཁ་དོག་ཡོད་པའི་ཕྱིར་དང་ཡུལ་ཅན་སེམས་ལ་མེད་པའི་ཕྱིར་དེ་གཉིས་ཚུལ་མི་མཚུངས་སོ། །གནས་སམ་འགྱུ་བའི་ཚེ་ཞེས་པ་ནི་གནས་པའི་སྟེང་དུ་ཡུལ་ཅན་ཡིད་ཤེས་ཀྱི་ངོར་ཡུལ་སྟོང་པ། བདེ་བ་གསལ་བ། དྭངས་དུབ་མ་ཕྱེ་བའི་ཧང་ཧང་བ་དང་བཞི་ཡོད། འགྱུ་བ་ལ་མང་དུ་ཡོད་ཀྱང་། བཟང་ངན་བར་མའི་རྟོག་པ་གསུམ་ལ་འདུ་བས། གོང་དུ་སྐྱོན་ཡོན་བཤད་པ་ལྟར་ཡིན་མིན་གྱི་སྟངས་ལེགས་པར་ཕྱེ་ནས་འཆར་གཞི་འོད་གསལ་བའི་རིག་པའི་རྒྱུན་ཡང་ནས་ཡང་དུ་བསྐྱང་བའི་ཚེ། ཆོས་ཐམས་ཅད་འོད་གསལ་སྟོང་པའི་རང་བཞིན་དུ་རྟོགས། སྟོང་པ་དེ་ཡང་ནམ་མཁའ་ལྟ་བུའི་ཆད་སྟོང་ཞིག་མིན། ནམ་མཁའ་ཞེས་པ་ནི་སྟེང་གི་རྒྱན་དེ་ལ་མི་ཟེར་ཏེ། བར་སྣང་སྟོང་པ་བེམ་ཤེས་གཉིས་ཀྱི་ཆས་སྟོང་པ་དེ་ལ་ཟེར། འོད་གསལ་སྟོང་པ་ཆེན་པོ་འདི་ནི་ཀུན་ཤེས་ཀུན་རིག་གི་བདག་ཉིད་ཅན། ཀུན་ཤེས་ཀུན་རིག་དམ་པ་པོ། །ཞེས་པ་ལྟར་དང་། དུས་འཁོར་ན་སྟོང་ཉིད་བླུན་པ་མིན་པ་གསུངས་པ་ལྟར། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྐུ་དང་ཡེ་ཤེས་ཀྱིས་བརྒྱན་པའི་བདག་ཉིད། ཕྱག་ཆེན་ན་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། རྫོགས་ཆེན་ན། གདོད་མའི་སྟོང་ཆེན་གྱི་དབྱིངས་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་ཟེར་བ་ཡིན། རྫོགས་ཆེན་གྱི་གཞི་བཤད་པའི་སྐབས་སུ། གཞི་བདུན་སྐྱོན་ཅན་བཤད་པ་ནི། ལོང་བ་བདུན་གྱིས་གླང་པོའི་སྐྱེ་མཆེད་བཤད་པ་ལྟར། འོད་གསལ་གྱི་གཞིའི་ཕྱོགས་རེར་བཟུང་བའི་ཆ་ནས་བཤད་པ་ཡིན། སྐྱོན་མེད་རང་གཞུང་གི་གཞི་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་འདི་ནི། ངོ་བོ་སྟོང་པ་ལ་ཡེ་ཤེས་ཀྱི་སྙིང་པོ་ཅན། རང་བཞིན་གསལ་བ་ལ་འོད་ཀྱི་སྙིང་པོ་ཅན། ཐུགས་རྗེ་ཀུན་ཁྱབ་ལ་རིག་པའི་སྙིང་པོ་ཅན་དེ་ཉིད་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་ལ་དབྱིངས་རིག་འདུ་འབྲལ་མེད་པར་ཁྱབ་པ་ཡིན་ཀྱང་། རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་རྣམ་ཤེས་སེམས་ཀྱི་རྒྱས་གཅིག་སྒྲིབ། ཉམས་བདེ་གསལ་མི་རྟོག་གསུམ་གྱི་ཞེན་པས་གཅིག་སྒྲིབ། ཀུན་གཞི་མ་རིག་ལུང་མ་བསྟན་གྱི་ཆས་གཅིག་སྒྲིབ། དེ་གསུམ་གྱིས་སྒྲིབ་ཚུལ་ནི། རལ་གྲི་ཤུབས་དང་། ནོར་བུ་འདམ་དང་། མེ་ལོང་སྒྲོམ་ལྟར་སྒྲིབ་པས་བསྒྲིབས་ཀྱང་རང་བཞིན་རྣམ་དག་གི་ཚུལ་དུ་གནས་སྐབས་ཀུན་ཏུ་འཕོ་འགྱུར་མེད་པ་ཡིན། རྒྱུད་ལུང་མན་ངག་གསུམ་གྱིས་སྣོད་བཅུད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་འདོད་ཚུལ་འདྲ་ཡང་། མ་ཧཱས་སྣོད་བཅུད་རྣམས་སྒྱུ་དང་འཕྲུལ་གྱི་ཚུལ་དུ་འདོད། ཨ་ནུས་རྩལ། ཨ་ཏིས་རིག་པ་ཉིད་རང་སྣང་བར་འདོད། དང་པོ་འཆར་གཞི་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པའི་སྟེང་དུ་སེམས་རིག་ལ་ཤན་ལེགས་པར་ཕྱེས་ནས་ཡང་ནས་ཡང་དུ་གོམས་ཤིང་འདྲིས་པར་བྱས་པའི་སྙིང་དབུས་སུ་འོད་གསལ་གྱི་རིག་པ་སད་པའི་སྟོབས་ཀྱིས་རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་འོད་གསལ་ཉག་གཅིག་གི་རྣམ་ལྡན་དུ་འཆར་བ་ནི། དཔེར་ན་ཉི་མའི་དཀྱིལ་འཁོར་ཤར་བའི་ཚེ་ཟེར་ཐམས་ཅད་དྲོད་ཀྱིས་ཁྱབ་པ་ལྟར། དྲོད་དང་ཟེར་རྣམས་ཉི་མའི་སྙིང་པོ་འོད་གསལ་བ་ལ་ལྟོས་ཀྱང་། ཉི་མའི་སྙིང་པོ་འོད་གསལ་བ་ནི་དྲོད་དང་ཟེར་ལ་ལྟོས་མི་དགོས་པ་ལྟར། འཆར་ཆོས་ཐམས་ཅད་འཆར་གཞི་འོད་གསལ་དབྱིངས་རིག་ལ་ལྟོས་ཀྱང་། འཆར་གཞི་དབྱིངས་རིག་དེ་ཉིད་འཆར་ཆོས་ལ་ལྟོས་མི་དགོས་པར་གནས་སྐབས་ཀུན་ཏུ་འཕོ་འགྱུར་མེད་ཚུལ་ཤེས་དགོས། ངོ་བོ་སྟོང་པ་ལ་ཡེ་ཤེས་ཀྱི་སྙིང་པོ་ཅན་གྱི་སྟེང་ནས་ཆོས་སྐུ་ལམ་བྱེད། རང་བཞིན་གསལ་བ་ལ་འོད་ཀྱི་སྙིང་པོ་ཅན་གཟུགས་སྐུ་ལམ་བྱེད། རང་གདངས་འོད་གསལ་ནི་དུས་འཁོར་གྱི་ལུགས་ལ་སྟོང་གཟུགས་དང་། རྫོགས་ཆེན་གྱི་ལུགས་ལ་ཐོད་རྒལ་གཉིས་གང་ལས་འཆར་ན། ཤ་ལས་འཆར་བ་མིན། ཁྲག་ལས་འཆར་བ་མིན། རུས་པ་ལས་འཆར་བ་མིན་ཏེ། འོད་ཀྱི་སྙིང་པོ་དེ་ལས་འཆར་བ་ཡིན། དེའི་ཚེ་ན་མ་དག་པའི་ཆོས་ཞིག་གཏན་ནས་ཕྱེ་རྒྱུ་མེད། དོན་ལ་དག་པ་ཡིན་པ་དང་། བསྒོམས་སྟོབས་ཀྱིས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉག་གཅིག་ཏུ་སད་པ་ན། སེམས་རྟོག་སྐྱོན་གྱི་ཆ་རྣམས་བསལ་རྒྱུ་དང་། རིག་པ་ཡེ་ཤེས་ཀྱི་ཆ་ཡོན་ཏན་གྱི་ཕྱོགས་བཞག་རྒྱུ་མེད་པར་རྟོགས་པ་ནི་གནད་དམ་པ་ཡིན་ནོ། །དེ་ལྟར་རིག་པ་ཚད་ཕེབས་ཀྱི་སྐབས་འོད་གསལ་འབའ་ཞིག་ཏུ་རྟོགས་པ་ནི། ཤ་ཁམས་དང་ས་ཁམས་འོད་སེར་པོའི་རྣམ་པར་སྣང་འོད་གསལ་གྱི་རང་བཞིན་དུ་སྣང་བའི་མཐར། རིན་ཆེན་འབྱུང་ལྡན་སྟོན་འཁོར་དང་བཅས་པའི་སྐུར་བཞེངས། དེ་བཞིན་དུ་འབྱུང་ཆེན་ལྔ་དང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་འོད་གསལ་གྱི་རང་བཞིན་དུ་སྣང་བའི་མཐར་རྒྱལ་བ་རིགས་ལྔ་ཞིང་སྐུ་ཕོ་བྲང་གི་རྣམ་པར་ཤར་བ་ཡིན་ནོ། །ཆོས་སྐུའི་སྟེང་ན་ཡེ་ཤེས་གསུམ། ལོངས་སྐུའི་སྟེང་ན་ཡེ་ཤེས་ལྔ། སྤྲུལ་སྐུའི་སྟེང་ན་ཡེ་ཤེས་གཉིས། དེ་ལས་ལྡོག་ཆས་ད བྱེ་ན་ཡེ་ཤེས་ཉེར་ལྔ་དང་། དྲུག་ཅུ་རེ་ལྔ་རེ་དབྱེ་ཚུལ་ཡོད། སྐུ་གསུམ་དབྱེར་མེད་ལ་ལྡོག་ཆས་དབྱེ་བ་ནི་རལ་གྲི་རྣོ་ངར་མཉེན་གསུམ་ལྟར་རོ། །སྒོམ་བྱེད་ཡུལ་ཅན་ཡིད་ཀྱི་ཤེས་པ་ཡིན་ཡང་། སྡུག་མི་དགོས་ཏེ་ཡུལ་ཡུལ་ཅན་གཉིས་༼ ཀྱི་རྣམ་པ་༽སུ་མེད་ཚུལ་ནི། དཔེར་ན་མདོ་ཡི་ཆོས་ཐམས་ཅད་སྟོང་ཉིད་གཅིག་གི་རང་བཞིན་ཏུ་གཏན་ལ་ཕབ་ནས་ཡུལ་ཅན་ཡིད་ཀྱི་ཤེས་པས་ཡུལ་སྟོང་ཉིད་དོན་སྤྱིའི་ཚུལ་ལ་མཉམ་པར་བཞག་པའི་ཚེ། ཡིད་ཤེས་དེ་སྟོང་ཉིད་གཅིག་གི་རྣམ་ལྡན་དུ་འཆར་བ་དང་། ཡུལ་ཅན་ཡིད་ཀྱི་ཤེས་པའི་ཡུལ་འོད་གསལ་གྱི་རིག་པ་ལ་མཉམ་པར་བཞག་པའི་ཚེ། འོད་གསལ་གྱི་རིག་པ་ཤར་བའི་སྟོབས་ཤུགས་ཀྱིས་ཡུལ་ཅན་ཡིད་ཀྱི་ཤེས་པའང་འོད་གསལ་གྱི་རྣམ་ལྡན་དུ་འཆར་བས་ཡུལ་ཡུལ་ཅན་ཐ་དད་པའི་ཚུལ་དུ་ཡོད་པ་མ་ཡིན་པའི་ཚུལ་ཤེས་དགོས་སོ། །དེ་ལྟར་ཡང་ནས་ཡང་དུ་གོམས་ཤིང་འདྲིས་པར་བྱས་ནས་བརྟན་པ་ཐོབ་རིམ་གྱིས་འཁྲུལ་བའི་སྣང་བ་ཇེ་དག་དང་། དག་པའི་སྣང་བ་ཇེ་ཆེར་འགྲོ་བ་ནི་ལམ་རྟགས་ཡིན་པར་གསུངས་སོ། ༈ །ཤེས་བྱ་ཡུལ་དང་ཤེས་བྱེད་བློ། །གཉིས་སུ་མེད་པའི་ཡེ་ཤེས་ནི། །མཉམ་པ་ཉིད་དུ་ཤར་བའི་ཚེ། །ཡེང་ཡུལ་ཆོས་ཉིད་སངས་པ་ཞེས། དཔལ་མགོན་བླ་མའི་ཞལ་རྒྱུན་ཡིན། །


previousཕྱག་ཆེན་སྙིང་པོའི་ལུགས་སུ་ཁྲིད་ཚུལ། next