Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱིང་རྒོད་རྨུགས་གསུམ་སོགས་བཤད་པའི་སྐོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱིང་རྒོད་རྨུགས་གསུམ་སོགས་བཤད་པའི་སྐོར། next

བྱིང་རྒོད་རྨུགས་གསུམ་སོགས་བཤད་པའི་སྐོར།

བྱིང་ནི་རིག་པའི་གསལ་ངར་གྱི་ཆ་ལྷོད་པ་དང་། རྒོད་པ་ནི་འདོད་པའི་ཕྱོགས་སུ་གཏོགས་པའི་འཕྲོ་བའི་ཆའོ། །རྨུགས་པ་ནི་སེམས་ལ་མུན་པ་བབས་པའི་རྣམ་པ་ཅན་ནོ། ༈ །འོད་གསལ་ཞེས་པ་ནི། མེད་དགག་སྟོང་རྐྱང་མིན་ཏེ། དབྱིངས་སྤྲོས་བྲལ་ལ་རིག་གདངས་ཀྱི་ཆ་ཡོད་པའོ། །གཞི་ལས་གཞི་སྣང་འཆར་ཚུལ་དང་། དེ་ལས་འཁྲུལ་གྲོལ་འབྱུང་ཚུལ་འཁྲུལ་བ་གཞི་ལ་ལྡོག་ནས་སླར་འཁྲུལ་མི་སྲིད་པའི་ཚུལ་ཤེས་པར་བྱའོ། ༈ །འཁོར་ལོ་བར་བའི་བསྟན་དོན་ཆོས་ཐམས་ཅད་དབྱིངས་སྤྲོས་པ་དང་བྲལ་བའི་སྟོང་པ་ཆེན་པོ་དང་། འཁོར་ལོ་ཐ་མའི་བསྟན་དོན་སྐུ་དང་ཡེ་ཤེས་བསྟན་པ་དེ་གཉིས། དབྱེར་མེད་ཟུང་འཇུག་ཆེན་པོར་ཀུན་མཁྱེན་ཀློང་ཆེན་དང་། འཇམ་མགོན་མི་ཕམ་རྣམ་རྒྱལ་སོགས་ཀྱིས་བཞེད་པ་ཡིན་ལ་གསང་སྔགས་ཐུན་མོང་མ་ཡིན་པའི་རྒྱུད་སྡེ་རྣམས་སུ། གདོད་མའི་ཡེ་གཞི་འམ་ཆོས་སྐུ་གཞི་གནས་ཀྱི་རིག་པ་ཞེས་གསུངས། འོད་གསལ་རྫོགས་པ་ཆེན་པོའི་སྐབས་སུ་གཞི་བཅིང་གྲོལ་མེད། གནས་ལུགས་ཆོས་ཟད་ཀ་དག་གི་དགོངས་པ་ངོ་འཕྲོད། ལྷུན་གྲུབ་རང་གདངས་འགག་པ་མེད་པས་འཁོར་འདས་ཀྱི་འཆར་གཞི་མ་འགགས་པར་ངོ་ཤེས། ཐུགས་རྗེའི་རོལ་པ་ཡུལ་ཐོག་ཏུ་ཤར་ནས་བག་ཆགས་གསོག་ལོང་མེད་པར་དྲན་རྟོག་རྗེས་མེད་དུ་གྲོལ་བས་ཡིད་ཆེས། དེ་གསུམ་གདོད་ནས་དབྱེར་མེད་དུ་བཞུགས་པ་ལ་སྐུ་གསུམ་དབྱེར་མེད་ཀྱི་རིག་པའམ་རིག་སྟོང་ཟུང་འཇུག་ཅེས་སྔ་འགྱུར་རིག་འཛིན་བརྒྱུད་པ་རྣམས་ཀྱིས་བཞེད་པ་ཡིན་ནོ། །དེ་རྣམས་གཡུ་ཁོག་བྱ་བྲལ་གསུང་ཡིན། །


previousབྱིང་རྒོད་རྨུགས་གསུམ་སོགས་བཤད་པའི་སྐོར། next