Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེམས་རིག་ལ་ཤན་ཕྱེས་ཏེ་ཉམས་སུ་ལེན་ཚུལ་སོགས་ཀྱི་སྐོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེམས་རིག་ལ་ཤན་ཕྱེས་ཏེ་ཉམས་སུ་ལེན་ཚུལ་སོགས་ཀྱི་སྐོར། next

སེམས་རིག་ལ་ཤན་ཕྱེས་ཏེ་ཉམས་སུ་ལེན་ཚུལ་སོགས་ཀྱི་སྐོར།

དང་པོ་སེམས་རིག་གི་ལ་ཤན་ཕྱེས་ནས་རིག་ཐོག་ཏུ་མཉམ་པར་བཞག །བར་དུ་རྩལ་སྦྱོང་སོགས་ཀྱིས་སེམས་རྟོག་གང་ཤར་རིག་པའི་ཀློང་དུ་གྲོལ་བ་ལ་བསླབ། མཐར་སེམས་སེམས་བྱུང་མཐའ་དག་རིག་པའི་རྣམ་ལྡན་དུ་འཆར་གསུངས། ༈ གང་ཟག་ལས་དང་པོ་པའི་དུས་སུ་རྣམ་པར་ཤེས་པའི་ཚོགས་བརྒྱད་པོའི་གསེབ་ནས་འོད་གསལ་གྱི་རིག་པ་དེ་ཤ་ནང་གི་རྨེན་བསལ་བསལ། ས་ནང་ནས་གསེར་བཙག་བཙག་བྱས་ཏེ་ངོས་ཟིན་དགོས། དེ་དགོས་པའི་རྒྱུ་མཚན་གང་ཞེ་ན། གང་ཟག་གཅིག་གི་རྒྱུད་ལ་དུས་མཉམ་དུ་རྣམ་ཤེས་ཚོགས་བརྒྱད་འོད་གསལ་དང་དགུ་པོ་ཤར་ཡོད་དེ། འོད་གསལ་ནི་སེམས་ཅན་ཐམས་ཅད་ཀྱི་ཤེས་རྒྱུད་ལ་རྗེན་པར་ཤར་ཡོད་ཀྱང་ངོས་མི་ཟིན་པ་རེད། སེམས་ཀྱི་ཆ་རྣམས་འགག་པའི་སྐབས་རེ་ཡོད་ཀྱང་། དེ་ནི་འདི་ལྟར་གཉིད་དང་བརྒྱལ་བ་ལ་སོགས་པས་མི་ཟིན། མདོ་རང་ལམ་གྱི་བྱང་ཆུབ་སེམས་དཔའ་དབང་པོ་རབ་འབྲིང་ཐ་གསུམ་ལས། བྱང་སེམས་དབང་རབ་ཀྱིས་ཀྱང་བསྐལ་ཆེན་གྲངས་མེད་གཅིག་གི་ཚོགས་བསགས་དང་འབྲེལ་བར་ཡུལ་ཅན་རྣམ་ཤེས་ཀྱི་ཡུལ་སྟོང་ཉིད་དོན་སྤྱི་ཙམ་སྒོམ་པའི་མཐར། ས་དང་པོ་འཕགས་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་དུས་སུ་ཡུལ་ཅན་དང་ཡུལ་ཐ་དད་མེད་པའི་ཚུལ་དུ་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཡིན་ཏེ། ཇི་སྐད་དུ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །ཅེས་པས་ཡུལ་སྟོང་ཉིད་བསྟན། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་པས་ཡུལ་ཅན་ཡེ་ཤེས་བསྟན་ཏེ། དེ་ལྟར་འཕགས་པའི་མཉམ་བཞག་གི་རང་དུས་དེར་ཚོགས་བརྒྱད་འགགས་ནས་ཡེ་ཤེས་རྗེན་པར་འཆར། དེ་དུས་ཀྱང་རྗེས་ཐོབ་དུ་ནི་དག་པ་ས་གསུམ་ལ་མ་སླེབས་བར་ཏུ་ཀུན་གཞི་དང་སྒོ་ལྔའི་ཤེས་པ་སོགས་མི་འགག །སྔགས་བླ་མེད་ཀྱིས་མཚན་བཅས་རྫོགས་རིམ་བསྒོམ་ཚེ་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་པས་ཡིད་ཤེས་ཀྱི་ངོར་དཔེའི་ཡེ་ཤེས་ཤར་ཚེ་ཤེས་པ་གཞན་འགགས་ཀྱང་ཡིད་ཤེས་ཙམ་མམ་ཀུན་གཞིའི་རྣམ་ཤེས་ཀྱང་མི་འགག་པའི་སྐབས་ཡོད། ཕྱག་ཆེན་མདོ་ལུགས་ཀྱི་སྐབས་ས་བཅུ་སོགས་ཀྱི་རིམ་པས་སྤང་བྱ་སེམས་ཀྱི་དྲི་མ་ཅི་རིགས་དག་རིམ་གྱིས་ཡེ་ཤེས་མཐོང་ཚུལ་གསུངས། ཕྱག༵་ཆེ༵ན་སྔ༵གས་ལུ༵གས་གོང་གི་སྔགས་ལམ་ལྟར། ཕྱག་ཆེན་སྙིང་པོའི་ལུགས་དང་རྫོགས་ཆེན་གྱི་སྐབས་སུ་སེམས་རྣམ་པར་ཤེས་པའི་ཚོགས་བརྒྱད་པོ་དེ་དང་མ་ནོར་བར་འཆར་གཞི་འོད་གསལ་གྱི་རིག་པ་རྗེན་པ་དེ་ངོ་ཤེས་དགོས། དེ་ལྟར་ངོ་ཤེས་པ་ལ་ཕྱག་ཆེན་པས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཟེར། རྫོགས་ཆེན་པས་འོད་གསལ་གྱི་རིག་པ་ཟེར་ཏེ་དོན་གཅིག་མིང་གི་རྣམ་གྲངས་སོ། ༈ །མདོར་ན་རང་གི་ཤེས་རྒྱུད་འདིའི་སྟེང་ནས་འཁོར་འདས་གཉིས་ཀའི་གཞི་འཇོག་སྟེ། བདེ་ཉམས་ཀྱིས་འདོད་ལྷ་རིགས་དྲུག་གི་ཐོག་མ། གསལ་ཉམས་ཀྱིས་གཟུགས་ཁམས། སྟོང་ཉམས་དང་མི་རྟོག་པའི་ཉམས་ཀྱིས་གཟུགས་མེད་སྐྱེ་མཆེད་མུ་བཞིར་འཕེན། བྱིང་རྨུགས་བསགས་པས་རི་བོང་དང་འཕྱི་བ་སོགས་སུ་སྐྱེ། ཆགས་སྡང་རྨོངས་གསུམ་གྱིས་ངན་སོང་གསུམ། དགེ་བ་ཡང་བྱང་ཆུབ་སེམས་ཀྱིས་མ་ཟིན། དངོས་གཞི་ལྟ་བས་མ་ཟིན། རྗེས་བསྔོ་བས་མ་ཟིན་པའི་སྦྱིན་སོགས་ཀྱི་དགེ་རྩ་དེ་ལོག་ལྟས་མ་བཅོམ། ཁོང་ཁྲོས་མ་བསྲེག །མ་བསྔོས་པ་དང་ལོག་པར་བསྔོས་པ་སོགས་དགེ་རྩ་འཛད་པའི་རྒྱུ་བཞིས་མ་བཤིག་པར་ཡོད་ན་དེ་དག་གི་འབྲས་བུ་སྦྱིན་པས་ལོངས་སྤྱོད་དང་། ཁྲིམས་གྱིས་བདེ་འགྲོ། བཟོད་པས་གཟུགས་བཟང་བ་སོགས་འབྱུང་བ་སྟེ། དེ་དག་ནི་ཀུན་ཉོན་འཁོར་ཕྱོགས་ཀྱི་རྒྱུ་ཡིན་ལ། རིག་ངོ་སད་དེ་གཟུགས་ཁམས་དང་གཟུགས་མེད་དུ་སྐྱེ་བའི་རྒྱུ་ཉམས་ཞེན་གྱི་ཤུན་པ་འཐོར། འདོད་ཁམས་སུ་སྐྱེ་བའི་རྒྱུ་དུས་གསུམ་གྱི་འཁྲུལ་རྟོག་དག་ནས་རིག་པ་རྐྱང་འདེད་དང་། ཡེ་ཤེས་རྗེན་འདེད་བྱས། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ། འཁོར་བར་ཞེན་ལོག་གི་ངེས་འབྱུང་། གཞན་ཕན་དོན་གཉེར་གྱི་བྱང་སེམས། སྣང་སྲིད་རྣམ་དག་གི་དག་སྣང་སོགས་རང་ཤུགས་ཀྱིས་འཆར་ནས་རྣམ་བྱང་མྱང་འདས་ཀྱི་རྒྱུ་འཇོག་པར་མཁས་པའི་བསྟན་བཅོས་དང་། རྟོགས་ལྡན་གྱི་མྱོང་ཁྲིད་ཐམས་ཅད་མཐུན་ནོ། ༈ །རིག་པ་ནི་ཡུལ་ལ་གཏད་པ་མེད་པས། འཆར་གཞི་འོད་གསལ་ཤར་བ་དེས་ཤར་ཆོས་རྟོག་པ་གཞན་འཆར་བའི་གོ་མི་བཀག་པ་ནི། ཉི་མ་ཤར་བས་འོད་མི་འགག་པ་བཞིན། རྣམ་ཤེས་ཚོགས་བརྒྱད་ལ་ཡུལ་ཡུལ་ཅན་གཉིས་རེ་ཡོད་པས་ཡུལ་ཅན་ཡིད་ཤེས་ལྟ་བུས་ཡུལ་བཟང་ངན་བར་མ་གང་རུང་ཞིག་བཟུང་བ་ན་རྟོག་པ་གཞན་འཆར་བའི་གོ་སྐབས་འཕྲོག་པ་སྟེ། དེས་ན་རིག་པ་སེམས་ཀྱི་ངང་ལས་མི་འཆར་ལ། སེམས་རིག་པའི་ངང་ནས་འཆར་བའི་ཚུལ་ཤེས་ན་ནོར་མི་དགོས་སོ། །དེ་ལྟ་བུའི་གདོད་མའི་གཤིས་ཀྱི་བཞུགས་ཚུལ་དེ་གོ་བས་མི་ཆོག་མྱོང་བ་ཐོན་དགོས་པས། རིག་པ་ཟང་ཐལ་གྱི་ངོ་བོའི་སྟེང་དུ་རང་ས་བཟུང་། རྗེན་ལ་བཏོན། ཧུར་བྱུང་ནས་ལྟ་ཐོག་ཏུ་མྱོང་བས་སླེབས་དགོས་སོ། ༈ །ཡང་མཉམ་བཞག་གིས་རང་ས་ཟིན་ཀྱང་དེ་ཉིད་རྐྱེན་དང་བསྲེས་ནས་རྟོགས་པའི་རྩལ་སྦྱང་མ་བྱས་ན་གཉེན་པོས་རྐྱེན་མི་ཐུབ་པས། མཉམ་བཞག་ལེགས་པོ་དེའི་ཀློང་ན་རྟོག་ངན་གྱི་དུག་སྦྲུལ་འཇིགས་སུ་རུང་བ་མང་པོ་གནས་གཅིག་དུ་ཚོགས་ནས་སྡོད་པ་ལྟ་བུ་ཡིན་པས། མཛེས་མའི་གཟུགས་སོགས་ཆགས་ཡུལ་ཡིད་དུ་འོང་བ་དང་། གཞན་གྱིས་བརྙས་སྨོད་སོགས་སྡང་བའི་ཡུལ་རྐྱེན་གང་རུང་རེའི་དབང་གིས་ཁོང་ཁྲོ་དང་འདོད་ཆགས་སོགས་མངོན་དུ་གྱུར་འོང་བ་དེ། རང་རྒྱུད་ཀྱི་སྒོམ་དེའི་ཀློང་ནས་བྱུང་བ་མིན་ན་ཤ་ལས་མི་འབྱུང་། ཁྲག་དང་པགས་པ་དང་རུས་དང་རྐང་སོགས་གང་ལས་བྱུང་སོམས་ཤིག །དེས་ན་དེ་དག་སྦྱོང་མ་ཐུབ་ན་ཞེ་སྡང་གི་དབང་གིས་དམྱལ་བ། འདོད་ཆགས་ཀྱི་དབང་གིས་ཡི་དྭགས། གཏི་མུག་གིས་དུད་འགྲོ། ཕྲག་དོག་གིས་ལྷ་མིན། ང་རྒྱལ་གྱིས་ལྷ་སོགས་སུ་སྐྱེ་བ་ཐོས་གྲོལ་གྱི་གཞུང་ན་གསལ་བ་ལྟར་ཡིན་པས་དེ་དག་སྦྱང་དགོས། དེ་ཡང་ཇི་ལྟར་སྦྱོང་བའི་ཚུལ་ནི། རྒྱ་གར་གྲུབ་ཆེན་ཚོས། དང་པོ་དབེན་པའི་གནས་སུ་མཉམ་བཞ ག་ལ་བརྟན་པ་ཐོབ་པའི་རྗེས་སུ་ཚོང་འདུས་སོཊ་སུ་སོང་ནས་མི་མང་གི་རྒྱུ་འགྲུལ་དང་བདེ་སྡུག་སོགས་ལ་བལྟས་ནས་རྩལ་སྦྱང་། དེ་ནས་གྲོང་དགུའི་མི་གཙང་བ་སློག་སྟེ་གཙང་སྨེའི་གཉིས་རྟོག་ལ་རྩལ་སྦྱང་པ་དང་། དེ་ནས་རྒྱལ་པོས་ཆད་པ་གཅོད་པའི་སར་ཕྱིན་ཏེ་མིག་འབྱིན་པ་དང་རྐང་ལག་གཅོད་པ་གསོད་པ་སོགས་ལ་བལྟས་ཏེ་སེམས་ཅན་རང་རྒྱུད་པ་དང་སྙིང་རྗེ་རང་རྒྱུད་པ་ལ་རྩལ་སྦྱང་། དེ་ནས་དུར་ཁྲོད་དུ་ཕྱིན་ཏེ་གཅན་གཟན་གཏུམ་པོ་དང་མི་མ་ཡིན་གདུག་པ་ཅན་སོགས་མཐོང་བ་ན་འཇིགས་སྐྲག་ལ་སྦྱངས་པ་སོགས་མཛད་པ་ལྟར། གནས་རི་རྩེའམ། མཚོ་གླིང་། སྐྱེད་མོས་ཚལ་སོགས་སུ་ཕྱིན་ནས། མིག་གིས་གཟུགས་མཐོང་ན་དེ་ལ་ཡང་ཡང་བལྟ། རྣ་བས་སྒྲ་ཐོས་ན་ཡང་ཡང་ཉན་པ་སོགས་དང་། ཡིད་ལ་ཅི་ཤར་ཡང་འཆར་དུ་བཅུག་སྟེ་ངག་ནས་མིང་བརྗོད། སེམས་རྟོག་མེད་ཀྱང་ཡུལ་ལ་འཕྲོར་བཅུག་སྟེ། ཡུལ་ཀ་བ་ལྟ་བུ་གཅིག་གི་སྟེང་དུ་འབྱམས་པ་གཅོད་པའི་ཕྱིར་དུ་ཀ་བའོ་སྙམ་པའི་དེ་མ་ཐག་བུམ་པའོ། རྡོ་རྗེའོ། ཤིང་ངོ་ཞེས་པ་ལྟ་བུར་ཁ་སྤོ་ཞིང་རྩ་བ་རིག་པའི་རང་ས་མ་ཤོར་བཞིན་ཤེས་པ་ཡུལ་ལ་འཕྲོར་གཞུག་སྟེ་རིག་ཐོག་ཏུ་གྲོལ་བ་ལ་བསླབས་པས་རྐྱེན་ངན་དང་རྣམ་རྟོག་གང་ཤར་རིག་པའི་རྩལ་སྦྱོང་དུ་འཆར་ནུས་པ་ནི་བླ་མ་ཞང་རིན་པོ་ཆེས་དབུ་བྲག་ཕུག་ལ་བརྡབ་པ་དང་། ཞབས་རྐང་ལ་ཚེར་མ་ཟུག་པ་ཡང་བདེ་སྟོང་འཆར་ནུས་པ་བཞིན་ནོ། །དེ་ལྟར་རྩལ་སྦྱང་བྱ་བ་འདི། ལས་དང་པོ་པ་ལ་རིག་པ་ངོ་སྤྲད་པའི་དུས་སུ་ཤུན་པ་གཏོར་བའི་ཐབས་དང་། ཉམས་ལེན་ལ་བརྟན་ཆ་ཐོབ་པའི་གང་ཟག་གིས་རྐྱེན་ཐུབ་ཀྱི་རྟོགས་པ་འཕེལ་བའི་ཆེད་དུ་བྱ་བ་སྟེ། མ་མཐའ་འང་ཞག་པོ་བརྒྱ་རེ་ཙམ་ལ་ངེས་པར་སློབ་དགོས་སོ། ༈ །དུས་དང་རྣམ་པ་ཀུན་ཏུ་དམ་ཚིག་ལ་སེལ་མ་ཞུགས་ཤིང་། དད་པ་དང་ལྡན་པའི་གང་ཟག་གིས་དཀོན་མཆོག་གསུམ་གྱི་སྣང་བ་དང་མ་བྲལ་བར་རེས་འགའ་བླ་མ་སྤྱི་བོར་བསྒོམ་གསོལ་བ་བཏབ་དབང་བཞི་བླངས། རེས་འགའ་སྙིང་དབུས་སུ་བསྒོམ་ཐུགས་ཡིད་དབྱེར་མེད་དུ་བསྲེ་བ་སོགས་བྱེད་པ་ནི་གནད་གལ་བོ་ཆེ་སྟེ། ཐུགས་ཡིད་བསྲེ་བའི་གནད་འདི་ཁོ་ནས་རང་གི་བསྒོམ་རྒྱུ་དེ་ལམ་རྣམ་དག་ཞིག་མིན་རུང་འཆི་ཁ་ཚུན་ལ་མི་གྲོལ་མི་སྲིད་པ་ཞབས་དྲུང་རིན་པོ་ཆེའི་ཞལ་རྒྱུན་ཡིན་ནོ། ༈ །སྒོ་ལྔའི་རྣམ་ཤེས་གསལ་བ་ལ། །ཡིད་ཀྱི་ཞེན་རྟོག་མ་ཞུགས་པ། །རྒྱལ་བའི་དགོངས་པ་དེ་ཀ་ཡིན། །


previousསེམས་རིག་ལ་ཤན་ཕྱེས་ཏེ་ཉམས་སུ་ལེན་ཚུལ་སོགས་ཀྱི་སྐོར། next