Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཅོག་བཞག་བཞིའི་རྣམ་བཞག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཅོག་བཞག་བཞིའི་རྣམ་བཞག next

ཅོག་བཞག་བཞིའི་རྣམ་བཞག

ཅོག་བཞག་བཞི་ནི་ཁྲེགས་ཆོད་ཐོད་རྒལ་གཉིས་ཀའི་བཞག་ཐབས་སུ་ཆོས་དབྱིངས་མཛོད་འགྲེལ་དུ་གསུངས། འདི་ལ་འཆད་ཚུལ་མི་འདྲ་བ་དུ་མ་ཡོད་ཀྱང་། ལུགས་གཅིག་ལ། ལྟ་བ་རི་བོ་ཅོག་བཞག་ཅེས་པ་ལ། གཞིའི་བཞུགས་ཚུལ་དང་། ངོ་སྤྲོད་ཀྱི་མན་ངག་དང་། ངོ་འཕྲོད་པའི་ཆ་ནས་བཞག་པ་གསུམ་ལས། དང་པོ་ནི། རིག་སྟོང་ཆོས་སྐུ་ཐིག་ལེ་ཉག་གཅིག་དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བཞུགས་པ་རྣམ་པ་ཐམས་ཅད་དུ་འཕོ་འགྱུར་མེད་པར་རི་རྒྱལ་ལྟར་བརྟན་པའི་ཆ་ནས་འཇོག །གཉིས་པ་ནི་རིག་འཛིན་རྩལ་འཆང་གི་བརྒྱུད་པའི་མན་ངག་རྣམས་ཚིག་ལ་ལྷག་ཆད་དང་དོན་ལ་ནོར་འཁྲུལ་མེད་པའི་ཆ་ནས་འཇོག །གསུམ་པ་ནི། ངོ་འཕྲོད་པའི་གང་ཟག་དེས་རང་རྒྱུད་ཀྱི་ཡེ་ཤེས་སད་སྟོབས་ཀྱིས་གཞན་གྱི་རྒོལ་བ་དང་ཕྱིན་ཅི་ལོག་གི་བློ་ངན་སོགས་ཀྱིས་བསྐྱོད་དུ་མེད་པར་ཡིད་གཏིང་ནས་ཆེས་པ་ལ་བྱའོ། །སྒོམ་པ་རྒྱ་མཚོ་ཅོག་བཞག་ནི། ཚོགས་དྲུག་ལྷུག་པར་བཞག་ན་ཡུལ་ལྔ་འགག་མེད་དུ་འཆར་ཚུལ་རྒྱ་མཚོར་གཟའ་སྐར་བཀྲ་བ་བཞིན་ཤར་ཡང་སྣང་བའི་ཡུལ་གྱིས་མ་གོས། འཛིན་པའི་སེམས་ཀྱིས་མ་བཅིངས་པའོ། །སྤྱོད་པ་མན་ངག་ཅོག་བཞག་ནི། ཡུལ་དྲུག་ལ་ཡུལ་ཅན་གྱི་ཤེས་པས་རོལ་བའི་ཚེ། དང་པོར་རྩལ་སྦྱང་བ། བར་དུ་ཤར་གྲོལ་དུ་སོང་། ཐ་མར་རིན་པོ་ཆེའི་གསེར་གླིང་ལྟར་གང་སྣང་ཡེ་ཤེས་ཀྱི་རྣམ་རོལ་དུ་འཆར་བའི་བར་དུ་བསླབ་པའོ། །འབྲས་བུ་རིག་པ་ཅོག་བཞག་ནི། ལམ་གྱུར་གྱི་འབྲས་བུ་སྟེ་གོང་གི་ལྟ་སྒོམ་སྤྱོད་གསུམ་ལ་གོམས་འདྲིས་བྱས་པས་གཞིའི་ཡོན་ཏན་ཇེ་མངོན་དུ་གྱུར་པའོ། །ཞེས་གསུངས། །


previousཅོག་བཞག་བཞིའི་རྣམ་བཞག next