Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐོད་རྒལ་གྱི་སྐབས་སུ་ཁྲེགས་ཆོད་ལས་འཕགས་པའི་ཁྱད་ཆོས་བདུན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐོད་རྒལ་གྱི་སྐབས་སུ་ཁྲེགས་ཆོད་ལས་འཕགས་པའི་ཁྱད་ཆོས་བདུན།next

ཐོད་རྒལ་གྱི་སྐབས་སུ་ཁྲེགས་ཆོད་ལས་འཕགས་པའི་ཁྱད་ཆོས་བདུན།

ཐོད་རྒལ་གྱི་སྐབས་སུ་ཁྲེགས་ཆོད་ལས་འཕགས་པའི་ཁྱད་ཆོས་བདུན་ནི། །ཉམས་ལེན་ལག་ལེན་དང་འབྲེལ་བའི་ཁྱད་པར། ལུས་གནད་རྩ་ཡི་ཁྱད་པར། སྣང་བྱེད་སྒོ་ཡི་ཁྱད་པར། མཐོང་བ་དབང་པོའི་ཁྱད་པར། རང་གནད་མངོན་སུམ་གྱི་ཁྱད་པར། སྣང་བ་འོད་ཀྱི་ཁྱད་པར། ཉམས་སྣང་གོང་འཕེལ་གྱི་ཁྱད་པར་དང་བདུན་ནོ། །དང་པོ་ནི། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་དབྱིངས་རིག་པ་ལུ་གུ་རྒྱུད་དངོས་སུ་ཅེར་མཐོང་དུ་སྟོན་པའི་ལག་ཁྲིད་ཟམ་མ་ཆད་པས་ཡིད་དཔྱོད་རྟོག་པའི་ཤེས་རབ་ལ་རག་མ་ལས་ཏེ། གདམས་པའི་ངོ་བོ་ལ་བར་དུ་བསྲེ་བསླད་དང་རྟོག་བཟོས་ཟབ་མི་ཟབ་བྱར་མེད་པས་ཆེས་འཕགས་སོ། །གཉིས་པ་ནི། ཁྲེགས་ཆོད་དུ་རགས་པའི་རྩ་རླུང་ལ་བརྟེན་པ་ལས། ཐོད་རྒལ་དུ་འོད་རྩ་དྭངས་པ་ངོས་བཟུང་ནས་སྒྲོན་མ་དངོས་ལམ་དུ་བྱེད་པས་འཕགས་སོ། །གསུམ་པ་ནི། རིག་པ་མི་རྟོག་པར་གནས་པ་ལ་ཁྲེགས་ཆོད་དུ་ཡིད་སྒོ་རྟོག་བཅས་ཀྱི་གདེངས་ལས་ཡེ་ཤེས་འཚོལ་བ་ལ། འདིར་རིག་པ་རྟོག་མེད་འོད་གསལ་གྱི་གདངས་མིག་ནས་འཆར་བ་ངོས་འཛིན་པས་འཕགས་སོ། །བཞི་པ་ནི། ཁྲེགས་ཆོད་དུ་ཡུལ་སྣང་ཚོགས་དྲུག་གི་སྣང་བ་འཛིན་པའི་དབང་པོས་མཐོང་བས་རྟོག་པ་སྣ་ཚོགས་སུ་འཆར་བ་རྒྱུན་མི་འཆད་པ་ལས། འདིར་འོད་རྩ་དྭངས་བའི་དབང་པོས་ལུ་གུ་རྒྱུད་ཅེར་མཐོང་དུ་མཐོང་དུས། རྟོག་པ་དུས་གཅིག་ལ་འགག་ཅིང་ཡེ་ཤེས་ཀྱི་སྣང་ཆ་དཔག་ཏུ་མེད་པ་འཆར་བས་འཕགས་སོ། །ལྔ་པ་ནི། ཁྲེགས་ཆོད་དུ་ཡེ་ཤེས་དངོས་སུ་བལྟར་མེད་ལ་འདིར་དངོས་སུ་མཐོང་བས་ཕྱིས་མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་པར་བྱེད་པས་འཕགས་སོ། །དྲུག་པ་ནི། ཁྲེགས་ཆོད་དུ་འཁྲུལ་སྣང་ལས་མི་སྣང་ལ། འཁྲུལ་སྣང་འཛིན་པའི་ཤེས་པ་ནི་འཁྲུལ་ཤེས་སུ་འགྱུར་བས་དོན་ལ་གཟུང་འཛིན་ལས་མི་འདའ་ལ། འདིར་ནི་རིག་པའི་ཡེ་ཤེས་ལ་འབྱུང་བ་དག་པས་འཁྲུལ་སྣང་མི་སྣང་བར་རང་འོད་སྣང་བས་ཁྱད་པར་དུ་འཕགས་སོ། །བདུན་པ་ནི། ཁྲེགས་ཆོད་དུ་ཤེས་པ་གཅོད་ཁམས་ཇེ་བརྟན་དུ་འགྲོ་བ་ཙམ་ལས་ནང་ཤེས་པའི་ཉམས་ཏིང་ངེ་འཛིན་དུ་མ་དྭངས། སྤྱན་དང་མངོན་ཤེས་དང་། ཕྱི་སྣང་བའི་ཉམས་འོད་དང་སྐུ་ལ་སོགས་པ་མེད་ལ་འདིར་ཉམས་སྣང་ཁྱད་པར་ཅན་གོང་ནས་གོང་དུ་འཆར་ཏེ་སྣང་བ་བཞི་ཚད་དུ་ཕྱིན་ནས་མྱུར་དུ་གྲོལ་བས་ཁྱད་པར་འཕགས་སོ། །འདི་དག་གི་ཁྱད་པར་ཞིབ་མོར་ཕྱེ་ན་བསམ་གྱིས་མི་ཁྱབ་ཀྱང་། ཆེ་ལོང་ཙམ་བརྗོད་པ་སྟེ། མདོར་ན་རིག་པའི་དོན་དངོས་སུ་མཐོང་ཞིང་བལྟར་ཡོད་པས་འཁྲུལ་བ་སྐད་ཅིག་ལ་དག་པ་དང་། ཡིད་དཔྱོད་ལ་ལུས་པས་འཁྲུལ་སྣང་ལ་ལམ་བྱས་ནས། མ་འཁྲུལ་བའི་འབྲས་བུས་འཚོལ་བའི་ཁྱད་པར་གྱིས་ཆེ་བར་ཤེས་རབ་ཀྱི་མིག་དང་ལྡན་པ་རྣམས་ཀྱིས་རྟོགས་པར་བྱའོ།།


previousཐོད་རྒལ་གྱི་སྐབས་སུ་ཁྲེགས་ཆོད་ལས་འཕགས་པའི་ཁྱད་ཆོས་བདུན།next