Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེམས་དང་ཡེ་ཤེས་ཀྱི་དབྱེ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེམས་དང་ཡེ་ཤེས་ཀྱི་དབྱེ་བ།next

སེམས་དང་ཡེ་ཤེས་ཀྱི་དབྱེ་བ།

སེམས་དང་ཡེ་ཤེས་ཀྱི་དབྱེ་བ་ལ་གཉིས། དང་པོ་སེམས་ཀྱི་དབྱེ་བ་བརྒྱད་དེ། གནས། ངོ་བོ། ལམ། སྒོ། ཡུལ། རྩལ། བྱེད་ལས། འབྲས་བུའོ། །གན༵ས་ནི། གློ་བ་ན་རྩ་གྲོ་སོག་གི་སྦུ་གུ་ཙམ་རླུ ང་གིས་གང་བ་ལས་དབུགས་ཐམས་ཅད་མཆེད་པའི་རྟེན་བྱེད་པ་སྙིང་ག་དང་འབྲེལ་བ་ན་གནས་སོ། །ངོ༵་བོ༵་ནི་སྙིང་གི་རིག་གདངས་རླུང་དང་འདྲེས་པས་རྣམ་པར་རྟོག་པའོ། །ལམ༵་ནི། གློ་བ་ནས་རྩ་འདབ་སོ་སོ་ལ་སོང་བའི་རླུང་གིས་སྒོ་ལྔའི་ཡུལ་རྟོགས་པའི་ཕྱིར་ཁ་སྣ་སོགས་དབང་པོ་སོ་སོའི་རླུང་རྒྱུ་བའི་རྩ་རྣམས་ཡིན་ནོ། །སྒོ༵་ནི། དབང་པོ་སོ་སོ་དང་ཁ་སྣའོ། །ཡུལ༵་ནི། གཟུགས་ལ་སོགས་པ་ཚོགས་དྲུག་གི་ཡུལ་དྲུག་གོ །རྩལ༵་ནི། གཟུང་འཛིན་དགག་སྒྲུབ་ལ་སོགས་པའི་རྣམ་རྟོག་རྣམས་སོ། །བྱེ༵ད་ལས༵་ནི། ཉོན་མོངས་དང་བག་ཆགས་དུ་མ་གསོག་པར་བྱེད་དོ། །འབྲས༵་བུ་༵ནི་འཁོར་བའི་སྡུག་བསྔལ་ཐམས་ཅད་བསྐྱེད་པར་བྱེད་དོ། །

༈ གཉིས་པ་ཡེ་ཤེས་ཀྱི་དབྱེ་བ་བརྒྱད་ལས། གནས༵་ནི། ཙིཏྟ་རིན་པོ་ཆེ་མཆོང་གུར་ཕུབ་པ་འདྲ་བའི་དབུས། འོད་གསལ་གྱི་རྩ་འདབ་བཞིའི་ལྟེ་བ་ལ་དྭངས་མ་ཉུང་འབྲུ་ཙམ་ལ་བརྟེན་པའོ། །ངོ༵་བོ༵་ནི། རིག་པའི་ཡེ་ཤེས་ཏེ། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་འགག་པ་མེད་པར་མར་མེའི་སྙིང་པོ་ལྟ་བུ་འོད་དང་སྐུར་འབར་བ་དང་དེའི་རྩལ་དུང་ཁང་ན་ཁྲོ་བོའི་དཀྱིལ་འཁོར་དུ་གནས་པའོ། །ལམ༵་ནི། སྙིང་ནས་མིག་ཏུ་འབྲེལ་བའི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་དེ། འབྲེལ་ལུགས་ནི་སྙིང་གི་རྩེ་ནས་སྒལ་ཚིགས་འདབས་ལ་འཁྲིལ་ཏེ། མགྲིན་པའི་རྩེའུ་ཆུང་གཡས་གཡོན་གྱི་འདབ་ནས་རྣ་བ་གཉིས་ལ་འཁྲིལ་ཏེ། ཀླད་པ་ནས་མིག་གི་ཨ་འབྲས་ཆུའི་སྒྲོན་མ་གཉིས་ལ་ཟུག་ནས་གནས་སོ། །སྒོ༵་གང་ནས་འཆར་བ་ནི། མིག་གཉིས་ནས་འཆར་རོ། །མིག་གི་རྩའི་རྩ་བ་ནི་ལྟེ་བ་དང་སྙིང་གར་འབྲེལ་ལོ། །སྙིང་ག་ནས་མགྲིན་པ་འབྲེལ་ལོ། །མགྲིན་པ་ནས་དུང་ཁང་དུ་གཡས་འཁྱིལ་བ་རྩ་འདབ་བཞིར་གྱེས་པའི་དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ་འདབ་གཅིག་ལས་རྩེ་མོ་ལྔར་གྱེས་ཏེ། སྒོ་ལྔ་སོ་སོའི་རྟེན་བྱེད་པའི་ལས་སྐྱོན་ཡོན་དབང་པོ་དྭངས་བྱེད་ཀྱི་རྩ་ཞེས་བྱ་བ་ཁ་ཆེ་ལ་རྩ་བ་ཕྲབ་བ་མེན་གྱི་རྭ་ལྟ་བུའི་ཡལ་ག་གཉིས་མིག་གི་ཨ་འབྲས་ཀྱི་དྭངས་མ་གཉིས་ལ་ཟུག་ནས་དཀར་ནག་ཕྱེད་མ་ཆུའི་རང་བཞིན་དྭངས་ལ་གསལ་བ་བྱུང་བས་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱའོ། །དེ་ལ་བརྟེན་ནས་ཐིག་ལེ་སྟོང་བའི་སྒྲོན་མ་རྨ་བྱའི་མདོངས་ལྟ་བུར་འཆར་རོ། །དེའི་གདངས་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཡི་གེ་ན་རོ་ལྟ་བུར་འཆར་རོ། །དེའི་རྩལ་ཤེས་རབ་རང་བྱུང་གི་སྒྲོན་མ་ཤེས་པའི་རྩལ་དུ་མར་འཆར་རོ། །དེ་ཡང་ཤེལ་སྦུག་ཅན་ནི་འོད་རྩ་ཡིན་ལ། དབང་པོ་དྭངས་བྱེད་ནི་མིག་གི་དབང་རྟེན་ཟར་མའི་མེ་ཏོག་ལྟ་བུའི་རྩ་ཡིན་ནོ། །མིག་གི་ནང་རིག་པ་དངོས་ཕྱིར་ལྟ་བ་དང་། ཕྱི་ནང་སྣང་བ་གཟུགས་ཁམས་ཀྱི་སྣང་བ་ནང་དུ་ལྟ་བའི་བར་གྱི་སྒོ་མེ་ཤེལ་དྲི་མ་མེད་པས་ཆོད་པ་ལྟ་བུ་སྟེ། ནང་གི་འོད་མདངས་ཕྱིར་གསལ་དང་། ཕྱིའི་གཟུགས་བརྙན་ནང་དུ་ཤར་བ་གཉིས་མི་བསྒྲིབ་པར་གསལ་བར་མཐོང་བའི་ཕྱིར་རོ། །རིག་པ་དངོས་ཀྱི་གདངས་འཆར་བའི་རྩ་སྒོ་བཞི་སྟེ། མིག་གཉིས་ནས་འོད་སྣང་དངོས་སུ་ཕྱིར་འཆར་བ་དང་། སྙིང་ནས་དབུ་མའི་དབུས་སུ་སྙིང་པོ་འོད་གསལ་གྱི་རྩ་ལས་དུང་ཁང་གི་ཁྲོ་བོ་དང་། དེའི་གདངས་རྩ་རྣམས་ཀྱི་ཐིག་ལེ་དང་། དབུ་མའི་འོད་རྩ་ལས་འཁོར་ལོ་བཞིའི་དབུས་ཀྱི་འོད་གསལ་ཐིག་ལེ་ཆེན་པོ་དང་། སྤྱི་བོ་ནས་རྟོག་པ་མེད་པའི་སྐུ་ཚངས་བུག་ལ་འཆར་རོ། །ཚད་ཕེབས་ཀྱི་ཐིག་ལེ་ལྔ་བརྩེགས་སམ་དགུ་བརྩེགས་སུ་འཆར་བའི་རྟེན་ཅན་འཕོ་བའི་རྩ་སྒོ་དམ་པ་དེ་དང་། སྙིང་ནས་གློ་བར་རིག་གདངས་སེམས་སུ་འཆར་བ་སྟེ། དེ་ལྟར་མིག་གཉིས་དབུ་མའི་འོད་རྩ་གློ་བའི་གདངས་རྩ་དང་བཅས་པ་རྣམས་སོ། །ཕལ་གྱིས་མིག་རྩ་གཉིས་ལམ་དུ་ངོས་བཟུང་བ་ནི། རྒྱ་ཆུང་བས་མ་གོ་བར་ཟད་དོ། །གདངས་བཞི་འཆར་བའི་རྩ་བཞི་ངོས་བཟུང་ལ། ཉམས་ལེན་གྱི་ཚེ་མིག་ནས་རིག་པ་ཐོན་ཅིང་། དེའང་མིག་གཉིས་ནས་རིག་པའི་རང་བཞིན་འོད་མདངས་འཆར་ལ། དབུ་མའི་འོད་རྩ་ལས་ངོ་བོ་སྟོང་གདངས་འཆར་ཞིང་གློ་བའི་རྩ་ནས་ཐུགས་རྗེ་རིག་གདངས་འཆར་བ་ཡིན་ནོ། །ཡུལ༵་གང་ལ་འཆར་ན་ཕྱིའི་དབྱིངས་ནམ་མཁའ་ལ། ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔར་སྣང་བའི་ནང་དུ་འཆར་རོ། །རིག་པའི་རྩ༵ལ་ནི། ནང་གསལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྔ་དང་། ཕྱི་གསལ་ཇི་ལྟ་དང་ཇི་སྙེད་པ་མཁྱེན་པའི་རྣམ་པར་ཤར་རོ། །བྱེད༵་ལས༵་ནི། འཁོར་བའི་འཁྲུལ་སྣང་འཁྲུལ་འཛིན་ཐམས་ཅད་དང་བྲལ་བར་བྱས་ཏེ་དབྱིངས་གདོད་མའི་ངང་ལ་སྦྱོར་བའོ། །འབྲས༵་བུ༵་ནི། ཁམས་ལ་སྒྲིབ་པའི་དྲི་མ་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་བརྟེན་པའི་ཆ་དང་བཅས་པ་དག་ནས་ཉི་མ་སྤྲིན་དང་བྲལ་བ་ལྟར། ཤེས་རབ་རིག་པའི་ཡེ་ཤེས་དྲི་མ་མེད་པས་རང་རིག་བྱང་ཆུབ་ཏུ་མཐར་ཕྱིན་པར་བྱས་ནས་སྐུ་དང་ཡེ་ཤེས་ཀྱི་དགོངས་པ་ལ་རྟག་ཏུ་བཞུགས་པའོ། །སེམས་དང་ཡེ་ཤེས་འཕྲད་པའི་དུས་ནི་གཉིས་ཏེ་ཕྱི་འཕྲད་དང་། ནང་འཕྲད་དོ། །ཕྱི་འཕྲད་ནི། བློ་སྤྲོས་པ་དང་བྲལ་བའི་ཚེ་སེམས་ཀྱི་ཆའི་རིག་གདངས་སྙིང་གར་ཐིམ་ནས། ནང་རིག་ཐོག་ཏུ་སེམས་འཕྲད་པ་ཞེས་བྱའོ།།


previousསེམས་དང་ཡེ་ཤེས་ཀྱི་དབྱེ་བ།next