Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཞུགས་སྟངས་སོགས་ཀྱི་སྐོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཞུགས་སྟངས་སོགས་ཀྱི་སྐོར། next

བཞུགས་སྟངས་སོགས་ཀྱི་སྐོར།

བཞུགས་སྟངས་ཀྱི་སྐབས་སུ། ཐེག་མཆོག་མཛོད་དུ། བཅའ་བ་རྒྱུན་གྱི་ཞེས་རྩ་བའི་སྐུ་གསུམ་གྱི་བཞུགས་སྟངས་གསུམ་དང་། ངལ་གསོ་ཡེ་ཤེས་ཀྱི་གནད་ཅེས་སྤྲུལ་སྐུའི་སྐབས་སུ་ལག་སོར་བསྣོལ་ཏེ་པུས་རྒྱབ་ནས་འཁྱུད་པ་དང་། ལོངས་སྐུའི་སྐབས་ལག་མཐིལ་མདུན་གྱི་ས་ལ་ཕབ་པ་དང་། ཆོས་སྐུའི་སྐབས་ལག་མཐིལ་སར་ཕབ་པ་ཙམ་གྱི་ཁྱད་པར་རྣམས་གསུངས་ལ། གཞན་ཡང་ཡན་ལག་གི་འདུག་སྟངས་མང་པོ་ཡ་བཞི་སོགས་སུ་གསུངས་པ་ཡོད་ཀྱང་སྐུ་གསུམ་གྱི་བཞུགས་སྟངས་དེ་ཁོ་ནས་མི་ཆོག་པ་མེད་ཅིང་། དེའི་ནང་ནས་ཆོས་ཉིད་མངོན་སུམ་མན་ཆད་དུ་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ཉིད་གཙོ་བོར་བྱ་དགོས་གསུངས། ༈ ངག་གི་གནད་ལ། བསླབ་པ་དང་། གནས་པ། ལ་བཟླ་བ་རྣམས་བསྟེན་པར་བྱ་ཞེས་གནད་གསུམ་དུ་འབྲེལ་བའི་ལུགས་ཡོད་ཀྱང་། ཐེག་མཆོག་མཛོད་དུ། བསླབ་པ་ནི་སྨྲ་བ་ཇེ་ཉུང་ཐ་མལ་གྱི་སྨྲ་བ་བཅད་པ་ལ་ཐུན་ཐུང་ངུ་བསླབ། དེ་ནས་རིང་དུ་བསླབ། སྐབས་སུ་སྨྲ་རྒྱུ་མེད་ཀྱང་གཅིག་པུ་སྨྲའོ། །གནས་པ་ནི་སྔགས་དང་བརྗོད་པ་ལ་སོགས་དགེ་བའི་བརྗོད་པ་མི་དགག །གཞན་དང་ཚིག་འབྲུ་གཅིག་ཀྱང་མི་འདྲེའོ། །འདིའི་དུས་ན་ལུས་ཀྱི་བརྡས་དོན་གོ་བར་བྱེད་པའོ། །ལ་བཟླ་བ་ནི་སྔགས་ལ་སོགས་པ་བརྗོད་པ་ཐམས་ཅད་མི་བྱའོ། །བརྟན་པ་ནི། ཅི་ཡང་མི་བརྗོད་པའི་ངང་ལས་མི་འདའ་བར་བྱེད་པ་སྟེ། ལུས་ཀྱི་བརྡ་ཙམ་ཡང་མི་བྱ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། ༈ །སྤྱིར་འོད་སྣང་སྤུ་ཉག་ཙམ་དང་ཐིག་ལེ་ཉུང་འབྲུ་ཙམ་ཚུན་ཆད་ཐིག་ལེའི་ཕྱོགས་སུ་བསྡུ་དགོས་ལ། ཐིག་ལེ་སྟོང་སྒྲོན་དངོས་ནི། ནར་མོ་ཕྱི་འོད་ལྔའི་མུ་ཁྱུད་ཅན་པད་འདབ་ཀྱིས་བསྐོར་བ་རང་གི་ཚོན་གང་གི་ཚད་ཙམ་འཆར་བ་སོགས་དབྱིངས་ཐིག་རིག་གསུམ་སྣང་བ་དངོས་མཐོང་ཚུལ་གྱི་ཁྱད་པར་མང་དུ་ཡོད་གསུངས། ༈ ཕྱིའི་འོད་སྣང་ལ་རྟོག་དཔྱོད་ཞུགས་པ་སོགས་ཀྱིས་ལུག་རྒྱུད་དངོས་པོར་གོལ་བའི་སྐྱོན་དང་། ཁྱད་པར་རླུང་སེམས་ཀྱི་སྦུར་བའི་སྟོང་གཟུགས་ལ་མཆོག་འཛིན་བྱས་པས། གཟུང་འཛིན་གྱི་དབང་གིས་སྟོང་གཟུགས་བདུད་ཀྱི་རྣམ་པར་ཤར་བ་སོགས་འབྱུང་བ་ནི་ལམ་གྱི་གནད་ལེགས་པར་མ་ཟིན་པས་ཡིན་ལ། སྔོན་འགྲོའི་ཕྱིའི་རུ་ཤན་གྱི་སྐབས་སུ་གཟུང་འཛིན་གྱི་འཆིང་ཞེན་ལེགས་པར་བཤིག་ཐུབ་ཡོད་ན་འདིར་དངོས་གཞིའི་སྐབས་སུ་རྩོལ་བས་ཅི་ཙམ་དུ་གཏད་ཀྱང་མི་འཆིང་བ་འོང་བས་དེ་འདྲ་ལ་སྔོན་འགྲོས་དངོས་གཞི་དྲངས་པ་ཞེས་ཟེར་ཏེ། འདི་ལ་ནི་ལུག་རྒྱུད་དངོས་པོར་གོལ་བ་སོགས་ཀྱི་གོལ་ས་གཏན་མི་འབྱུང་། ཞེས་གསུངས། ༈ ཤེས་ཉམས་དང་སྣང་ཉམས་མཐར་འགྱུར་གྱི་ཉམས་གསུམ་གྱི་ཁྱད་པར་ནི་ཤེས་ཉམས་ཞེས་པ་བདེ་གསལ་མི་རྟོག་སོགས་དང་། སྣང་ཉམས་ནི་དབྱིངས་རྣམ་དག་དང་ཐིག་ལེ་སྟོང་སྒྲོན་ལ་སོགས་པའོ། །མཐར་འགྱུར་གྱི་ཉམས་ནི་རིག་གདངས་ལས་གཞན་པའི་ཉི་ཟླ་འཇའ་ཚོན་འདྲ་བ་ལ་སོགས་པ་རླུང་རྟགས་ཀྱི་སྣང་བ་རྣམས་སོ། ༈ །སྐྱེ་འཇུག་ལ་དབང་ཐོབ་པའི་སྐབས་སེམས་ཅན་སྟོང་གྲོལ་བར་མཛད་པ་ནི་རྒྱ་གར་གྲུབ་ཆེན་རྣམས་ཚོགས་སྒྲུབ་མཛད་པའི་དུས་སུའང་ནམ་ཚོད་འཛིན་པའི་བྱ་དང་མཛོ་མོ་ལ་སོགས་པ་མཁའ་སྤྱོད་དུ་གཤེགས་པ་དང་དངོས་གྲུབ་ཐོབ་པའི་ལོ་རྒྱུས་བཞིན་ནོ། ༈ །རྗེས་དྲན་གྱི་སྐབས་སུ་བླ་མ་མཆོག་ལ་གདུང་བ་དང་ལྡན་པ་ཞེས་བླ་སློབ་ཀྱི་འབྲེལ་བ་མ་བཅད་པའི་གང་ཟག་དེས་མོས་གུས་དྲན་པའི་མོད་ལ་བླ་མ་མངོན་སུམ་དུ་བྱོན་ནས་དབང་བསྐུར་གདམས་ངག་བཏབ་པས་མི་ཐེབས་མི་སྲིད། ཐོབ་ནས་མི་གྲོལ་མི་སྲིད་པའི་གནད་ཁྱད་པར་ཅན་ཡོད་པ་ཡིན་ནོ། །ཞེས་གསུངས། ༈ བྱུང་གནས་འགྲོ་གསུམ་གྱི་ལྟ་བ་སྣང་སྟོང་ཟུང་འཇུག་ངེས་པའི་ངེས་ཤེས་ཀྱི་ངོ་ན་དགག་རྟོག་ཡོད་འཛིན་མེད་འཛིན་ཆོས་ཀྱི་བདག་འཛིན་དང་གང་ཟག་གི་བདག་འཛིན་རྣམས་ཀྱང་གྲོལ། ཡུལ་ཡོད་མེད། བདག་གཉིས་སོགས་ཀྱང་འགགས། སྣང་ཆ་སྤངས་བའི་སྟོང་རྐྱང་ཆད་པའམ། སྟོང་ཆ་སྤངས་བའི་སྣང་རྐྱང་རྟག་པ་ཞིག་ག་ལ་ཡིན་ཏེ་མིན་ནོ། །གནས་ལུགས་ལ་ཤིན་ཏུ་ཉེ་བའི་དཔེ་ཡི་འོད་གསལ་ཟེར་ཆོག་རྒྱུ་རེད། ཅེས་གསུངས། ༈ ལ་ལས་བཅོས་མི་ཉན་ཟེར་ཡང་བྱིང་རྨུགས་གཉིད་གསུམ་ཆགས་སྡང་རྨོངས་གསུམ་དུས་གསུམ་གྱི་འཁྲུལ་བའི་དབང་དུ་སོང་ཡང་བཅོས་མི་ཉན་ནི་ཨེ་རེད་གསུངས། ནམ་མཁའ་གསུམ་སྤྲུགས་ཀྱི་གདམས་པ་ནི་བལ་བོ་ཀ་མ་ཤི་ལ། ཤྲཱི་སེང་། ལྕགས་སྐོང་། ཀུན་མཁྱེན། ཞབས་དྲུང་། དགོངས་པ་ཟང་ཐལ་སོགས་ན་ཡོད་གསུངས། ༈ འཆི་ཁ་དུར་ཁྲོད་ཁ་ཚུན་ཆད་ལ་བརྗེད་མི་ཉན་རྒྱུ་བོ་ཉམས་ལེན་རེད་ནི་མ་ནོར་བ་ཞིག་ཨེ་ཤེས་བལྟ་དགོས་ནི་རེད། རྐང་པའི་རྟེན་ས། ལག་པའི་འཇུ་ས་ཞིག་མེད་ན་ཨོ་ཧ་བོ། ཁྱེད་རྣམས་ཤ་ཨེ་ཚ་གོ། སྙིང་ཨེ་རྗེ་འི། ཡི་ཨེ་མུག་གི།།


previousབཞུགས་སྟངས་སོགས་ཀྱི་སྐོར། next