Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འོད་གསལ་རྫོགས་ཆེན་ཁྲེགས་ཐོད་མན་ངག་ཟབ་མོ་ཆ་ཚང་བར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའོད་གསལ་རྫོགས་ཆེན་ཁྲེགས་ཐོད་མན་ངག་ཟབ་མོ་ཆ་ཚང་བར་བཤད་པ།next

འོད་གསལ་རྫོགས་ཆེན་ཁྲེགས་ཐོད་མན་ངག་ཟབ་མོ་ཆ་ཚང་བར་བཤད་པ།

ཁྲེགས་ཐོད་ཀྱི་མན་ངག་ཟབ་མོ། སྤྱིར་འོད་གསལ་རྫོགས་པ་ཆེན་པོ་འདིར། དང་པོ་བརྒྱུད་པའི་ལོ་རྒྱུས་དང་། དེ་ལས་བྱུང་བའི་མན་ངག་གཉིས་ལས། དང་པོ་བརྒྱུད་པའི་ལོ་རྒྱུས་གཞན་ལས་ཤེས། གཉིས་པ་གདམས་ངག་ལ་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པ་གཉིས་ལས། དང་པོ་ལ་གཞིའི་དབང་། ལམ་དབང་། འབྲས་བུའི་དབང་དང་གསུམ། དང་པོ་གཞི་དབང་ལ་ནི། བུམ་དབང་། གསང་དབང་ཤེར་དབང་། ཚིག་དབང་དང་བཞི། གཉིས་པ་ལམ་དབང་ནི། ལམ་ཟབ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་དབང་བཞི་བླང་བའོ། །གསུམ་པ་འབྲས་བུའི་དབང་ནི། རིག་པ་ཚད་ཕེབས་ཀྱི་སྐབས་སུ་བསྟན་པ་ཡིན་ནོ། །གཉིས་པ་གྲོལ་བྱེད་ཀྱི་གདམས་ངག་ལ་ཁྲེགས་ཆོད་ཐོད་རྒལ་གཉིས། དང་པོ་ཁྲེགས་ཆོད་ལ། སྔོན་འགྲོ་དངོས་གཞི་རྗེས་དང་གསུམ། དང་པོ་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པ་ལ་གསུམ། དང་པོ་རྟོག་པ་རྩད་བཅད་པ། མཚང་བཙལ་བ། བྱུང་གནས་འགྲོ་གསུམ་ལ་བརྟག་པ་གསུམ། དང་པོ་རྟོག་པ་རྩད་བཅད་པ་ནི། འཁོར་བའི་ཡ་མཐའ་ཐོག་མེད་ནས་ད་ལྟའི་བར་དུ། ཁམས་གསུམ་འཁོར་བའི་གནས་སུ་ཟོ་ཆུན་གྱི་ཁྱུད་མོ། རྫ་མཁན་གྱི་འཕང་ལོ་བཞིན་དུ། ལུས་ངག་ཡིད་གསུམ་དབང་མེད་དུ་འཁྲིད་མཁན་དང་འདེད་མཁན་མེད་པར་འཁྱམས་པ་ལ། ལུས་ངག་ཡིད་གསུམ་གཙོ་གང་ཆེ་བརྟགས་པས། ལུས་ངག་མེད་པའི་སེམས་རང་རྐྱ་ཐུབ་པ་ཞིག་ཡོད་ཀྱང་དེས་ཐོག་མར་དགེ་སྡིག་ངོ་མི་ཤེས། བར་དུ་བསྒྲུབ་མི་ཤེས། ཐ་མ་གྲུབ་འབྲས་སྨིན་ཡུལ་མེད་པ་དང་། ཡར་རྒྱལ་བའི་སྐུ་གསུང་ཐུགས་དང་། མར་སེམས་ཅན་གྱི་ལུས་ངག་ཡིད་གསུམ། རྨི་ལམ་ཡུལ་གྱི་ལུས་ངག་ཡིད་གསུམ་སོགས་ལ་བརྟགས་པས་གཙོ་གང་ཆེ་མི་རྟོགས་པའོ། །དེ་ལས་རིག་པ་ཁ་སྤོ་ནས། འཁོར་བ་ཐོག་མེད་ནས་ད་ལྟའི་བར་སྐྱེ་ཤིའི་ཁ་བརྒྱུད་ནས། ལུས་ངག་གཉིས་གྲངས་མེད་འདོར་ལེན་བྱས་ཀྱང་དེ་ལ་རྒྱུན་མ་ཆད་པ་ཙམ་ལ་བརྟགས་ན་ཅུང་ཟད་རྟོགས་པ་ཡིན་ནོ། །དེ་ལས་རིག་པ་ཁ་སྤོ་སྟེ། འཆི་བའི་དུས་སྔ་མའི་རླུང་སེམས་བསྡུས་ནས། འཆི་སྲིད་ཆོས་སྐུའི་འོད་གསལ་ལས། རླུང་སེམས་ཐོག་མར་མཆེད་པའི་དུས་སུ་ལུས་ངག་མ་གྲུབ་ཀྱང་། སླར་འཁྲུལ་བའི་དབང་གིས། ལུས་ངག་གློ་བུར་དུ་གྲུབ་ནས་གསུམ་ཀ་ཚོགས་ཏེ་ལས་དཀར་ནག་དང་མི་གཡོ་བའི་ལས་གསུམ་གྱི་ཁམས་གསུམ་གྱི་གནས་རིས་གྲུབ་པས་འཁོར་བའི་བྱེད་པོ་སེམས་ཡིན་པར་རྟོགས་ནས། ཀུན་ཉོན་འཁོར་བའི་ཕྱོགས་སུ་སེམས་དང་། རྣམ་བྱང་མྱང་འདས་ཀྱི་ཕྱོགས་སུ་སེམས་ཉིད་གཙོ་ཆེ་བར་རྟོགས་པ་ནི་རྐུན་མ་ངོས་འཛིན་ལྟ་བུའི་གདམས་ངག་ཡིན་ནོ། །གཉིས་པ་མཚང་བཙལ་བ་ནི། རི་མོ་མཁན་ལྟ་བུའི་སེམས་དེས་གཅིག་དང་ཐ་དད་ཀྱི་ཚུལ་དུ་འཛིན་པ་ཡིན་ཏེ། རེས་ཆུ་དང་འོ་མ་འདྲེས་པ་ལྟར་ལུས་ངག་ལ་ང་ཞེས་གང་ཟག་གི་བདག་ཏུ་འཛིན། རེས་ཕྱུགས་དང་ཕྱུགས་རྫི་ལྟ་བུ་ངའི་ལུས་ངག་ཅེས་ཆོས་ཀྱི་བདག་དུ་འཛིན་པ་སྟེ། གཅིག་དང་ཐ་དད་ཀྱི་ཚུལ་དུ་འཛིན་པ་ཡིན། དེ་ལྟར་ན་ལུས་ངག་བེམ་པོ་དང་། དབྱིབས་ཁ་དོག་ཡོད་པ་བཞིན་དུ། སེམས་ལ་ཡོད་དགོས་པ་དང་། ཡང་ན་སེམས་ཤེས་པ་ཡིན་པ་དང་། མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་བ་བཞིན་དུ། ལུས་ངག་ཀྱང་ཤེས་པར་འགྱུར་བ་དང་། མཐོང་ཐོས་མི་རུང་བར་འགྱུར་དགོས་ཀྱང་དེ་ལྟར་མ་གྲུབ། དེ་བཞིན་གཞན་ཁྲོ་ཆགས་ཀྱི་སེམས་དང་། དགྲ་གཉེན་གྱི་རྟོག་པ་སོགས་གཅིག་ཐ་དད་དུ་བརྟགས་པས། གཅིག་ཐ་དད་གང་ཡང་མ་གྲུབ་པའོ། །གསུམ་པ་བྱུང་གནས་འགྲོ་གསུམ་ལ་བརྟགས་པ་ནི། དང་པོ་བྱུང་ས་དང་བྱུང་མཁན་ལ་བརྟགས་པ་ནི། རྫ་མའོ་སྙམ་པ་ལྟ་བུའི་སེམས་བྱུང་བ་ན་ཡུལ་རྫ་མ། ལུས་ཤ་ཁྲག་སོགས་སྣང་བའི་ཡུལ་གང་ལས་བྱུང་སྙམ་ན། དེ་ཉིད་རྡུལ་ཕྲན་བསྲེགས་གཏོར་དུ་བྱས་ནས་ཡུལ་གཞི་མེད་རྩ་བྲལ་དུ་གཏན་ལ་ཕབ། བྱུང་མཁན་རང་གི་ངོ་བོར་བརྟགས་ཤིང་དཔྱད་ནས་ཤེས་པ་ཡུལ་མེད་ཟང་ཐལ་དུ་གཏན་ལ་ཕབ། བར་དུ་གནས་ས་གནས་མཁན་མེད་པར་ཡུལ་དང་ཡུལ་ཅན་གང་ཟག་གཏན་ལ་ཕབ། ཐ་མ་འགྲོ་སའི་ཡུལ་སྟེང་འོག་ཕྱོགས་བཞི་སོགས་དང་། ཡུལ་ཅན་རང་གི་ངོ་བོ་གཏན་ལ་དབབ་པས། ཡུལ་ཤེས་གཉིས་ཀ་མ་གྲུབ་པར་རྟོགས། དེ་ལྟར་བྱུང་གནས་འགྲོ་གསུམ་གཏན་ལ་དབབ་པས་རྟོག་པ་དང་པོ་སྐྱེ་བ་མེད་པའི་ཆོས་སྐུ། གཉིས་པ་འགགས་པ་མེད་པས་ལོངས་སྐུ། གསུམ་པ་ཤར་གྲོལ་འགགས་མེད་ཀྱི་སྤྲུལ་སྐུར་གཏན་ལ་ཕབ་པའོ། །དེ་ལྟར་གཏན་ལ་ཕབ་པས། སྣོད་བཅུད་འཁྲུལ་སྣང་དང་བཅས་པ་མེད་པ་གསལ་སྣང་། སྐྲ་ཤད་དང་རྨི་ལམ་སྒྱུ་མ་ལྟ་བུ། མེད་སྣང་ཉག་གཅིག གཞི་མེད་རྩ་བྲལ། ཤེས་པ་ཡུལ་མེད། ཟང་ཐལ་བྱར་མེད་ཀྱི་ངང་དུ། ངེས་ཤེས་མར་མེ་ལྟ་བུའི་ངང་དུ་མཉམ་པར་འཇོག་པ་ནི་དབུ་མའི་ལྟ་བ་ལས་ཁྱད་དུ་འཕགས་པ། ཁྱད་གཞིའི་སྟེང་ནས་ཁྱད་ཆོས་ནི། གནས་ཆ་ལ་དྭངས་ཆ་ཡོད་པ། དྭངས་ཆ་ལ་ཤར་ཆ་ཡོད་པ། ཤར་ཆ་ལ་གྲོལ་ཆ་ཡོད་པ་སྟེ། མཐའ་བཞིའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་དུ་འཇོག་པ་ནི། བྱུང་གནས་འགྲོ་གསུམ་གྱི་ལྟ་བ་ཡང་དག་པའོ། །དབུ་མ་ནི་སྟོང་འཛིན་གྱི་འདུ་ཤེས་སམ། འཛིན་སྟངས་མ་ཉམས་པ་ལྕགས་སྐུད་བསྒྲིམ་པ་ལྟ་བུ་དགོས་ཞེས་པ་དང་ཁྱད་པར་ཡོད། གཉིས་པ་དངོས་གཞི་རིག་པའི་རང་ངོ་སྤྲད་པ་ལ། སྣང་བ་ཡུལ་གྱི་བློ་ཅན་དང་། རིག་པ་རང་སྣང་གི་བློ་ཅན་གཉིས་ལས། དང་པོ་སྣང་བ་ཡུལ་གྱི་བློ་ཅན་ནི། རིག་པ་ཐད་ཀར་ལམ་དུ་ཁྱེར་མི་ནུས་པས། རྟོག་པ་གང་སྐྱེས་ཐམས་ཅད་དྲན་པས་བཟུང་ནས། མ་བཅོས་པར་བཞག་པ་ལ་འགྱུ་བ་གནས་དག་གི་དགོངས་པ་བསྐྱངས་པ་ཡིན། དེ་ལ་མཚན་བཅས་དང་། མཚན་མེད་ཀྱི་ཞི་གནས་གཉིས། དང་པོ་མཚན་བཅས་ཀྱིས་མཚན་མ་ཨཱཿདཀར་ལ་སེམས་བཟུང་བ། རྣམ་རྟོག་གཏོར་བ་ཡི་གེ་ཕཊ་ལ་སེམས་བཟུང་བ། ཁྲོ་བོ་དགྱེས་པའི་གད་མོ་ཡི་གེ་ཧ་ལ་སེམས་བཟུང་བ་དང་། འདེད་པ་ཧཱུྃ་ལ་སེམས་བཟུང་བ་སོགས་ལ་བསླབ། མཚན་མེད་ཀྱི་རྫོགས་རིམ་ནི། སྣང་སྲིད་བླ་མར་འཆར་བའི་བསྐྱེད་རིམ་དང་། ཐུགས་ཡིད་དབྱེར་མེད་འདྲེས་པའི་རྫོགས་རིམ་གཉིས་ལ་བསླབས་ནས། ངོ་སྤྲོད་པ་སོགས་ཡིན་པའོ། །གཉིས་པ་རིག་པ་རང་སྣང་གི་བློ་ཅན་ནི། བྱུང་གནས་འགྲོ་གསུམ་གྱི་ལྟ་བའི་སྟེང་ནས་ངོ་སྤྲད་པས། རིག་པ་རྐྱང་འདེད། ཡེ་ཤེས་ལམ་བྱེད། ཡེ་ཤེས་རྗེན་འདེད་བྱས་ནས་རིག་ངོ་སྐྱོང་ནུས་པ་ཡིན་ནོ། །རིག་པ་ངོ་སྤྲད་པ་ལ། རིག་པ་ངོས་འཛིན་ཚུལ་དང་། དེ་ཉིད་སྐུ་གསུམ་དུ་ངོ་སྤྲད་པ་གཉིས་ལས། དང་པོ་ངོས་འཛིན་ཚུལ་ནི། བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲད་པ། གནས་ལུགས་ལྟ་བའི་སྟེང་དུ་ངོ་སྤྲད་པ། ཉམས་མྱོང་སྒོམ་པའི་སྟེང་དུ་ངོ་སྤྲད་པ་རྣམས་ནི་ཆོས་དབྱིངས་མཛོད་ལེའུ་དགུ་པར་གནད་ལ་མ་བརྟེན་པར་ངོ་སྤྲད་ཚུལ་དང་། གནད་ལ་བརྟེན་ཏེ་ངོ་སྤྲད་ཚུལ་དྲུག་ལས་ཤེས་པར་བྱའོ། །གཉིས་པ་དེ་ཉིད་སྐུ་གསུམ་དུ་ངོ་སྤྲད་པ་ལ་གཞི་བཤད་པ། གཞི་སྣང་བཤད་པ། ཀུན་ཏུ་བཟང་པོའི་གྲོལ་ཚུལ་བཤད་པ། མ་དག་སེམས་ཅན་གྱི་འཁྲུལ་ཚུལ་བཤད་པའོ། །དང་པོ་ལ་གཞི་བདུན་སྐྱོན་ཅན་དུ་བསྟན་པ་དང་། བྱེ་བྲག་བླ་མེད་རང་གཞུང་གི་གཞི་བཤད་པ་དང་གཉིས། དང་པོ་གཞི་བདུན་སྐྱོན་ཅན་དུ་བཤད་པ་ནི། དང་པོ་གཞི་ཀ་དག་ཏུ་འདོད་པ་ཅན་ནི། གཞི་ནི་རང་བཞིན་གདོད་ནས་སྤྲོས་པ་ཐམས་ཅད་བྲལ་བའི་བདག་ཉིད་ཅན་དུ་སྨྲ་བ་ལས། ཡེ་གདངས་འགག་པ་མེད་པའི་ལྷུན་གྲུབ་ཀྱི་སྣང་ཆ་མ་བཟུང་བའོ། །ངོ་བོ་སྟོང་པའི་ཆ་ནས་འཐད་ཀྱང་། ཀ་དག་སྟོང་རྐྱང་དེ་ལ་མ་རིག་པ་མི་ལྡན་པས་འཁོར་བ་མ་གྲུབ། ཡེ་ཤེས་མེད་པས་མྱང་འདས་མི་སྲིད་དེ་ཆད་པར་འགྱུར་རོ། །རྣམ་རྟོག་མེད་ཤུལ་གྱི་སྟོང་པ་ཞིག་ལ་དམིགས་ནས་བསྒོམ་པ་ནི་རྫོགས་ཆེན་གྱི་སྤྱི་འབྱམས་གཤིས་ཤོར་གྱི་གོལ་སར་བསྟན་པའོ། །གཉིས་པ་གཞི་ལྷུན་གྲུབ་ཏུ་འདོད་པ་ནི། འཁོར་འདས་གཉིས་ཀ་གཞི་ལ་ལྷུན་གྲུབ་པར་འདོད་པའོ། །དེ་ཡང་གདངས་འགགས་མེད་ཀྱི་རྩལ་སྣང་སྣ་ཚོགས་སུ་འཆར་བའི་ཆ་ནས་འཐད་ཀྱང་། མཐའ་གཅིག་ཏུ་དེ་ལྟར་འདོད་ན། ཡོད་པ་རྟག་པའི་དངོས་པོ་སོ་སོར་འགྱུར་བས། གཞི་མ་སྤངས་བར་འཁོར་བ་སྤང་མི་ནུས། ཚོགས་རྫོགས་པ་སོགས་ཀྱིས་མྱང་འདས་རྟོགས་མི་སྲིད། སེམས་རྒྱུད་གཅིག་ལ་འཁོར་འདས་གཞི་མཐུན་དུ་མི་སྲིད་དོ། །གསུམ་པ་གཞི་མ་ངེས་པར་འདོད་པ་ནི། གཞི་སེམས་ཀྱི་རང་བཞིན་ནི་འཁོར་འདས་གང་དུའང་འགྱུར་རུང་བས་མཐའ་གཅིག་ཏུ་མ་ངེས་པར་འདོད་པའོ། །དེ་ཡང་གཞི་སྤྲོས་བྲལ་ལ་འཁོར་འདས་མ་གྲུབ་པའི་ཆ་ནས་མ་ངེས་པ་འཐད་ཀྱང་། རྣམ་པ་ཀུན་ཏུ་དོན་ལ་མ་ངེས་ན། དྲི་མ་དག་ཀྱང་མ་དག་པར་ལྡོག་པའམ་མ་དག་ཀྱང་དག་པའི་རང་བཞིན་དུ་འཐད་པར་འགྱུར་ཏེ་ས་ཟིན་མེད་པས་འཁོར་འདས་འཆོལ་བར་འགྱུར་རོ། །བཞི་པ་གཞི་ངེས་པ་དོན་གྱི་དངོས་གཞི་འདོད་པ་ནི། གཞི་རང་བཞིན་འདུས་མ་བྱས་འཕོ་འགྱུར་མེད་པ་ཞིག་ཏུ་འདོད་པའོ། །དེ་ཡང་གློ་བུར་གྱི་དྲི་མ་མེད་སྣང་ཡིན་པའི་ཆ་ནས་གཞི་ངེས་མེད་ཡིན་པར་འཐད་ཀྱང་། རྣམ་པ་ཀུན་ཏུ་དེ་ལྟར་འདོད་ན། འཁོར་བ་སྣང་མི་སྲིད་ལ། མྱང་འདས་གཞི་ལ་ངེས་པར་ཡོད་ན་ལམ་ལ་མི་ལྟོས་པར་འགྱུར་རོ། །ལྔ་བ་གཞི་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པ་ནི། གཞིའི་རང་བཞིན་ལ་རྐྱེན་འཇུག་པས་དེ་འཁོར་འདས་གང་དུའང་བསྒྱུར་རུང་བར་འདོད་པའོ། །དེ་ཡང་གཞི་ལས་གཞི་སྣང་འཆར་བ་ན། ངོ་ཤེས་མ་ཤེས་ལས་གྲོལ་འཁྲུལ་དུ་འགྱུར་བ་ལ་བསྒྱུར་བའི་ཐ་སྙད་ཙམ་འཐད་ཀྱི། གཞིའི་ངོ་བོ་བསྒྱུར་དུ་ཡོད་པར་འདོད་ན། བསྒྱུར་རྒྱུའི་དངོས་པོ་ཞིག་འདོད་དགོས། དེ་ལྟར་ན་རྟག་པ་ཡིན་ན་བསྒྱུར་དུ་མི་རུང་། མི་རྟག་པ་བསྒྱུར་མི་དགོས་པའི་ཕྱིར་རོ། །དྲུག་པ་གཞི་ཅིར་ཡང་ཁས་བླང་དུ་བཏུབ་པ་ནི། གཞི་སེམས་ཀྱི་རང་བཞིན་འདི། འཁོར་འདས་དང་ཡོད་མེད་སོགས་གང་ཡང་རྣམ་པ་ཀུན་ཏུ་གང་རུང་རུང་ཁས་བླང་དུ་བཏུབ་ན། གྲོལ་གཞི་ཡང་འཁྲུལ་གཞི་དང་། འཁྲུལ་གཞི་གྲོལ་གཞིར་ཁས་བླང་དགོས་ཤིང་། རི་རྭ་དང་མོ་གཤམ་གྱི་བུས་ཀྱང་འཁོར་འདས་བྱེད་པར་ཁས་བླང་དགོས་སོ། །བདུན་པ་གཞི་སྣ་ཚོགས་སུ་འདོད་པ་ནི། གཞི་ལས་འཁོར་འདས་ཀྱི་ཆོས་སྣ་ཚོགས་པ་འཆར་བས་ཆོས་དེ་རྣམས་གཞིའི་ཆོས་ཉིད་དོ་ཞེས་འདོད་པའོ། །ལྷུན་གྲུབ་དང་འདི་གཉིས་ཀྱིས་ཁྱད་པར་ནི། གཞི་ལ་འཁོར་འདས་གྲུབ་ཅེས་པ་དང་གཞི་ཉིད་འཁོར་འདས་གཉིས་ཀ་ཡིན་ཞེས་པའི་ཁྱད་པར་རོ། །དེ་ཡང་ཐུགས་རྗེ་འགག་མེད་ལས་རོལ་པ་སྣ་ཚོགས་སུ་ཤར་བ་སེམས་ཉིད་ཀྱི་ཆ་ལས་གཞན་མ་ཡིན་པའི་ཆ་ནས་འཐད་ཀྱང་། རྣམ་པ་ཀུན་ཏུ་དེ་ལྟར་འདོད་ན་སེམས་ཉིད་གཅིག་པུ་འདི་དག་མ་དག་གཉིས་ཀ་ཡིན་པ་དང་། སྣང་བ་ལ་འདོད་ན་གཞི་བེམ་པོ་ཡིན་པ་དང་། ཤེས་པ་ལ་འདོད་ན་གཞི་རྣམ་ཤེས་སུ་ཐལ་བ་དང་། དེ་གཉིས་ཚོགས་པ་ལ་འདོད་ན། གཞི་གཟུང་འཛིན་ཅན་དུ་ཐལ་བ་དང་། དབྱིངས་གཅིག་གི་རང་བཞིན་ཡིན་པར་མི་རུང་བས་མི་འཐད་དོ། །དེ་ལྟར་བདུན་ནི། དཔེ་དམུས་ལོང་གིས་གླང་པོ་ཆེའི་སྐྱེ་མཆེད་ལ་གཞལ་བ་ལྟ་བུའོ། །གཉིས་པ་སྐྱོན་མེད་བླ་མེད་ཀྱི་གཞི་རང་གཞུང་དུ་བཤད་པ། དེ་ཡང་རིག་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ། ངོ་བོ་སྟོང་པ་ལ་ཡེ་ཤེས་ཀྱི་སྙིང་པོ་ཅན་ཆོས་སྐུ། རང་བཞིན་གསལ་བ་འོད་ཀྱི་སྙིང་པོ་ཅན་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་ལ་རིག་པའི་སྙིང་པོ་ཅན་སྤྲུལ་སྐུ་སྟེ། ངོ་བོ་མི་རྟོག་ཀྱང་གདངས་མ་འགག་པས་གཟུགས་མེད་ཀྱི་སེམས་ལས་གྲོལ། གསལ་ལ་མི་འཛིན་པས་གཟུགས་ཁམས་ཀྱི་སེམས་ལས་གྲོལ། རིག་ཀྱང་མི་འཕྲོ་བས་འདོད་ཁམས་ཀྱི་སེམས་ལས་གྲོལ་བས། སྲིད་གསུམ་ཀ་དག་གི་ལྟ་བ། ཁམས་གསུམ་ཡོངས་གྲོལ་གྱི་སྒོམ་པ། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ། རང་ངོ་འཕྲོད་པ་ལྟ་བ། ངང་ལ་གནས་པ་སྒོམ་པ། གང་ཤར་རང་གྲོལ་སྤྱོད་པ། སྐུ་གསུམ་ལྷུན་གྲུབ་འབྲས་བུ། དེ་ལས་མི་འདའ་བ་དམ་ཚིག་སྟེ། དེ་ལྟར་གཞི་རིག་སྟོང་ཟུང་འཇུག་གི་ལྟ་བ་དེ་ལ། ཕུ་ཐག་ནང་ནས་ཆོད། ངེས་ཤེས་གཏིང་ནས་སྐྱེས། གོ་ཡུལ་ཙམ་དུ་མ་སོང་བར། ཁྲེགས་ཆོད་ཆོས་སྐུའི་དཀྱིལ་འཁོར་མངོན་སུམ་དུ་བསྟན་པ་ཡིན་པས་གཞི་ལམ་དུ་བྱེད་པ། ད་ལྟའི་ཐད་ཀའི་ཤེས་པ་ཤར་ཡོད་པ་དེ་ཉིད་རིག་པ་ཆོས་སྐུ་ཆེན་པོར་ངོ་སྤྲད་པ་ཡིན་ནོ། །མཉམ་བཞག་ལྟ་བུ་ལ་མཚོན་ན། ཕྱི་སྒོ་ལྔའི་ཤེས་པ། ནང་དུས་གསུམ་ཡིད་ཀྱི་འཁྲུལ་རྟོག །ཉམས་བདེ་གསལ་མི་རྟོག་པའི་ཤུན་པ་དང་བྲལ་ནས་གདོད་མའི་གཤིས་ཐོག་ཏུ་ཕེབས་པས། ཤེས་རིག་གོ་མ་འགགས་པ་ཀུན་ཤེས་ཀུན་རིག་གི་བདག་ཉིད་ཅན་དེ་ལ་བཟོ་བཅོས་མེད་པ་ལ་ད་ལྟའི་ཐ་མལ་གྱི་ཤེས་པའམ། རིག་སྟོང་ཐ་མལ་གྱི་ཤེས་པ་ཟེར་བ་ཡིན། འཁྲུལ་རྟོག་ཐ་མལ་གྱི་ཤེས་པ། ཉམས་ཞེན་ཐ་མལ་གྱི་ཤེས་པ་དང་མི་འདྲའོ། །གཉིས་པ་གཞི་སྣང་བཤད་པ་ལ། ལྷུན་གྲུབ་ཀྱི་སྣང་བ་དང་། གཞི་སྣང་ཆེན་མོ་ལོངས་སྐུ་དང་། སྤྲུལ་སྐུ་འཆར་ཚུལ་སོགས་བར་དོ་བཤད་པའི་སྐབས་ལས་ཤེས་སོ། །གསུམ་པ་ཀུན་ཏུ་བཟང་པོའི་གྲོལ་ཚུལ་ནི། སེམས་ཅན་ཐམས་ཅད་འཆི་བའི་ཚེ། སྔ་མའི་ལུས་སེམས་ཐམས་ཅད་སྡུད་ཅིང་ཁམས་དཀར་དམར་ནག་གསུམ་གྱི་སྣང་བ་དང་བཅས། བདེ་གསལ་མི་རྟོག་གི་ཉམས་དང་ཀུན་རྟོག་བརྒྱད་ཅུ་སོགས་འཁྲུལ་རྟོག་ཐམས་ཅད་འགགས་ནས། འཆི་སྲིད་ཆོས་སྐུའི་འོད་གསལ། འཁོར་འདས་གཉིས་ཀྱི་སྤྱི་གཞི་རྟོགས་ཏེ་སངས་རྒྱས་མ་བྱུང་། སྐུ་གསུམ་སྟོན་པའི་སྐུར་མ་བཞེངས། མ་རྟོགས་ཏེ་སེམས་ཅན་མ་བྱུང་། འཁྲུལ་བའི་རླུང་སེམས་མ་མཆེད། ངོ་བོ་སྟོང་ཀྱང་གདངས་མ་འགགས། འཁོར་འདས་གཉིས་ཀ་འཆར་བའི་གཞིར་གནས་པ་ནི། གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཡིན་ནོ། །ནང་གསལ་གཞོན་ནུ་བུམ་པའི་སྐུའི་ཚུལ་ཏེ། གདངས་ཕྱིར་མ་ཤར་བས་བུམ་པ། གཏིང་གསལ་ཕྲ་བའི་ཡེ་ཤེས་མ་འགགས་པས་སྐུ་ཞེས་བརྗོད་པ་ཡིན། ཐུགས་རྗེའི་རིག་པ་ནང་དུ་གཡོས་པ་ལས། གཞོན་ནུ་བུམ་སྐུའི་རྒྱ་རལ་ཏེ་ཐོག་མའི་གཞི་ལས་གཞི་སྣང་ཤར་བ་ནི། ངོ་བོའི་སྟོང་གདངས་ནམ་མཁའ་ལྟ་བུ། སྟེང་དང་འོག་མེད་པ། མཐའ་དང་དབུས་མེད་པ། རང་བཞིན་འོད་གདངས་སྒྲ་འོད་ཟེར་གསུམ་གྱི་རྣམ་པ། ཐུགས་རྗེའི་རིག་གདངས་དཔྱོད་བྱེད་ཤེས་རབ་ཀྱི་རང་བཞིན་དུ་ཤར་བ་ལས། འཁྲུལ་གྲོལ་གཉིས་ཀ་འབྱུང་རུང་བས་ལམ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བརྗོད་པ་ཡིན། གཞི་སྣང་ཤར་བ་ལ་རང་སྣང་དུ་ཤེས། རང་སྣང་རང་བཞིན་མེད་པར་ཤེས་པ་རང་ངོར་སྣང་བ། གཞི་འཁྲུལ་གྲོལ་གང་ཡང་ལུང་དུ་མ་བསྟན་པའི་ཆ་ནས་གྲོལ་བའི་གཞི་ལས་འཕགས་པ། མ་རིག་པའི་བག་ཆགས་དག་རིག་པའི་རང་ངོ་མཐོང་བས་འཁོར་འདས་ཀྱི་བྱེ་བྲག་ཕྱེད་པ་དང་། དཔྱོད་བྱེད་ཀྱི་ཤེས་རབ་ཉིད་ཀྱང་ཆོས་ཀྱི་སྐུར་སྨིན་པས་སྣང་གསུམ་འཕོ་བའི་བག་ཆགས་རང་ཟད་རང་དག །ཤེས་སྒྲིབ་ཕྲ་བའི་བག་ཆགས་གཏན་དག་ཕྱེད་ཐོག་ཏུ་གྲོལ་བ། དེ་ལྟར་རྟོགས་པ་གཞན་རྐྱེན་ལ་མ་ལྟོས་པས་རང་སྟོབས་ཀྱི་རྟོགས་པས་ལུང་ལས་མ་བྱུང་བའི་མན་ངག ། སེམས་རྣམ་ཤེས་ཚོགས་བརྒྱད་ལས་མ་བྱུང་བའི་སངས་རྒྱས། རྒྱུ་དགེ་སྡིག་ལས་མ་བྱུང་བའི་འབྲས་བུ་སྟེ། ཁྱད་ཆོས་དྲུག་གི་བྱེ་བྲག་ཕྱེས་ནས། གཞི་སྣང་ཐམས་ཅད་ཤེལ་འོད་ནང་དུ་ཐིམ་པ་ལྟར། ཐོག་མའི་གྲོལ་སའི་གཞི་དབྱིངས་སུ་དལ་གཅིག་གནས་པ་ནི། འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཏེ་གྲོལ་ཚུལ་ལོ། །ཁྱད་ཆོས་དྲུག་གི་བརྗོད་ཚུལ་གཞན་དུ། གཞི་སྣང་དངོས་ཤར་དུས། སྣང་བ་ལྷུན་གྲུབ། ལྷུན་གྲུབ་རང་སྣང་། རང་སྣང་ཡེ་ཤེས། ཡེ་ཤེས་ཡེ་གྲོལ། ཡེ་གྲོལ་རང་རིག །རང་རིག་ཆོས་སྐུ་ཡིན་པས་ཐུགས་རྗེའི་རིག་པ་ཕྱིར་སྐད་ཅིག་མ་ཉུག་ཙམ་ཤར་བས་ཆོས་དྲུག་པོ་དེ་རྟོགས་ནས་སངས་རྒྱས་པར་གསུངས་པ་དང་། ཡང་ལུང་ལས་མ་བྱུང་བའི་མན་ངག །སེམས་ལས་མ་བྱུང་བའི་སངས་རྒྱས། རྒྱུ་ལས་མ་བྱུང་བའི་འབྲས་བུ། རང་སྣང་རང་ཤར། རང་གྲོལ་དུ་སངས་རྒྱས་སོ་ཞེས་བརྗོད་ཚུལ་ཐ་དད་པ་རྣམས་ཀྱང་དོན་ལ་གཅིག་གོ །བཞི་པ་མ་དག་སེམས་ཅན་གྱི་འཁྲུལ་ཚུལ་བཤད་པ་ལ་གསུམ། འཁྲུལ་བའི་རྒྱུ་རྐྱེན་བཤད་པ། འཁྲུལ་བའི་སྣང་ལུགས་བཤད་པ། སྣང་སེམས་ཀྱི་དབྱེ་བ་བཤད་པའོ། །དང་པོ་འཁྲུལ་བའི་རྒྱུ་རྐྱེན་བཤད་པ་ནི། གཞི་ལས་གཞི་སྣང་ཤར་བའི་ཚེ། རིག་པ་རང་གི་རྩལ་རང་ལ་སྒྲིབ་བྱེད་དུ་སོང་བ། རླུང་སེམས་ཤིན་ཏུ་ཕྲ་བ། རིག་པ་ལས་ལྡོག་ཙམ་མ་རིག་པ་རྨོངས་ཆ་ཅན། ཀུན་གཞིའི་རྣམ་ཤེས་དང་མཚུངས་ལྡན་གྱི་ཤེས་པ་ལུང་མ་བསྟན་དེ་རྒྱུ་བདག་ཉིད་གཅིག་པུའི་མ་རིག་པ་སྟེ་འཁོར་བའི་རྩ་བ་ཤེས་སྒྲིབ་ཕྲ་བའམ་ཤེས་སྒྲིབ་ཀྱི་ལྷག་རོ་ལ། ཡེ་ཤེས་རང་འགྲིབ། ལས་རླུང་སྦུན་པོ་སྟེ། འཁོར་བའི་རྒྱུ་མ་ནོར་བར་སོང་བ་ཡིན། དེ་ཉིད་ནུས་སྟོབས་ཆེར་སོང་བས་དཔྱོད་བྱེད་ཀྱིས་ཤེས་པ་ཕྲ་མོ་སྒོ་ལྔའི་ཤེས་པ་དང་མཚུངས་ལྡན། ཡུལ་སྣང་ཡང་འཛིན་མི་ནུས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ། དེ་ལས་ནུས་པ་ཆེར་འཕེལ་ནས་དམིགས་དོན་བདག་རྟོག་གི་མགོ་བརྩམ་ས་ཏེ་མ་རིག་པ་ཡིད་ཤེས་དང་མཚུངས་ལྡན་དེ་ཀུན་ཏུ་བརྟགས་པའི་མ་རིག་པ་སྟེ། དེ་གསུམ་ཚོགས་ཤིང་འདུས་པ་ལས་རྐྱེན་བཞི་ཇི་ལྟར་མཆེད་ཚུལ་ནི། ཆོས་ཉིད་ཡུལ་གྱི་འཁྲུལ་གཞི། འོད་ལྔ་སྣོད་བཅུད་ཀྱི་འཁྲུལ་གཞི། རིག་པ་སེམས་ཀྱི་འཁྲུལ་གཞི། ངོ་བོའི་སྟོང་གདངས་རང་བཞིན་འོད་གདངས་གཉིས་ཡུལ་རྒྱུའི་རྐྱེན། ཐུགས་རྗེའི་རིག་གདངས་དཔྱོད་བྱེད་ཀྱི་རྣམ་པར་ཤར་བ་ཡུལ་ཅན་བདག་པོའི་རྐྱེན། ཡུལ་ཅན་རིག་གདངས་ཀྱིས་ཡུལ་འོད་གདངས་ལ་དམིགས་པ་འཛིན་པའི་རྐྱེན། རྐྱེན་གསུམ་པོ་དུས་གཅིག་ཏུ་མཚུངས་པར་ལྡན་པ་ལས་འཁྲུལ་བ་རྒྱུན་མ་ཆད་པར་འབྱུང་བའི་རྐྱེན་བྱེད་པས་དེ་མ་ཐག་པའི་རྐྱེན་ཏེ། རྒྱུ་གསུམ་རྐྱེན་བཞིའི་དབང་གིས་ལས་དགེ་བའི་འབྲས་བུ་མཐོ་རིས། མི་དགེ་བའི་ལས་ཀྱིས་ངན་སོང་། མི་གཡོ་བའི་ལས་ཀྱིས་ཁམས་གོང་མ་གཉིས་ཏེ་འཁོར་བ་ལ་རྒྱུ་དེ་གསུམ་ལས་ཡོད་པར་མདོ་སྔགས་ཀྱི་སྟོན་པས་མ་གསུངས་སོ། །

༈ གཉིས་པ་འཁྲུལ་བའི་སྣང་ལུགས་ནི། དེ་ལྟར་འགྲོ་བ་རིགས་དྲུག་གི་གནས་སྣོད་ཀྱི་འཇིག་རྟེན། བཅུད་ཀྱི་སེམས་ཅན། གནས་ལུས་ལོངས་སྤྱོད་དང་། འཁྲུལ་བ་འཁྲུལ་སྣང་དང་བཅས་པ་འདི་ཐོག་མའི་གཞི་ལ་མ་གྲུབ། མཐར་ཐུག་འབྲས་བུར་མ་གྲུབ། ད་ལྟ་ལམ་གྱི་གནས་ཚུལ་ལ་མ་གྲུབ། འཁྲུལ་གཞི་མ་རིག་པ་ཙམ་ཡང་མ་གྲུབ་པས་ནམ་མཁའི་སྐྲ་ཤད་ཙམ་ལས་ངོ་བོ་རྡུལ་ཕྲན་ཙམ་དུ་གྲུབ་མ་མྱོང་། སྟོང་གཟུགས་ཉག་གཅིག་གི་སྣང་བ་ཡིན་པས་ཕྱི་རོལ་དོན་དུ་གྲུབ་པ་མེད་དོ། །

༈ གསུམ་པ་སྣང་སེམས་ཀྱི་དབྱེ་བ་བཤད་པ་ནི། འོ་ན་སྣོད་བཅུད་ཡོད་ཡོད་གྲུབ་གྲུབ་ཏུ་སྣང་བ་འདི། སེམས་ཡིན་ནམ་ཟེར་ན། སེམས་མ་ཡིན་ཏེ་སེམས་ཀྱི་འཁྲུལ་སྣང་གི་བག་ཆགས་ཡིན་པས། སེམས་དང་སེམས་ལས་གཞན་དུ་གྲུབ་པ་རྡུལ་ཙམ་ཡང་མེད། དཔེ་རྨི་ལམ་གྱི་སྣང་བ་གཉིད་ཀྱི་ངང་ལས་མ་འདས་པ་ལྟ་བུའོ། །རྨི་ལམ་གྱི་སྐབས་སུ་ནོར་བུ་རྙེད་ནས་ལོངས་སྤྱད་དེ་སད་པའི་ཚེ་ཐོག་མར་ནོར་བུ་རྙེད་མ་མྱོང་། བར་དུ་ལོངས་སྤྱོད་པའི་གཞིར་མ་གྲུབ། ཐ་མ་འགག་པའམ་སྟོར་བ་མེད་པ་ལྟར་སྣང་ཤེས་གཉིས་ཀ་གཞིར་མ་གྲུབ་པའོ།།

༈ རྗེས་ཉམས་ལེན་གྱི་སྐྱོང་ཚུལ་ནི། ལམ་གྱི་ཁྱད་པར་བཤད་པ་དང་། ལམ་དངོས་བཤད་གཉིས་ལས། དང་པོ་ནི་སེམས་ཀློང་མན་ངག་གི་སྡེ་གསུམ་གྱི་ཁྱད་པར་ནི། དང་པོ་སེམས་སྡེ་བས། བྱང་ཆུབ་སེམས་ཀྱི་ངོ་བོ་ནི་གང་དུའང་མ་གྲུབ་ལ། གང་གི་ཡང་གཞིར་གྱུར་པ། འོད་གསལ་བའི་ཡེ་ཤེས་ནམ་མཁའ་ལྟ་བུའོ། །དེའི་རྩལ་གདངས་མ་འགགས་པ་ཚོགས་དྲུག་གི་ཡུལ་ལ་ཆ་མཉམ་པ་བཀྲ་ལམ་མེར་གསལ་བ། མེ་ལོང་ལ་གཟུགས་བརྙན་ལྟ་བུ། བྱིང་རྨུགས་ཀྱི་སྐྱོན་ཐམས་ཅད་དང་བྲལ་བ་དེ་ཡིན། རོལ་བ་ཡུལ་སྣང་གང་ཡིན་ཡང་སྒྱུ་མའི་རྣམ་རོལ་དུ་རྟོགས་པའོ། །གཉིས་པ་ཀློང་སྡེ་བས། ཆོས་ཅན་ཕྱི་ནང་གི་སྣང་བ་ཇི་སྙེད་པ་ཐམས་ཅད་ཆོས་ཉིད་སྐྱེ་བ་མེད་པ་ཀུན་ཏུ་བཟང་མོའི་ཀློང་ལས་གྲོལ་ས་གཞན་མེད་པས་གཉེན་པོ་མཐའ་ལས་གྲོལ་བ་བྱ་བྲལ་ཀློང་གི་སྡེ་བའོ། །གསུམ་པ་མན་ངག་གི་སྡེ་ནི། དེ་གཉིས་རིག་སྟོང་ཟུང་འཇུག་ཏུ་རྟོགས་ཤིང་། ཡིན་ལུགས་གཤིས་ཐོག་ཏུ་ཕེབས་པ། སྤང་གཉེན་གཉིས་ཀྱི་མཐའ་ལས་གྲོལ་བ་ཟབ་པ་མན་ངག་གི་སྡེ་བའོ། །ཡེ་ཤེས་གཙོ་བོར་བྱེད་པ་སེམས་སྡེ། དབྱིངས་གཙོ་བོར་བྱེད་པ་ཀློང་སྡེ། ཟུང་འཇུག་གཙོ་བོར་བྱེད་པ་མན་ངག་སྡེ་བ་ཡིན་ནོ། །

༈ གཉིས་པ་ལམ་དངོས་བཤད་པ་ལ་གསུམ་སྟེ། གྲོལ་ལུགས་ཀྱི་གདངས་༼གནད་༽བཤད་པ། ཤན་འབྱེད་ཀྱི་འཕྱོང་བཤད་པ། བཞག་ཐབས་ཀྱི་གནད་བཤད་པའོ། །དང་པོ་ལ་ལྔ་ལས། དང་པོ་ཡེ་གྲོལ་ནི། འཆར་གཞི་རིག་སྟོང་ཟུང་འཇུག་དེ་ཉིད། ཕུང་ལྔ་དང་རྣམ་ཤེས་ཚོགས་བརྒྱད་ཀྱི་ཉེར་ལེན་དགེ་སྡིག་སོགས་གང་གིས་མ་གོས་པས། འཆིང་གྲོལ་ལས་འདས་པས། གཟོད་འབད་དེ་བསྐྱར་ནས་གྲོལ་མིི་དགོས་པ་དང་། འཆར་ཆོས་སྣང་ཤེས་གཉིས་ཀ་གཞིའི་ཐོག་མཐའ་བར་གསུམ་ན་གྲུབ་མ་མྱོང་བས། ཡུལ་ཡུལ་ཅན་གཉིས་ཀ་ཡེ་ནས་གྲོལ་བ། ཡང་གྲོལ་མི་དགོས་པ། སྔར་ནས་གྲོལ་ཚར་བ་ལྟ་བུ་ཡིན། དང་པོ་སྐྱེ་རྒྱུའི་སྟེང་ཤར་གནས་གྲོལ་གསུམ། བར་དུ་གནས་ས་གནས་པ་ངོ་བོས་སྟོང་། ཐ་མ་འགགས་པ་རང་གི་མཚན་ཉིད་ཀྱིས་སྟོང་པའོ། །གཉིས་པ་རང་གྲོལ་ནི། གཉེན་པོ་ལ་ལྟོས་པ་མེད་པས་རྐྱེན་གཞན་གྱིས་གྲོལ་བའང་མིན། རང་གིས་རང་ལ་གྲོལ་བའི་བྱ་བ་བྱེད་པའང་མ་ཡིན་ཏེ། རིག་པ་རྐྱེན་ཐུབ་དུས་རྟོག་པས་ཚུགས་མི་ཐུབ་པར་སྦྲུལ་མདུད་བཞིན་རང་ཡལ་རྗེས་མེད་དུ་དག་པ་ཡིན། གསུམ་པ་ཅེར་གྲོལ་ནི། སྣང་ཤེས་ཀྱི་རྟོག་པ་མཐོང་ཐོས་ཆོས་སྤྱི་ལ་བསླབ། ཆོས་ཅན་དུམ་བུ་ལ་བསླབ་པ། ཀ་བ་སོགས་ཐམས་ཅད་མགོ་འབུར་ཙམ་ནས་མིག་གི་ལྟ་སྟངས་ཐོག་བབ་ཆེན་པོའི་གནད་ཀྱིས་གཟིར་ཏེ་ཅེར་གྱིས་གྲོལ་བ་ནི་ཤེས་པ་ཡུལ་ལ་མ་ཞེན། སྣང་བས་ཤེས་པ་ལ་མ་གོས། སྣང་ཤེས་ཀྱི་འབྲེལ་ཐག་ཆད། གནས་འགྱུའི་བར་ལག་འགྱེལ། སྣང་བ་བདེན་མེད་ལ་རིག་པ་རྟེན་མེད་དུ་ཤར། འགག་མེད་དུ་ཤར། ཞེན་མེད་དུ་རོལ། རྟེན་མེད་དུ་གྲོལ་ནས། སྣང་ཤེས་གཉིས་པོ་མཐོང་སར་ཡལ་བའོ། །བཞི་པ་མཐའ་གྲོལ་ནི། རིག་པའི་ངོ་བོ་སྐྱེ་མེད་ཀྱི་ཆ་ནས་ཡོད་མཐའ་ལས་གྲོལ་ཡང་། འགག་མེད་ཀྱི་ཆ་ནས་མེད་མཐའ་ལ་མི་གནས། རྒྱུན་མི་ཆད་པས་མེད་མཐའ་ལས་གྲོལ་ཡང་རྟག་དངོས་མ་ཡིན་པས་ཡོད་མཐའ་ལ་མི་གནས། རྩལ་སྣང་སྣ་ཚོགས་སུ་འཆར་བས་གཅིག་པུར་མ་གྲུབ་པ་དང་། ངོ་བོ་སྤྲོས་པ་དང་བྲལ་བས་དུ་མར་གདགས་པའི་མཐའ་ལས་གྲོལ་བའི་རང་བཞིན་ནི་ཀུན་ཏུ་བཟང་པོ་སྟེ། ཕྱི་ཡུལ་ལ་ཕར་མི་བསམ། ནང་སེམས་ལ་ཚུར་མི་རྟོག །བར་སྐྱེ་མེད་ལ་རང་སར་མི་འཇོག་པར་རིག་པ་རྗེན་ལ་ཕུད་ནས་འཇོག་པའོ། །ལྔ་པ་གཅིག་གྲོལ་ནི། བདེན་གཉིས་དབྱེར་མེད་རིག་པ་སྤྲོས་བྲལ། ཆོས་སྐུ་ཐིག་ལེ་ཉག་གཅིག །ཡེ་ཤེས་ཟང་ཐལ་གཅིག་པུའི་ངང་མ་ཤོར་ན་ལུས་ཀྱི་འགྲོ་འདུག ངག་གི་སྨྲ་བརྗོད། ཡིད་ཀྱི་བསམ་རྟོག་ཐམས་ཅད་མེད་པ་གསལ་སྣང་ཙམ་ལས་རིག་པའི་ངོ་བོར་མ་གྲུབ་པས། རྒྱལ་བའི་སྐུ་གསུང་ཐུགས་སུ་རང་ཤར་བའོ། ༈ །གཉིས་པ་ཤན་འབྱེད་ཀྱི་འཕྱོང་བཤད་པ་ལ་བཅུ་སྟེ། སེམས་རིག་དོན་གྱི་ཤན་འབྱེད། གནས་པ་ངོ་བོའི། འཕྲོ་བ་རྩལ་གྱི། གྲོལ་ཚུལ་གནད་ཀྱི། ཀུན་གཞི་ཆོས་སྐུའི། འཁྲུལ་གྲོལ་སྐབས་ཀྱི། གཞི་འབྲས་ལྷུན་གྲུབ་ཀྱི། ལམ་འབྲས་ཀ་དག་གི བར་དོ་ལྷ་ཡི། དབུགས་འབྱིན་ཞིང་གི་ཤན་འབྱེད་བཤད་པའོ། །

དང་པོ་སེམས་རིག་དོན་གྱི་ཤན་འབྱེད་ནི། སེམས་གནས་པ་དང་འཕྲོ་བ་ལྟ་བུ་ལ་དབྱེ་བ་མ་ཡིན་ཏེ། ད་ལྟའི་ཐད་ཀའི་ཤེས་པ་གསལ་རིག་གི་ཆ་གཉིས་ལ་ཤན་འབྱེད་པ་སྟེ། སེམས་ནི་རྣམ་ཤེས་ཚོགས་བརྒྱད། སེམས་བྱུང་ལྔ་བཅུ་རྩ་གཅིག །ཀུན་རྟོག་བརྒྱད་བཅུ་དང་བཅས་པ་ནི། འདུས་བྱས་སྐད་ཅིག་མ། མ་རིག་པ། སྐྱེ་འགག་ཅན། རྐྱེན་ཁ་ལ་ལྟོས་པ། གྲོལ་འཁྲུལ་ཅན། དུས་གསུམ་ལ་ལྟོས་པ་སོགས་ཡིན་ལ། རིག་པ་ནི་དེ་དག་ལས་འདས་པ། འདུས་མ་བྱས། ཟང་ཐལ་རྗེན་པའི་ཡེ་ཤེས་ཡིན་ཏེ། ནོར་ས་དང་འཛོལ་ས་མེད་དོ། །དེ་རྣམས་ཞག་བདུན་རེ་བསྒོམ་པ་བླ་མ་རྣམས་ཀྱི་ཕྱག་བཞེས་ཡིན་ནོ། །སེམས་རིག་གཉིས་ཤེས་པ་གཉིས་ཕྱེ་བ་ཡིན། སེམས་དང་ཡེ་ཤེས་རླུང་དང་སྦྱར་བ་ཡིན་ནོ། །

༈ གཉིས་པ་གནས་པ་ངོ་བོའི་ཤན་འབྱེད་ནི། སེམས་རྟོག་མེད་རྩེ་གཅིག་ཏུ་གནས་པ་དང་། རིག་པ་རྟོག་མེད་རྩེ་གཅིག་དུ་གནས་པ་གཉིས་གནས་པ་ཙམ་དུ་འདྲ་ཡང་སེམས་བདེ་གསལ་མི་རྟོག་པའི་ཉམས་ཞེན་དང་མི་འབྲལ། རིག་པ་ཡུལ་མེད་ཟང་ཐལ་དུ་གནས་པ་ཡིན། སེམས་ནི་ལྟེང་ཀའམ་རྫིང་བུ་ལྟ་བུར་ལྟེམ་མེ་གནས་པ་ཡིན། རིག་པ་ནི་ལྷག་མཐོང་གསལ་བའི་ཡེ་ཤེས་ཡུལ་ལ་མ་ཤར་བའོ། །འདྲ་གཞི་བཅུ་དྲུག་ལས་དང་པོ་གསུམ་འདིར་སྦྱར་རོ། ༈ །གསུམ་པ་འཕྲོ་བ་རྩལ་གྱི་ཤན་འབྱེད་ནི། རིག་པ་དང་མ་རིག་པ་གཉིས་ཀྱི་རྩལ་ཡུལ་ལ་འཆར་ཚུལ་ཙམ་དུ་འདྲ་ཡང་། གྲོལ་ཚུལ་མི་འདྲ་སྟེ། རིག་པའི་དཔེ་དངུལ་ཆུ་ས་ལ་ལྷུང་བ་ལྟར་ཡུལ་མི་འཛིན། སེམས་ཀྱི་དཔེ་བཅོ་ལྔའི་ཟླ་འོད་སེམས་དང་འདྲེས་པའམ། ས་སྐམ་དང་ཆུ་ཐིགས་འཕྲད་པ་ལྟར་ཡུལ་འཛིན་པའོ། །འདྲ་གཞི་ནས་བཞི་པ་དང་བཅུ་གསུམ་བཅུ་བཞི་འདིར་བྱའོ། ༈ །བཞི་པ་གྲོལ་ཚུལ་གནད་ཀྱི་ཤན་འབྱེད་ནི། དེ་ལྟར་སེམས་དང་རིག་པ་གཉིས་པོའི་ཁྱད་པར་ཤེས་ནས་འཁོར་བའི་རང་བཞིན་སེམས་ཀྱི་ཆ་རང་གྲོལ་དུ་དག་ནས། རིག་པའི་ངོ་བོ་མངོན་དུ་འགྱུར་བའི་ཚུལ་ནི། ཐེག་བརྒྱད་ཀྱིས་ཤར་ཆོས་ཉམས་སུ་བླངས་ཏེ་ལམ་དུ་བྱེད། རྫོགས་ཆེན་པས་འཆར་གཞི་ཉམས་སུ་བླངས་ཏེ་ལམ་དུ་བྱེད་པ་ཡིན། དེ་ཡང་ཉན་ཐོས་པས་སྤང་། བྱང་ཆུབ་སེམས་དཔས་སྦྱང་། སྔགས་ཕྱི་པས་བསྒྱུར། ནང་པ་མ་ཧཱ་དང་ཨ་ནུས་དང་དུ་བླངས་ནས་ཐབས་ཀྱིས་ལམ་དུ་བྱེད། སེམས་སྡེ་བས་རྩལ་དང་དེ་ལས་ཤར་བ་ངོ་ཤེས་ནས་གྲོལ་བར་བྱེད། ཀློང་སྡེ་བས་སྟོང་ཆེན་དབྱིངས་ཀྱི་རྒྱན་དུ་རྟོགས་ནས་རང་སར་བཞག་ནས་གྲོལ་བར་འདོད། མན་ངག་སྡེ་བས་རིག་སྟོང་ཟུང་འཇུག་གི་ངང་དུ་སྤང་གཉེན་མེད་པར་གྲོལ་བ་ཡིན། སེམས་སྡེ་བས་སེམས་ཀྱིས་སེམས་མི་མཐོང་བས་སེམས་ཀྱིས་སེམས་མི་གྲོལ། ཀློང་སྡེ་བ་ལྟར་ན། སྣང་བའི་མདུན་ན་མུན་པ་མི་གནས་པ་ལྟར། དབྱིངས་དང་རིག་པའི་ངོ་བོ་ལ་མ་རིག་པའི་སེམས་མེད་པའི་ཕྱིར་ཡེ་ཤེས་ཀྱིས་སེམས་མི་མཐོང་བས་དབྱིངས་ཀྱི་ངང་དུ་གྲོལ་བའང་མི་འདོད། མན་ངག་སྡེ་བས་རིག་པའི་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཀློང་ན་ཆོས་ཅན་རང་ངོ་ནས་སྟོང་པ་དང་། ཆོས་ཉིད་གཞན་ངོས་ནས་སྟོང་པའི་གྲུབ་མཐའ་དང་འདོད་ཞེན་ཐམས་ཅད་ཚུགས་མི་ཐུབ་པར་སྤང་གཉེན་ཀུན་རང་གྲོལ་རྗེས་མེད་དུ་ཞིག་པ་ནི་ཤིན་ཏུ་ངོ་མཚར་བས་ན་ལམ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །

༈ ལྔ་པ་ཀུན་གཞི་ཆོས་སྐུའི་ཤན་འབྱེད་ནི། ཀུན་གཞི་དང་ཆོས་སྐུ་གཉིས་ངོ་བོ་རྟོག་མེད་ཙམ་དུ་འདྲ་ཡང་། ཀུན་གཞི་ནི་མ་རིག་པ་དངོས་ཡིན། སེམས་དང་སེམས་བྱུང་ཐམས་ཅད་འབྱུང་བའི་གཞི། ཁམས་གསུམ་གྱི་བག་ཆགས་ཐམས་ཅད་ཐོག་མར་འཇོག་པའི་རྟེན། བར་དུ་འཛིན་པའི་ལམ། ཐ་མ་སྨིན་པའི་སྣོད་དུ་གྱུར་བ་ཀུན་གཞི་རྟོག་མེད། ངོ་བོ་ལུང་མ་བསྟན། རྣམ་པ་ཤེས་པ་རྨུན་པོ། བདེ་གསལ་མི་རྟོག་པའི་ཉམས་གང་རུང་ལས་མ་འདས་པའོ། །དཔེ་མ་རིག་པ་གྲུ་ལྟ་བུ། རྣམ་ཤེས་ཚོགས་བརྒྱད་མི་ལྟ་བུ། གནས་དོན་ལུས་གསུམ་ཡོ་བྱད་ལྟ་བུ། ངོ་བོའི་དབྱིངས་ལ་རྨོངས་པའི་མ་རིག་པ་ཡེ་དོན་གྱི་ཀུན་གཞི། རང་ངོ་རིག་ན་གྲོལ་བར་སྦྱོར་ཞིང་། མ་རིག་ན་འཁོར་བར་སྦྱོར་བས་སྦྱོར་བ་དོན་གྱི་ཀུན་གཞི། གདོས་བཅས་ཤ་ཁྲག་གི་ལུས་འདོད་ཁམས། གཟུགས་ཁམས་འོད་ཀྱི་ལུས། གཟུགས་མེད་ཡིད་རིག་གི་ལུས་གསུམ་གྱི་བག་ཆགས་ཡོད་པའི་ཆ་ནས་བག་ཆགས་ལུས་ཀྱི་ཀུན་གཞི། ལས་དགེ་སྡིག་དང་མི་གཡོ་བའི་ལས་ཏེ་ཁམས་གསུམ་གྱི་བག་ཆགས་དང་མཚུངས་པར་ལྡན་པའི་བག་ཆགས་སྣ་ཚོགས་པའི་ཀུན་གཞིའོ། །ཆོས་སྐུ་ནི་མ་རིག་པའི་གཞན་དབང་དུ་མ་གྱུར་པའི་ཡེ་ཤེས་ཀྱི་རྟེན་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་གཟུང་འཛིན་དང་ལྷན་ཅིག་མི་གནས་པ། ལས་དང་བག་ཆགས་ཀྱིས་མ་སྦགས་པའི་ཆ་ནི་ཆོས་སྐུ་ཡིན་ཏེ། དེ་རྒྱ་མཚོ་གཏིང་གསལ་ལྟ་བུའོ། །

༈ དྲུག་པ་འཁྲུལ་གྲོལ་སྐབས་ཀྱི་ཤན་འབྱེད་ནི། ད་ལྟའི་རིག་པ་རྗེན་པ་ལ་འཁྲུལ་གྲོལ་གཉིས་ཀ་མི་སྲིད་ཀྱང་། གཞི་སྣང་ཤར་བའི་སྐབས་སུ་ངོ་ཤེས་ན་གྲོལ་བ། མ་ཤེས་ན་འཁྲུལ་བར་འགྱུར་བས། འཁྲུལ་གྲོལ་གྱི་ཤན་དབྱེ་བའོ། །ད་ལྟའི་རིག་པ་རྗེན་པ་ལ་མཉམ་པར་བཞག་པ་དེས། མཉམ་བཞག་ལ་བརྟན་པ་ཐོབ་ཅིང་། གཉིད་འཐུག་གི་བག་ཆགས་སྦྱངས་ནས་འཐུག་པོའི་འོད་གསལ་ཟིན། འཆི་སྲིད་ཆོས་སྐུའི་འོད་གསལ་སྦྱང་ཞིང་ཆོས་སྐུར་གྲོལ་བར་བྱེད། རྗེས་ཐོབ་རྟོག་པ་རྩལ་སྦྱང་གིས་མཉམ་བཞག་གི་བསྒོམ་པ་རྗེས་ཐོབ་དང་བསྲེ། རྨི་ལམ་གྱི་བག་ཆགས་སྦྱང་ཞིང་། ཆོས་ཉིད་བར་དོར་གཞི་སྣང་གི་སྣང་བ་རང་སྣང་དུ་རྟོགས་ཤིང་ལོངས་སྐུར་གྲོལ་བ་དང་། སྲིད་པ་བར་དོར་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བ་སོགས་ཉམས་ལེན་ཐམས་ཅད་ལ་མདའ་སྔོན་དུ་འབེན་བཞག་པ་ལྟ་བུ འམ་ངེས་པ་རྙེད་དགོས་སོ། །

༈ བདུན་པ་གཞི་འབྲས་ལྷུན་གྲུབ་ཀྱི་ཤན་འབྱེད་ནི། འཁོར་འདས་མ་བྱུང་བའི་ཐོག་མའི་སྤྱི་གཞི་དང་། མཐར་ཐུག་གྲོལ་སའི་ཐོག་མའི་གཞི་གཉིས་གཞི་ཡིན་པ་ཙམ་དུ་འདྲ་ཡང་། འཁྲུལ་གཞི་བྱེད་མི་བྱེད་ཀྱི་ཁྱད་པར་ཡོད་པའོ། །

༈ བརྒྱད་པ་ལམ་འབྲས་ཀ་དག་གི་ཤན་འབྱེད་ནི། རིག་པ་གནས་ཚུལ་གྱི་དབང་དུ་བྱས་ན། དུས་གསུམ་འཕོ་འགྱུར་མེད་པར་བཞུགས་ཀྱང་། གང་ཟག་གིས་མཐོང་བའི་དབང་དུ་བྱས་ན་ད་ལྟ་རིག་པ་སྐད་ཅིག་ཙམ་ལས་མི་མཐོང་བའི་ད་ལྟའི་ལམ་གྱི་རིག་པ་དང་། མཐར་ཐུག་གི་འབྲས་བུའི་རིག་པ་གཉིས་དབྱིངས་རིག་ཟུང་འཇུག་ཙམ་དུ་འདྲ་ཡང་ལས་རླུང་གིས་ཤན་ཞུགས་མ་ཞུགས་ཀྱི་ཁྱད་པར་ཡོད་དོ། །

༈ དགུ་པ་བར་དོ་ལྷ་ཡི་ཤན་འབྱེད་ནི། ཆོས་ཉིད་བར་དོར་རིག་གདངས་ལྷུན་གྱིས་གྲུབ་པའི་ལྷ་སྐུ་དང་། སྲིད་པ་བར་དོར་རླུང་སེམས་ཙམ་གྱི་སྒྱུ་ལུས་ཀྱི་ལྷ་སྐུ་གཉིས། ལྷ་སྐུ་སྣང་བ་ཙམ་དུ་མཚུངས་ཀྱང་། རྒྱ་ཆེ་ཆུང་དང་། གྲོལ་མི་གྲོལ་གྱི་ཁྱད་ཆེའོ། །

༈ བཅུ་པ་དབུགས་འབྱིན་ཞིང་གི་ཤན་འབྱེད་ནི། ཐེག་པ་འོག་མས་གྲངས་མེད་གཅིག་ལ་སོགས་པའི་ཡུན་རིང་པོའི་མཐར་ས་དང་པོ་ཐོབ་ནས་ས་བཅུ་པའི་བར་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་མཐོང་བ་དང་། རྫོགས་ཆེན་གྱི་ལམ་ལ་ཞུགས་པའི་གང་ཟག་སྐལ་བ་དང་ལྡན་པས་ཚེ་འདི་བརྗེས་མ་ཐག་རང་བཞིན་སྤྲུལ་སྐུའི་ཞིང་དུ་རྨི་ལམ་སད་པའི་ཚུལ་དུ་དབུགས་དབྱུང་བ་གཉིས་ཞིང་སྣང་ཙམ་དུ་འདྲ་ཡང་། ལམ་སྣང་གི་རྩལ་རྫོགས་ནུས་མི་ནུས་ཤེས་ཉམས་ཀྱི་ཁྱད་པར་ཡོད་དོ། །

༈ གསུམ་པ་བཞག་ཐབས་ཀྱི་གནད་བཤད་པ་ནི། ལ་བཟླ་གསུམ། བཞག་ཐབས་བཞི། གཟེར་བུ་བདུན་གྱི་འདས་རྗེས་དང་སྦྱར་ནས་གསུངས་པ་ནི། ངོ་རང་ཐོག་ཏུ་སྤྲད་པ་ལྟ་བ། ཐག་གཅིག་ཐོག་ཏུ་བཅད་པ་སྒོམ་པ། གདེངས་གྲོལ་ཐོག་ཏུ་བཅའ་བ་སྤྱོད་པ་དང་གསུམ་དུ་གསུངས། འོག་མའི་ལྟ་བ་ཐམས་ཅད་ལས་གྲོལ་བར་འདོད་ན་ལྟ་བ་རི་བོ་ཅོག་བཞག བསྒོམ་པའི་ནུས་པ་སྟོབས་དང་ལྡན་པའམ་འབྲས་བུ་སྐུ་གསུམ་མངོན་དུ་འགྱུར་བར་འདོད་ན་སྒོམ་པ་རྒྱ་མཚོ་ཅོག་བཞག །སྤྱོད་པའི་རྩལ་སྦྱང་བར་འདོད་ན་སྤྱོད་པ་སྣང་བ་ཅོག་བཞག །འབྲས་བུ་སྐུ་གསུམ་མངོན་ཏུ་གྱུར་བར་འདོད་ན་འབྲས་བུ་རིག་པ་ཅོག་བཞག་བྱའོ། །ལྟ་བ་རི་བོ་ཅོག་བཞག་ནི། འཆར་གཞིའི་རིག་པ་ཟང་ཐལ་རྗེན་པ་ཉིད་ཕུང་པོ་ལྔ་དང་། རྣམ་ཤེས་ཚོགས་བརྒྱད་ཀྱི་རྟོག་པ་སོགས་ཀྱིས་གཡོ་མི་ནུས་པར། རི་རྒྱལ་ལྟར་སྡོད་ཚུགས་པ་དང་། ངོ་སྤྲོད་ཀྱི་མན་ངག་ཀྱང་། ཚིག་ལ་ལྷག་ཆད་དང་། དོན་ལ་ནོར་འཁྲུལ་གྱི་གཡོ་བ་མེད་པ། བརྒྱུད་པའི་ཕྱག་བཞེས་དང་ལྡན་པ། སློབ་མས་ཀྱང་ཡིན་མིན་གྱི་ཐེ་ཚོམ་གཞན་གྱི་གོལ་བ་དང་། འཁྲུལ་རྟོག་ཉམས་ཞེན་གྱི་གཡོ་བ་མེད་པར་ད་ལྟའི་རིག་པ་ཐད་ཀར་ངོ་འཕྲོད་ན་རབ། མིན་ཀྱང་རྗེས་དཔག་གི་ངེས་ཤེས་ཁྱད་པར་ཅན་གྱིས་དྲངས་པ་ཞིག་དགོས་ངེས། སྒོམ་པ་རྒྱ་མཚོ་ཅོག་བཞག་ནི། རིག་སྟོང་ཟུང་འཇུག་གི་ལྟ་བ་རང་གསལ་སྒྲིབ་གཡོགས་དང་བྲལ་བའི་ངང་དུ་མཉམ་པར་བཞག་པའི་ཚེ། སྒོ་ལྔ་ཧར་སང་རྒྱ་ཡན་ལ། ཚོགས་དྲུག་གི་སྣང་བ་མ་འགགས་པ་ལྷུག་པར་ཆ་མཉམ་པར་གནས་པ་ནི། དཔེ་རྒྱ་མཚོ་ལ་རྐྱེན་སོགས་ཀྱིས་མ་དཀྲུགས་པར་གཟའ་སྐར་སོགས་སྣང་ཡུལ་བཀྲ་ལམ་མེར་གསལ་བ་བཞིན་འཇོག་པ་ཡིན། སྤྱོད་པ་སྣང་བ་ཅོག་བཞག་ནི། བློ་གཟུ་བོར་གནས་པའི་གང་ཟག་གིས་ལྷ་ཁང་མཇལ་བ་ལྟར་སྣང་ཤེས་ཐམས་ཅད་མཉམ་པར་རང་གྲོལ་དུ་སོང་བ་སྟེ་གྲོལ་ཚུལ་ལྔ་དང་འདྲའོ། །འབྲས་བུ་རིག་པ་ཅོག་བཞག་ནི། མཐར་ཐུག་སྒྲིབ་གཉིས་ཡོངས་སུ་དག་ནས་འབྲས་བུ་སྐུ་གསུམ་མངོན་ཏུ་གྱུར་པ་དང་། གནས་སྐབས་རིག་པའི་རང་ཚུགས་ཟིན་ན་སླར་ཤར་གྲོལ་དུ་སོང་བ་འབྲུམ་ནད་བྱང་བའི་སྐྱེས་བུའམ། བསེ་ཤིང་གི་འབྲས་བུ་སླར་རྒྱུར་མི་ལྡོག་པ་ལྟ་བུའོ། ༈ །ཡེ་ཤེས་ཟང་ཐལ་གྱི་གཟེར་དང་། ལྟ་བ་གྲོལ་ཡན་གྱི་གཟེར་གཉིས་ལྟ་བ། སྒྲོན་མ་རང་དག་གི་གཟེར་དང་། སྒོ་ལྔ་རང་ཡན་གྱི་གཟེར་གཉིས་སྒོམ་པ། ངོ་བོ་རང་དག་གི་གཟེར་དང་། རིག་པ་ཆོས་མིན་གྱི་གཟེར་གཉིས་སྤྱོད་པ། ཆོས་སྐུ་རང་རྫོགས་ཀྱི་གཟེར་འབྲས་བུ་སྟེ་ཅོག་བཞག་བཞི་ལ་སྦྱར་རོ། །

༼༈ གཉིས་པ་ཐོད་རྒལ་ལ། སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་གྱི་དང་པོ་ནི། ལུས་ངག་ཡིད་གསུམ་གྱི་རུ་ཤན་སྔོན་འགྲོ་སོགས་གཞན་ལས་ཤེས། གཉིས་པ་དངོས་གཞི་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ངོ་སྤྲད་པ་ནི། ལུས་གནད་བཞུགས་སྟངས་གསུམ་དང་། ངག་གནད་བསླབ་གནས་ལ་བཟླ་བརྟན་པ་བཞི། སེམས་གནད་རླུང་སེམས་ཀྱི་ཤན་མ་ཞུགས་པ་ནམ་མཁར་གཏད་པ་སྟེ། སྒོ་གསུམ་གྱི་གནད་ལ་གཟིར་ནས། སྒོ་གནད་རྒྱང་ཞགས་མི་འགུལ་བ་དང་། ཡུལ་གནད་སྨིན་མཚམས་དང་ནམ་མཁའ་ལ་གཏད་པ། རླུང་རིག་གི་གནད་ཤིན་ཏུ་དལ་བ། དབྱེ་ན། འགྲོ་འོང་ལས་ཀྱི་རླུང་། རྟོག་ཚོགས་ཉོན་མོངས་པའི་རླུང་། རིག་པ་ཡེ་ཤེས་ཀྱི་རླུང་སྟེ། རླུང་ཕར་གློ་བར་དེངས། རིག་པ་ཚུར་སྙིང་ཁར་ཐིམ་པས། སེམས་དང་ཡེ་ཤེས་རྒྱབ་གྱེས། ཕྱི་དབྱིངས་ཀྱི་ར་བར་ཐིག་ལེ་དང་རིག་གདངས་འགུལ་འཕྲིག་མེད་པར་སྡོད་པའི་སྐབས། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བ་ནི། ལྔ་ཚན་ལ་སོགས་པའི་སྒོ་ནས་ངོ་སྤྲད་པ་ཡིན་ནོ། །གསུམ་པ་ལ། སྒྲོན་མ་བཞི། སྣང་བ་བཞི། མཐའ་རྟེན་གྱི་མན་ངག བར་དོའི་གདམས་པ་དང་བཞི་ལས། དང་པོ་ལ་བཞི་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མ་ནི། སྙིང་ནས་མིག་ཏུ་འབྲེལ་བའི་རྩ་བ་མེན་གྱི་རྭ་འདྲ་བ་སྒོ་རྒྱང་ཞགས་ཆུའི་སྒྲོན་མ་སྟེ། རྟེན་མ་དག་པའི་རྒྱང་ཞག་གི་འཁྲུལ་སྣང་དང་བརྟེན་པ་ཡེ་ཤེས་ཀྱི་རྒྱངས་ཞག་སམ་དག་པའི་རྒྱང་ཞགས་གི་འོད་གསལ་གྱི་སྣང་བ་འཛིན་པའོ། །གཉིས་པ་ཐིག་ལེ་སྟོང་པའི་སྒྲོན་མ་ནི། འོད་ལྔའི་ཟླུམ་བསྐོར་དབུས་དམར་སེར་གྱི་རང་བཞིན་ཅན་དང་ཐིག་ཕྲན་ཡུང་འབྲུ་ཙམ་པ་སོགས་ཡིན་ནོ། །གསུམ་པ། དབྱིངས་རྣམ་དག་གི་སྒྲོན་མ་ནི། སྒྲོན་མའི་ཡུལ་ནམ་མཁའ་དང་། སྨིན་མཚམས་སུ་རིག་པ་གཏད་པས། ཕྱི་དབྱིངས་སྔོ་རི་བ་ཐོག་མར་ཤར་ནས། དེ་ལས་མཆེད་པའི་ནང་དབྱིངས་ཟ་འོག་གི་བེར་ཁྱིམ་ལྟ་བུ། རིག་ག དངས་ཀྱི་ར་བར་བྱུང་བའོ། །བཞི་པ་ཤེས་རབ་རང་བྱུང་གི་སྒྲོན་མ་ནི། ནང་གི་རིག་པ་ཤིན་ཏུ་དྭངས་ལ། ཡུལ་མེད་པ་ཞིག་ཉམས་སུ་མྱོང་བ་ངོ་བོ་དང་། ཆོས་ཀྱི་ཚིག་དོན་ཀློང་རྡོལ་བ་རྩལ་དང་། གསེར་གྱི་སྐུད་པ་དང་། མེ་ཏོག་གི་དྲྭ་བ། རྟ་རྔ་ལ་མདུད་པ་བོར་བ། མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་རྣམས་ནི་རིག་གདངས་ལུ་གུ་རྒྱུད་དོ། །གཞན་ཡང་ཙིཏྟ་ཤ་ཡི་སྒྲོན་མ་རིག་པ་བཞུགས་པའི་གནས་དང་། གནས་ལུགས་གཞིའི་སྒྲོན་མ་རིག་པ་རང་གི་ངོ་བོ། དཀར་འཇམ་རྩ་ཡི་སྒྲོན་མ་ལམ། འོད་གསལ་ཡེ་ཤེས་ཀྱི་སྒྲོན་མ་དབྱིངས་རིག་འདྲེས་པའི་དུས། བར་དོ་དུས་ཀྱི་སྒྲོན་མ་རང་སྣང་ཆོས་ཉིད་བར་དོ་ཤར་བའི་དུས་སུ་བརྗོད་པའོ། །

གཉིས་པ་ལ་བཞི་ལས། དང་པོ་ཆོས་ཉིད་མངོན་སུམ་ནི། ཡིད་དཔྱོད་ཀྱི་ཚིག་ལས་འདས་པས་རྗེས་དཔག་དང་དོན་སྤྱི་མ་ཡིན་པས་ཕྱི་ཡི་འོད་གསལ་ལ་བལྟས་པས་ནང་རྣམ་རྟོག་བྲལ་ཏེ། རིས་མེད་མཉམ་པར་གྲོལ་བའི་ཀ་དག་གི་གདངས་དང་། ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཕྱི་ནང་ཟུང་དུ་འབྲེལ་བས་དབྱིངས་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། །གཉིས་པ་ཉམས་གོང་འཕེལ་ནི། འཁྲུལ་བའི་སྣང་བ་ནུབ་ནས། ཉམས་སྣ་ཚོགས་སྐྱེ་བར་བྱེད་པ་སྟེ། ཤེས་ཉམས་དང་། སྣང་ཉམས། ཤེས་ཉམས་ལ་དགའ་བདེའི་ཉམས་དང་ཤེས་པ་མཐར་འགྱུར་གྱི་ཉམས་གཉིས་ཡོད་ཀྱང་། འདིར་སྣང་ཉམས་འོད་གསལ་གྱི་རང་གདངས་གོང་ནས་གོང་དུ་འཕེལ་བར་བྱེད་པའོ། །གསུམ་པ་རིག་པ་ཚད་ཕེབས་ནི། སྣང་བ་སྐུ་གསུམ་དུ་རྟོགས་པའི་དུས་ཡིན་ཏེ། ཕྱིའི་སྣང་བ་འོད་དུ་གྲོལ། ནང་ཕུང་པོ་གདོས་བཅས་ལས་གྲོལ། གསང་བ་སེམས་ཀྱི་འཁྲུལ་རྟོག་གཟུང་འཛིན་ལས་གྲོལ་བས་གཞིར་གནས་རིག་པའི་ཡོན་ཏན་ཐམས་ཅད་མངོན་ཏུ་གྱུར་ནས་ཟླ་བ་ཉ་གང་བ་དང་འདྲའོ། །བཞི་པ་ཆོས་ཉིད་ཟད་པ་ནི། ཁམས་གསུམ་འཁོར་བའི་སྐྱེ་རྒྱུན་ཆད་པ་སྟེ། གོང་གི་ཚད་ཕེབས་ཀྱི་སྐབས་ཀྱི་རང་གདངས་ལྷུན་གྲུབ་འཆར་སྒོ་ཐམས་ཅད་དབྱིངས་སུ་ཐིམ་པའི་འཇུག་པ་ལ་དབང་ཐོབ་པ་དང་། རང་གི་ལག་སོར་ལ་རིག་པ་གཏད་པས་སྐྱེ་བ་ལ་དབང་ཐོབ་པས་བསྐལ་པར་སེམས་ཅན་གྱི་དོན་དུ་བཞུགས་པ་ཡིན་ནོ། །

གསུམ་པ་ལ་བཞི་ལས། དང་པོ་མི་འགུལ་བ་གསུམ་ནི། ལུས་མི་འགུལ་བ་བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ། ངག་མི་འགུལ་བ་ནི། ངག་ནི་བསླབ་དང་གནས་པ་དང་། །ལ་བཟླ་བརྟན་པར་བྱ་བའོ། །ཞེས་དང་། སེམས་མི་འགུལ་བ་ནི། སེམས་བཟོ་མེད་ལས་མི་འགུལ་བས་དབྱིངས་རིག་ཟུང་དུ་ཆུད་པའི་གནད་དོ། །དེ་ཡང་མི་འགུལ་བས་འགྱུ་ལ་འགྱུ་བས་རྟོག་པ་འཆར་བས། རྟོག་པས་འཁོར་བའི་ལས་བསོགས་པས་འགྱུ་བའི་རྟེན་རྩ་རླུང་གནད་དུ་གཅུན་པས། རྟོག་པ་རྒྱུན་འཆད་པའི་རང་གནད་གལ་པོ་ཆེའོ། །གཉིས་པ་སྡོད་པ་གསུམ་ནི། ལུས་སྡོད་པ་ལུས་ཀྱི་བྱ་བ་ལ་མི་གནས་པ། ངག་སྡོད་པ་རླུང་གི་འགྲོ་འོང་སྡོད་པ། སྣང་བའི་སྡོད་པ་དབྱིངས་རིག་འགུལ་འཕྲིག་མེད་པའོ། །འདིའི་དུས་སུ་རྟགས་ལུས་ངག་ལ་འཆར་བ། ཚད་རྨི་ལམ་གྱིས་བཟུང་བ་གཉིས་བྱུང་ངོ། །གསུམ་པ་ནི་སྐྱེ་བ་ལ་དབང་ཐོབ་པས་གཞན་དོན་དངོས་སུ་བྱེད། འཇུག་པ་ལ་དབང་ཐོབ་པས་ཟག་བཅས་མི་སྣང་བར་འཚང་རྒྱ། རླུང་སེམས་ལ་དབང་ཐོབ་པས་ཁམས་གསུམ་དུ་ལྡོག་མི་སྲིད་པའོ། །བཞི་པ་ནི། ཡར་འབྲས་བུ་སྐྱབས་གསུམ་རང་སྣང་དུ་བྱོན་པ་མཐོང་བས་སངས་རྒྱས་པ་ལ་རེ་བ་དང་། མི་རྒྱས་པ་ལ་དོགས་པ་མེད། མར་ལས་ཉོན་ཡེ་ཤེས་སུ་དག་པས། འཁོར་བ་མྱང་འདས་སུ་རྟོགས་པས་འཁོར་བ་ལས་ཐར་གྱི་རེ་བ་དང་། ལྷུང་གི་དོགས་པ་མེད་པའོ། །

བཞི་པ་ལ་བཞི་ལས། དང་པོ་རང་བཞིན་བར་དོ་ལ་ཤེས་བྱའི་གྲོས་ཐག་བཅད་པ་ཐི་བྱ་ཚང་ལ་འཇུག་པ་ལྟ་བུའི་མན་ངག་ནི་ཐེ་ཚོམ་ཅན་གྱི་གང་ཟག་གིས་དང་པོ་ཐོས་པས་བློ་སྦྱོང་། བར་དུ་བསམ་པས་ཐག་བཅད། ཐ་མར་བསྒོམ་པས་ལ་བཟླ་བ་གསུམ་གྱི་སྒོ་ནས་རྫོགས་ཆེན་ལ་འཇུག །གང་ཟག་ཐེ་ཚོམ་མེད་པའི་བརྩོན་འགྲུས་དང་ཤེས་རབ་ལྡན་པས། བླ་མའི་མན་ངག་ལ་ཡིད་ཆེས་ནས་ངེས་ཤེས་ཁྱད་པར་ཅན་གྱིས་རྫོགས་ཆེན་ལ་འཇུག་པ་གཉིས་ཡོད། གང་ལྟར་ཡང་གཞི་ཁྲེགས་ཆོད་ཀྱི་ལྟ་བ་ངོ་འཕྲོད་ནས། ལྟ་བ་ལ་མཉམ་པར་བཞག་པས་ཐོག་མར་འདིར་སྣང་གི་སྣང་བ་བཀག་ནས། རྨི་ལམ་མམ་ཆོས་ཉིད་བར་དོ་དངོས་ཡིན་སྙམ་པ་འདུན་པས་ཡང་ཡང་སྦྱངས་པས། འཐུག་པོའི་འོད་གསལ་ལམ་འཆི་སྲིད་ཆོས་སྐུའི་འོད་གསལ་དངོས་ཤར་ནས་ཡོང་སྙམ་པའི་སྐྱབས་སེམས་བསྔོ་བ་དང་བཅས་ཡང་ཡང་སྦྱང་། ཐོད་རྒལ་གྱི་དབྱིངས་རིག་ཤར་བའི་སྐབས་སུ་རྨི་ལམ་གྱི་གྲོང་ཁྱེར་རམ། ཆོས་ཉིད་བར་དོ་དངོས་ཤར་བའི་འདུན་པའི་ངང་སྦྱང་བ་དང་། དེ་བཞིན་དུ་རང་བཞིན་སྤྲུལ་སྐུའི་ལམ་ཁྱེར་ཉིན་དུས་རང་སྣང་མངོན་སུམ་ལ་གོམས་པ་དང་། མཚན་མོ་འོད་ལྔ་སྙིང་ནང་དུ་གོམས་པས་སྤྲུལ་སྐུའི་ཞིང་དུ་བལྟ་བ། ཐུན་བར་འཕོ་ལུགས་གཉིས་ཀྱི་རྩལ་སྦྱང་ཡང་ཡང་བྱེད་ཅིང་སྣང་བ་དཔལ་རིའི་ཕོ་བྲང་ན་བླ་མ་པད་འབྱུང་དབྱེར་མེད་ཀྱི་སྣང་བ་དང་མི་འབྲལ་བར་བྱས་ནས་བར་དོ་ཉམས་འོག་ཏུ་ཚུད་པ་ཞིག་ཅི་ནས་ཀྱང་བྱ་དགོས་སོ། །གཉིས་པ་འཆི་ཁ་བར་དོ་ལ་མི་གསལ་བ་གསལ་བར་བྱེད་པ་སྒེག་མོ་ལ་མེ་ལོང་བསྟན་པ་ལྟ་བུའི་མན་ངག་ནི། རབ་དབྱིངས་རིག་སོར་བཞག་འོད་གསལ་སྦུབས་འཇུག་གི་གདམས་པ་དབྱིངས་རིག་ལ་གཏད་པས་འཆི་བ་དང་། འབྲིང་འཕོ་བའི་གནད་རྣམ་ཤེས་རླུང་ཞོན་གྱི་གདམས་པས་ཆོས་ཀྱི་དབྱིངས་སུ་འཕོ་བ་དང་། ཐ་མས་གཞན་རྐྱེན་ལ་ལྟོས་པས་གྲོགས་སམ་བླ་མས་བར་དོའི་འཆར་ཚུལ་རྣམས་ངོ་སྤྲད་པ་དང་། ཐ་མལ་བ་འཆི་ཁར་ཡི་གེ་ཨཱཿཡི་སྦྱོར་བས་གནས་གོང་ནས་གོང་དུ་སྤར་བ་དང་། རོ་ལ་སྦྱང་བ་དང་། རྗེས་ལ་སྦྱང་བ་སོགས་བྱའོ། །གསུམ་པ་ཆོས་ཉིད་བར་དོ་རུ་རང་སྣང་ལ་ཡིད་ཆེས་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའམ། མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་ལ། རྣམ་ཤེས་ནམ་མཁར་ཐིམ་པའི་ཚེ། བརྒྱལ་བ་དང་། འཆི་སྲིད་ཆོས་སྐུའི་འོད་གསལ་གཉིས་ཡོད། ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ། རྡོ་རྗེ་སེམས་དཔའི་སྣ་ཐག་དང་། འོད་ལྔའི་སྣང་བ་ཤར་བ་གཉིས་དང་། འོད་གསལ་ཟུང་འཇུག་ལ་ཐིམ་པའི་ཚེ། ཟུང་འཇུག་ཆུང་ངུ་སྒྲ་འོད་ཟེར་གསུམ་ཁྲོ་བོའི་དཀྱིལ་འཁོར་དང་། ཟུང་འཇུག་ཆེན་པོ་རིགས་ལྔའི་ཚོམ་བུ་རིམ་གྱིས་ཤར་བ། འཇུག་པ་ཤེས་པའི་གནད། གྲོལ་བ་ལུས་ཀྱི་གནད། མཐར་ཕྱིན་ངོ་ཤེས་པའི་གནད། ཟུང་འཇུག་ཡེ་ཤེས་ལ་ཐིམ་ཚེ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་འོད་སྣམ་བུ་བརྐྱང་བ་ལྟ་བུ། དཀར་སེར་དམར་མཐིང་བཞིའི་སྟེང་དུ་རང་རང་གི་ཁ་དོག་དང་མཐུན་པའི་ཐིག་ལེ་ཆེ་བ་གཅིག་ལ་ཐིག་ཕྲན་བཞི་བཞིས་བརྒྱན་པ་སྣང་། དེ་དུས་ལུས་གདོས་བཅས་ལས་གྲོལ། རིག་པ་ཉོན་མོངས་པ་ལས་གྲོལ། འོད་གསལ་གཟུང་འཛིན་ལས་གྲོལ་བ་ངོ་ཤེས་པར་བྱའོ། །ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་སྐབས། སྟེང་དུ་ཀ་དག་གི་སྣང་བ། བར་དུ་ལོངས་སྐུའི་ཞིང་ཁམས། ཕྱོགས་མཚམས་སུ་སྤྲུལ་སྐུ། འོག་ཏུ་རིགས་དྲུག །དེ་འདུལ་བྱེད་ཐུབ་པ་དྲུག་དང་བཅས་པ་འཆར་བ་ངོ་ཤེས་ན། འཆར་ལུགས་བརྒྱད་དང་། མངོན་ཤེས་དྲུག་དང་། རྗེས་དྲན་དྲུག་དང་། ཤེས་རབ་དང་། ཏིང་ངེ་འཛིན་དང་། ཐིམ་ལུགས་བརྒྱད་ཀྱི་སྣང་བ་སོགས་འཆར་རོ། །ལྷུན་གྲུབ་སྒོ་བརྒྱད་ལམ་སྣང་དང་སྦྱར་ན། མ་དག་འཁོར་བའི་སྒོ་ལྟར་ཤར་བ་ཆོས་ཉིད་མངོན་སུམ། འོད་ལྟར་ཤར་བ་ཉམས་གོང་འཕེལ། སྐུ་ལྟར་ཤར་བ་རིག་པ་ཚད་ཕེབས། གཉིས་མེད་དང་མཐའ་གྲོལ་ཆོས་ཉིད་ཟད་པ། ཡེ་ཤེས་ལྟར་ཤར་བ་ཉམས་ལེན་གྱི་དུས་ཤེས་ཉམས་དང་སྣང་ཉམས། ཐུགས་རྗེ་ལྟར་ཤར་བ་དེ་དག་གི་དུས་ན་ཤེས་རབ་དང་སྙིང་རྗེ་ཤར་བ་རྣམས་སོ། །བར་དོ་དང་སྦྱར་ན། སྐུ་ལྟར་ཤར་བ་ཚོམ་བུ། ཡེ་ཤེས་དང་འོད་ལྟར་ཤར་བ་བཞི་སྦྱོར་དག་པ་ཡེ་ཤེས་དང་མ་དག་པ་འཁོར་བའི་སྒོ་གཉིས་ལྷུན་གྲུབ་རང་ངོ་ཤེས་ན་ཐུགས་རྗེ་དང་གཉིས་མེད་དང་མཐའ་གྲོལ་ལྟར་ཤར་ནས། རྩལ་གཞི་ལ་ཐིམ་ནས་གྲོལ་བའོ། །བཞི་པ་སྲིད་པ་བར་དོ་ལ། ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ནི། ཆོས་འདིའི་སྒོ་མཐོང་བ་རྣམས་ཀྱིས་བར་དོའི་རང་སྣང་ངོས་ཟིན་ནས་ཕྱོགས་བཅུར་སྤྲུལ་བའི་ཞིང་ཡིད་ལ་བྱས་པ་ཙམ་གྱིས་ཆོས་ཉིད་བདེན་པའི་བྱིན་རླབས་དང་སྔར་བྱང་ཆུབ་སེམས་དཔའི་འཕོ་ལུགས་གཉིས་ལ་སྦྱངས་སྟོབས་ཀྱིས་རང་སྣང་སྤྲུལ་པའི་ཞིང་དང་དཔལ་རི་སོགས་སུ་སྐྱེ་བ་ཡིན། ཆོས་འདིའི་སྒོ་མ་མཐོང་བ་རྣམས་ཀྱིས་ཞིང་དག་པར་སྨོན་ལམ་འདེབས་པ། སྐྱབས་འགྲོ་བྱེད་པས་མངལ་སྒོ་ངན་པ་དགག བཟང་པོ་འདེམས་པ་སོགས་བྱ་བ་ཡིན་ནོ། ༈ །ལུས་ཀྱི་གནད་གཟེར་ནི་རིག་པའི་ཡུལ་བཙལ་བ། འགྲོ་འོང་གི་ལམ་བཅད་པ། གཏད་སའི་འབེ ན་ལ་གཟུད་པ། མི་འགུལ་བ་ལ་གཞི་བཅའ་བ། རྒྱ་ཆེ་བ་ནམ་མཁའ་སྤར་གྱིས་བཟུང་བ་དྲུག་གོ །དེ་ཡན་གཅིག་གི་ཚིག་ཟིན་མ་རྙེད། མངྒ་ལམ། དགེའོ། །དགེའོ། །དགེའོ། བཀྲ་ཤིས་པར་གྱུར་ཅིག།

༈ འཁྱིལ་བ་བཤིག་སོགས་ཟིན་བྲིས་འགའ། འཁྱིལ་བ་བཤིག་དགོས། འབྱམས་པ་གཅོད་དགོས་གསུངས། ༈ བསྒོམ་མ་མྱོང་དང་ཞེས་པ་ནི་གང་ཤར་ཚད་སྒོམ་དུ་ཤར་ནས་སྒོམ་མཁན་གྱི་བློ་ཡང་ཤར་གྲོལ་དུ་སོང་བས་ནའོ། །འབྲལ་མ་མྱོང་ཞེས་པ་ནི་དོན་མེད་དུ་ཕྱལ་བ་སྟོང་ཉིད་གཤིས་ཤོར་དང་རྒྱས་འདེབས་མ་ཡིན་པར་ཤེས་རིག་རང་ཚུགས་མ་ཤོར་བ་ལ་གོ་དགོས། དེ་ལྟ་བུའི་མི་བསྒོམ་དོན་དང་མི་འབྲལ་བ་གཉིས་ཀྱིས་བདེ་སྡུག་གི་སྣང་བ་དང་སེམས་སེམས་བྱུང་གི་རྟོགས་པ་ཐམས་ཅད་སྒོམ་དུ་ཤར་ནས་གྲོལ་བའོ། །དེ་ཡང་གོལ་ས་གསུམ་པོ་འདི་ཞི་གནས་ཀྱི་སྟེང་ནས་བཞག་ནི་རེད། ཤོར་བ་བཞི་པོ་འདི་ལྷག་མཐོང་གི་སྟེང་ནས་འཇོག་པ་ཡིན་གསུངས། ཤེས་བྱའི་གཤིས་ལ་ཤོར་བ། སྟོང་ཉིད་གཤིས་སུ་ཤོར་བ། སྟོང་ཉིད་རྒྱས་འདེབས་སུ་ཤོར་བ། ཚོགས་དྲུག་ལམ་འཁྱེར། དུག་ལྔ་ལམ་འཁྱེར། སྒོ་ལྔ་ལམ་འཁྱེར། སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པས་གཏན་ལ་ཕབ་བྱ་ཤེས་རབ་ལྷག་མཐོང་། རང་སའི་རྣམ་རྟོག་ཞི་བ་ཞི་གནས། གནས་ཆ་དྭངས་མ་ཞི་གནས། འཕྲོ་ཆ་བར་མའི་རྟོག་པ་ཤར་གྲོལ་དུ་འགྲོ་བ་ལྷག་མཐོང་། ཤར་གྲོལ་ཞེས་པ་གཟུང་རྟོག་དེ་ཉིད་འཛིན་རྟོག་ལ་མ་འཕོས་པར་ཡལ་བ་ལ་གོ་གསུངས། སྣང་བ་ཡུལ་གྱི་བློ་ཅན་ནི་མཉམ་བཞག་ནས་འཁྲུལ་འགྲོ་ཚེ་འཁྲུལ་བ་དེ་ཤེས་ནས་འཆར་གཞི་ངོས་བཟུང་ནས་འགྱུ་བ་གནས་དག་གི་དགོངས་པ་བསྐྱང་བ་ལ་ཟེར། རིག་པ་རང་སྣང་གི་བློ་ཅན་འཁྲུལ་ཚེ་སྔོན་ལ་འཁྲུལ་བ་མི་དྲན་རིག་པ་དེ་དྲན་པ་ཙམ་གྱིས་གྲོལ་བ་ལ་ཟེར། དཔེར་ན་ཁྱི་དང་སེང་གེ་ལྟ་བུའོ། ༈ །རྐྱེན་ནི་ཕྱི་ལྷོང་ལྷ་འདྲེའི་ཆོ་འཕྲུལ། ནང་ལྷོང་ལུས་ཀྱི་ན་ཚ། གསང་ལྷོང་ཆགས་སྡང་རྨོངས་གསུམ་སོགས་རྐྱེན་ཆེན་པོ་གྲོལ་ཐུབ་དཀའ་གསུངས། དཔེར་ན་སྒོམ་རྐུབ་གཡེང་བས་ཕུད། ལྟ་རྐུབ་སྤྱོད་པས་ཕུད་གསུངས་སོ། ༈ །རང་ལྟ་མཆོག་འཛིན་བདུད་ཀྱིས་བསླུས་པ་ཡིན། །ཞི་གནས་ཧད་པོ་ལོ་བརྒྱར་བསྒོམ་པ་ལས། །ཞི་ལྷག་ཟུང་འཇུག་སྐད་ཅིག་བསྒོམ་པ་མཆོག ། སེམས་གནས་ཙམ་ནི་བསམ་གཏན་ལྷ་དང་འདྲ། །ཞེས་སོ། ༈ །དང་པོ་ཀུན་གཞི་ལས་ཀུན་གཞིའི་རྣམ་ཤེས། དེ་ལས་སྒོ་ལྔའི་ཤེས་པ། དེ་ལས་ཉོན་ཡིད་སྔ་མ་སྔ་མ་འགགས་ནས་ཕྱི་མ་ཕྱི་མ་ཤར་བའོ། ༈ །འདོད་ཆགས་ཞེས་པ་བུད་མེད་ཁོ་ནས་མི་ཚད་དེ། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཆགས་པ། ནང་བཅུད་ཀྱི་སེམས་ཅན་ལ་ཆགས་པ། བར་འདོད་ཡོན་ལྔ་ལ་ཆགས་པ། ཞེ་སྡང་སྐྱེ་ཡུལ་ཡང་དགྲ་གཅིག་པུས་མི་ཚད་དེ། ཡིད་དུ་མི་འོང་བའི་ཆ་ཐམས་ཅད་དོ། །རྩལ་ལྷོང་བ་ཞེས་པ་ཤར་བའམ་འཆར་བ་ལའོ། ༈ །སྒྲོ་སྐུར་ཞེས་པ་ནི། བདག་ཉིད་ཀྱིས་གནས་ལུགས་ཇི་ལྟ་བར་མ་རྟོགས་བཞིན་ཏུ་ང་རང་རྟོགས་སོ་ཞེས་སྒྲོ་འདོགས་པའོ། །སེམས་ཅན་ཁྱི་ལྟ་བུའི་ཐ་ཆད་པ་དེའི་རྒྱུད་ལ་སངས་རྒྱས་ཀྱི་དགོངས་པ་མི་བཞུགས་ཞེས་པ་ནི་སྐུར་བ་འདེབས་པ་ཡིན་གསུངས་སོ། ༈ །དང་པོ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའི་གྲོལ་ཚུལ་འདིས་རྗེས་ཐོབ་འཁྲུལ་བའི་རྗེས་སུ་ཡེངས་སོང་བ་གོ་དགོས། དེ་ཚེ་སྐད་ཅིག་དང་པོ་འཁྲུལ་བ་ངོས་ཟིན། གཉིས་པ་འཆར་བ་ངོས་ཟིན། གསུམ་པའི་ཚེ་འཁྲུལ་བ་དེངས་ནས་སྐྱོང་བ་དེ་ལ། ལས་དང་པོའི་སྐྱོང་ཚུལ་ཙམ་ཉན་གི་གསུངས། གཉིས༵་པ༵་སྦྲུལ་མདུད་ལྟ་བུའི་གྲོལ་ཚུལ་ནི་མཉམ་བཞག་སྐབས་རྣམ་རྟོག་ཤར་ཡང་མགོ་འབུར་ཙམ་གྱིས་རང་ཚུགས་མི་ཐུབ་པར་གྲོལ་བ། སྦྲུལ་གྱི་ཁུག་འགོ་ལྟ་བུའི་རྣམ་རྟོག་ཤར། ཡང་མི་རྩལ་ཆེན་ཞིག་འགྱེལ་ཚད་ཞིག་བྱས་ཀྱང་འགྱེལ་མི་ཐུབ་པ་ལྟ་བུ་ཡིན་གསུངས། གསུམ་པ་ཁང་སྟོང་རྐུན་མའི་དཔེ་ནི་མཉམ་བཞག་རང་ས་ཟིན་ཚེ་རིག་པ་རྗེན་ལ་བུད་ནས་གང་ཤར་ཚད་རིག་པའི་རྣམ་ལྡན་དུ་ཤར་ནས་རིག་པ་ཤོར་རྒྱུ་དང་རྣམ་རྟོག་ཐོབ་རྒྱུ་མེད་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུའི་འཁྲུལ་པ་རང་མཚན་པ་མེད་གང་ཤར་དག་པ་རབ་འབྱམས་ཡིན་གསུངས། གྲོལ་ཚུལ་གསུམ་པོ་དེ་གང་ཟག་རབ་འབྲིང་ཐ་གསུམ་གྱི་སྟེང་ནས་བཞག་ལུགས་ཡོད། ཡང་ན་གང་ཟག་གཅིག་གི་སྟེང་ནས་བཞག་ན་ཆོག་གསུངས། ༈ ཆོས་སྐུར་ལྷོང་རྣམ་རྟོག་གནས་གྱུར་ནས་འཁྲུལ་རྟོག་ཡེ་ཤེས་སུ་ཤར། ༈ གཞི་ཀ་དག་ཁྲེགས་ཆོད་ཀྱི་རིག་པ་རང་བྱུང་གི་སྒྲོན་མ་གཞི་ལ་བཞུགས་པ་དང་། ལམ་ཉམས་སུ་མྱོང་བའི་ཆ་ནས་ཤེས་རབ་རང་བྱུང་གི་སྒྲོན་མའི་རང་ཞལ། ༈ སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ལམ་གནད་མངོན་ཏུ་གྱུར་པ་ཉི་མའི་གཟུགས་སུ་བཀོད་པ་དང་། ལམ་ཕར་ཕྱིན་དྲུག་གི་བསྡུས་པའི་སྤྱོད་པ་རྒྱ་མཚོ་ལྟ་བུ་འོད་ཟེར་གྱི་གཟུགས་སུ་བཀོད་པ་ཡིན་ནོ། ༈ །བསྡུས་དོན་ནི། རང་ངོ་འཕྲོད་པ་ལྟ་བ་རིག་པ་རྗེན་ལ་ཕུད་པ། སྒོམ་པས་ཉམས་སུ་ལེན་ཚེ་ཉམས་ཞེན་གྱི་ཤུན་པ་དང་བྲལ་རྗེན་ལ་ཕུད་པའོ། །གང་ཤར་རང་གྲོལ་སྤྱོད་པ་ནི་ཐམས་ཅད་ཆོས་སྐུར་གྲོལ་བའོ། །རིག་སྟོང་ཟང་ཐལ་རྗེན་པ་དེ་ཉིད་བླ་མ་དང་དབྱེར་མེད་པ་སྐྱབས་འགྲོ་དགུའི་བདག་ཉིད་དུ་ཤེས་ན་གེགས་དང་གོལ་ས་མེད་ཅིང་། ལྟ་བའི་བོགས་ཐོན་པ་བླ་མའི་མན་ངག་ཞལ་ཤེས་ཡིན་ནོ། །གྲོལ་ས་དབྱིངས་དང་གྲོལ་གཞི་ལྷུན་གྲུབ། ༈ གཟུང་འཛིན་བྱུང་ན་ཕཊཿཀྱིས་གཏོར། །ཐུག་འཕྲད་ཤེས་པ་དེ་རུ་འཆར། །ཞེས་སོ། །སྐད་ཅིག་དང་པོར་སྣང་གྲགས་རྟོག་གསུམ་ཐ་མལ་མ་དག་པ་རང་མཚན་པ་ཤར། སྐད་ཅིག་གཉིས་པར་ཐ་མལ་མ་དག་པའི་སྣང་གྲགས་རྟོག་གསུམ་དག་ནས་དག་པ་བླ་མའི་སྐུ་གསུང་ཐུགས་སུ་ཤར། སྐད་ཅིག་གསུམ་པར་དག་པ་བླ་མའི་སྐུ་གསུང་ཐུགས་སུ་འཛིན་པའི་མཚན་འཛིན་གྱི་རྟོག་པ་དབྱིངས་སུ་ཡལ་ནས་རིག་སྟོང་ཟུང་འཇུག་གི་བླ་མའི་རང་ཞལ་ལ་བལྟའོ། །དོན་དུ་མཚོན་བྱེད་དཔེའི་བླ་མའི་སྐུ་གསུང་ཐུགས་སུ་ཤར་བ་དེའི་སྟོབས་ཀྱིས། མཚོན་བྱ་དོན་གྱི་བླ་མ་རིག་སྟོང་ཟུང་འཇུག་སྐུ་གསུམ་འདུ་འབྲལ་མེད་པའི་བདག་ཉིད་འདི་ཡིན་པ་ལ་ངེས་ཤེས་རྙེད་དགོས། ལྟ་བ་ཡན་ཐུབ་པ་ནི། རིག་སྟོང་ཆོས་སྐུ་ཐིག་ལེ་ཉག་གཅིག་དེ་ཉིད་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་བཞུགས་པ་དེའི་ཀློང་དུ་ཕྱིའི་ཡུལ་ནང་གི་རྣམ་རྟོག་བཟང་ངན་ཅི་ཤར་ཡང་མི་གནོད་པར་ལྟ་བ་ཚུར་མངོན་འོང་། བསྒོམ་པ་ཡེང་ཐུབ་པ་ནི་གང་ཤར་གང་སྣང་ཐམས་ཅད་རིག་པའི་ཀློང་དེ་ལས་ཤར། དེ་ལ་གནས། མཐར་དེ་ལ་ཐིམ་པའོ། །སྤྱོད་པའི་རྐྱེན་ཐུབ་པ་ནི་ཡུལ་རྐྱེན་གྱིས་རིག་པའི་མལ་ས་མི་འཕྲོག་པར་རྐྱེན་གང་གི་ཚེ་ན་རིག་པ་དྲན་ཙམ་གྱིས་གྲོལ་བའོ། ༈ །ཤེས་རབ་རང་བྱུང་གི་སྒྲོན་མ་ལ་དབྱེ་ན་གཞི་གནས་རང་བྱུང་གི་ཤེས་རབ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་ཡིན། སྣང་བ་ཅེར་འཛིན་གྱི་ཤེས་རབ་ནི། ཐོད་རྒལ་ཡིན་ཏེ། ནང་གདངས་ཕྱིར་ཤར་བ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ལ་སོགས་པ་རྣམས་ནང་གི་རིག་སྟོང་ཟུང་འཇུག་གི་ཡུལ་ཡུལ་ཅན་གཉིས་སུ་མེད་པས་འོད་སྣང་མངོན་དུ་སྣང་བ་ཡིན། དྲན་པ་འགགས་མེད་ཀྱི་ཤེས་རབ་ནི། གང་སྣང་གང་ཤར་གྱི་ཆོས་ཐམས་ཅད་རིག་པ་རྗེན་པར་ཤར་བའི་ཚེ་རིག་སྟོང་ཟུང་འཇུག་གི་ཀློང་དུ་གྲོལ་བའམ། སྣོད་བཅུད་དུ་གྲུབ་པའི་སྣང་བ་ཐམས་ཅད་རིག་པ་ཉག་གཅིག་གི་ཀློང་དུ་སྡུད་པའི་ཆ་ལ་ཟེར། སོ་སོར་རྟོག་པའི་ཤེས་རབ་ནི། ཆོས་དང་ཆོས་ཉིད་རང་དང་སྤྱིའི་མཚན་ཉིད་འབྱེད་པར་བྱེད་པ། རྗེས་ཐོབ་སྐབས་སུ་ཡང་གནས་དོན་ལུས་གསུམ་གྱི་སྣང་བ་འདི་ཐམས་ཅད་བདེན་མེད་དུ་ཤེས་པར་བྱེད་པའོ། །འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ནི། རང་བཞིན་བར་དོར་སྐྱེས་ནས་འཆི་ནད་ཀྱིས་མ་ཐེབས་བར་གྱི་ཐོས་པས་གཏན་ལ་དབབ། བསམ་པས་ངེས་པར་བྱེད། སྒོམ་པས་རོ་མྱོང་བར་བྱེད་པ་འདི་ཀའོ། །ཤེས་རབ་སྔ་མ་བཞི་རིག་ཆ་དང་ཕྱི་མ་སེམས་ཀྱི་ཆའོ། ༈ །སྤྱིར་ཐོད་རྒལ་ཉམས་སུ་ལེན་པའི་སྐབས་སུ་དབྱིངས་ཐིག་སོགས་རང་སྣང་ཡིན་པར་ཤེས་པས་གཞན་དུ་འཛིན་པ་ལྡོག །རང་བཞིན་མེད་པར་ཤེས་པས་དངོས་པོའི་བློ་ལྡོག །རང་བཞིན་མེད་སྙམ་པ་ཡང་འོད་གསལ་གྱི་ཀློང་དུ་གྲོལ་སོང་བ་ནི་ཁྱད་ཆོས་དྲུག་གི་གནད་བསྡུས་པའོ། ༈ །འོད་གསལ་སྦུབས་འཇུག་སྐབས་གཞི་སྣང་གི་སྣང་ཆ་འདི་རྣམས་ཞིང་ཁམས་དང་གཞལ་ཡས་ཁང་སྟོན་པ་རང་གི་རྩ་བའི་བླ་མ་ཉིད་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱི་རྣམ་པར་བཞེངས་པ་ཡིན་སྙམ་པའི་མོས་གུས་དང་བཅས་ཕྱི་ནང་གི་དབྱིངས་རིག་བསྲེས་ཏེ་ཀ་དག་གི་ངང་ལ་སྤྲོ་བསྡུ་མེད་པར་བཙན་ས་འཛིན་པ་ཡིན། ༈ གྲོང་འཕོ་གྲོང་འཇུག་ནི་གྲོང་འདི་ནས་འཕོ་སྟེ་ཆོས་སྐུའི་གྲོང་དུ་འཇུག་པ་ལ་ཟེར། དེ་ཡང་བདག་ནི་ངེས་པར་འཆི་བ་ཡིན་སྙམ་སྟེ་ཆགས་ཞེན་སྐྱེ་བའི་དངོས་པོ་རྣམས་ཡར་མཆོད་མར་སྦྱིན་ཐུབ་ན་རབ་ཡིན་ཀྱང་ཡིད་ཀྱིས་བླ་མ་དཀོན་མཆོག་ལ་འབུལ་ཏེ་ཆགས་ཞེན་བཅད། དེ་ནས་སྤྱི་བོར་དཔའ་བོ་སྟོབས་ལྡན་གྱི་རྣམ་པར་བླ་མ་བཞུགས་ཡོད་པར་མོས་ལ་རང་གི་སྙིང་དབུས་སུ་རིག་པ་ཨ་དཀར་པོ འམ་བླ་མའི་སྐུ་ཚོན་གང་བ་ཞིག་ཏུ་དམིགས་ལ་སྐར་མདའ་བཞིན་དུ་སོང་སྟེ་བླ་མའི་ཐུགས་ཀར་བསྟིམས་ཏེ་ཐུགས་ཡིད་དབྱེར་མེད་དུ་བསྲེ་བ་གནད་ཡིན། དེ་གཉིས་གནད་ཆེ་བས་ད་ལྟ་ནས་རྩལ་འབྱོངས་བ་ཤིན་ཏུ་གལ་ཆེ། ནུབ་མོ་ཉལ་ཁར་གཉིད་རན་དུས་སྙིང་དབུས་སུ་རྩ་བའི་བླ་མ་ཉིད་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱི་སྐུར་བཞེངས་ཏེ་སྟོན་འཁོར་གཞལ་ཡས་ཁང་ཞིང་གསུམ་གྱི་བཀོད་པ་དང་བཅས་གསལ་ཏེ་རང་བཞིན་སྤྲུལ་སྐུའི་ཞིང་དུ་འགྲོ་བའི་དམིགས་འདུན་དྲག་པོ་བྱ་སྟེ་སྦྱངས་དགོས། དུས་ནམ་ཡང་ཉིན་རེ་ལ་ཐུགས་ཡིད་བསྲེ་བ་བརྒྱ་རེ་ཙམ་སེམས་བསྐྱེད་སོགས་བསྔོ་སྨོན་བཅས་བྱ་དགོས་གསུངས་། སྔ་དྲོའི་དུས་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་དང་། ཕྱི་དྲོ་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས་དགོས་གསུངས། དེ་བཞིན་ཉིན་རེ་བཞིན་ཕྱིའི་རུ་ཤན་དང་རིགས་དྲུག་བསྲེགས་སྦྱངས་བྱེད་པ་འདི་ཤིན་ཏུ་གལ་ཆེ་བས་ཆག་མི་ཉན་གསུངས།། དགེའོ། །བཀྲ་ཤིས་པར་གྱུར་ཅིག། །།


previousའོད་གསལ་རྫོགས་ཆེན་ཁྲེགས་ཐོད་མན་ངག་ཟབ་མོ་ཆ་ཚང་བར་བཤད་པ།next