Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབང་དོན་སོགས་ཀྱི་ཞལ་རྒྱུན།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདབང་དོན་སོགས་ཀྱི་ཞལ་རྒྱུན།next

དབང་དོན་སོགས་ཀྱི་ཞལ་རྒྱུན།

ལར་དབང་ཞེས་པ་ནི་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་ལ་དབང་ཐོབ་དགོས་ཀྱང་། ཡེ་ཐོག་མ་མེད་པ་ནས་མ་རིག་བདེན་འཛིན་གྱིས་དྲངས་པའི་དུས་གསུམ་ཡིད་ཀྱི་འཁྲུལ་བའི་གཞན་དབང་དུ་གྱུར་པ་ཡིན་ཏེ། སྔར་དབང་མ་ཐོབ་པ་དེ་ཤན་འབྱེད་ཀྱིས་ཤན་ཕྱེ། ལ་བཟླས། ལ་བཟླ་བས་རིག་པ་ངོ་སྤྲད་ནས། དཔེར་ན་རྒྱལ་བུ་རྒྱལ་ས་ལ་བཀོད་པ་ལྟ་བུ་སྔ ར་མ་དབང་བ་དེ་ད་དབང་བར་བྱས་པ་ཡིན་གསུངས། སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་ལ་དབང་དང་མི་དབང་མེད་ཀྱང་ཐུགས་རྗེའི་རིག་རྩལ་གྱི་ཆ་ལས་འཁྲུལ་བའི་གཞན་དབང་དུ་བསྐྱོད་པ་ཡིན་ནོ། །དཔེར་ན་ཆུ་རླབས་ཀྱིས་ཤིང་བསྐྱོད་པ་ལྟ་བུ་ཡིན་གསུངས། གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལ་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པ་གཉིས་ཡོད་དེ། ཇི་ལྟར་སྨིན་ཞེ་ན། དབང་བསྐུར་བའི་ཚེ་ལུས་ལྷ་རུ་སྨིན། ངག་སྔགས་སུ་སྨིན། སེམས་དྲན་རྟོག་ཡེ་ཤེས་སུ་སྨིན་པ་ཡིན། སྣོད་ཞིང་དང་གཞལ་ཡས་ཁང་གི་རང་བཞིན། བཅུད་ལྷ་དང་དཀྱིལ་འཁོར་གྱི་རང་བཞིན་དུ་ཤེས་པ་ཡིན་གསུངས། དཀྱིལ་འཁོར་ཞེས་གཙོ་དང་འཁོར་དུ་འཇུག་གོ །དབང་དོན་སོགས་དབང་དོན་གྱི་ཡེ་ཤེས་རང་བྱུང་གདོད་མའི་ཡེ་གཞི་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་ངོ་འཕྲོད། རང་ལུས་གདན་ཚང་གི་དཀྱིལ་འཁོར་དུ་ངོ་འཕྲོད། སྣོད་བཅུད་འདི་ཞིང་དང་གཞལ་ཡས་ཁང་སྐུ་དང་ཡེ་ཤེས་སམ་ལྷ་དང་དཀྱིལ་འཁོར་གྱི་རང་བཞིན་དུ་ངོ་འཕྲོད་པའི་ཚེ་དབང་ཐོབ་པ་ཡིན་གསུངས། དེ་ཚེ་ཆོས་ཉིད་ལ་ཆོས་ཉིད་རོལ། ཡེ་ཤེས་ལ་ཡེ་ཤེས་རོལ་བ་ཡིན་ནོ། །དབང་པོ་སྒོ་ལྔའི་ཡུལ་དུ་གཟུགས་སྒྲ་སོགས་འགག་མེད་དུ་ཤར། སྣང་བ་ཞེན་མེད་དུ་རོལ་ཐུབ་ནས་རྟེན་མེད་དུ་གྲོལ་འགྲོ་གསུངས། དེ་ལྟར་དབང་པོ་སྒོ་ལྔའི་ཡུལ་དུ་གྱུར་པ་གཟུགས་སྒྲ་སོགས་ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་གསུམ་གྱིས་དང་པོ་རང་སྣང་དུ་ངོ་ཤེས་དགོས། ངོ་ཤེས་དུས་གཞན་དུ་འཛིན་པའི་ཡུལ་ཡུལ་ཅན་དག་པ་ཡིན། གཉིས་པའི་དུས་རང་སྣང་རང་བཞིན་མེད་པར་ཤེས་ནས་ཐག་ཆོད་པ་ཡིན། བདེན་གྲུབ་ཏུ་འཛིན་པའི་ཆ་རང་བཞིན་མེད་པར་དག་པའོ། །གསུམ་པའི་དུས་མེད་པའོ་སྙམ་དུ་འཛིན་མཁན་གྱི་རྟོག་པ་དང་། ཡུལ་མེད་པ་རླུང་སེམས་དང་བཅས་པའི་རྩལ་རིག་སྟོང་ཆོས་ཉིད་ཀྱི་དབྱིངས་སུ་རྫོགས་པའི་ཚེ་དེ་ལ་བརྟན་པ་ཐོབ་དགོས་པ་ཡིན་གསུངས། དང་པོ་ངོ་ཤེས། བར་དུ་ངེས་ཤེས་བརྟན། ཐ་མ་ངེས་ཤེས་དག་དགོས་པ་ཡིན་པས་ངེས་པ་རྙེད་ཀྱང་ངེས་ཤེས་སྒྲོག་གིས་བཅིངས་ཟེར་བ་ཡིན་པས་དག་དགོས་གསུངས། རླུང་སེམས་ཀྱི་རྒྱུ་བ་ཆ་དང་བཅས་པ་གདོད་མའི་གཤིས་ཐོག་ཏུ་དྭངས་པའི་ཚེ་རིག་སྟོང་ཟུང་འཇུག་གི་ལྟ་བ་དེ་ཉིད་དབང་བཞི་པའི་མཉམ་བཞག་གི་ལྟ་བ་ཡིན་གསུངས། དབང་སྲོག་དམ་ཚིག་གིས་འཛིན་ཟེར་བའང་ལྟ་བའི་ངང་དེ་ལས་མི་གཡེང་བ་དམ་ཚིག་གི་སྲོག་ཡིན། དེ་ལས་འདའ་དུས་སྲོག་ཆད་ལྟ་བུ་དམ་ཚིག་འགལ་ཉམས་འདས་རལ་དུ་སོང་བ་ཡིན། དེ་མིན་པའི་དམ་ཚིག་གཞན་དུ་བསྲུང་འདོད་པ་གནད་མ་གོ་བ་ཡིན། ལྟ་བའི་གདེངས། སྒོམ་པའི་ངང་མ་ཤོར་བའི་དྲན་ཤེས་བཞིན་བག་ཡོད་དགོས་གསུངས། མཁའ་འགྲོ་སྡོམ་པའི་རྒྱུད་ལས། མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་མང་དང་མ་གུས་པ། །བརྗེད་ངས་དྲན་པ་མི་གསལ་དྲུག །འདི་དྲུག་དམ་ཚིག་ཉམས་པའི་རྒྱུ། །ཞེས་གསུངས། རྗེས་ཐོབ་དུ་དབང་བཞི་གང་རུང་གི་བུམ་དབང་ལྟ་བུས་རྗེས་ཐོབ་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་དུ་ལྟ་བ་དང་། གསང༵་ཤེ༵ར་གཉིས་ལྟ་བུས་རྗེས་ཐོབ་ཚོར་བ་བདེ་སྡུག་བར་མ་གསུམ་པོ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་དུ་ལྟ་བ་དང་། འདོད་ཡོན་ལྔ་འགག་མེད་དུ་སྣང་། ཞེན་མེད་དུ་རོལ་ནས་རྟེན་མེད་དུ་གྲོལ་དགོས་པ་ཡིན། མི༵་དམིགས་བསྒོམ་པ་སོགས་ཡིན། ཚིག་དབང་གིས་རྗེས་ཐོབ་ཀྱི་ལམ་ཁྱེར་སྒོ་ཡུལ་རླུང་རིག་གི་གནད་ལ་བརྟེན་ནས་ཐོད་རྒལ་བསྒོམ་པ་དང་། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཞིང་དང་གཞལ་ཡས་ཁང་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དུ་ལྟ་བ་ཡིན་གསུངས ། དེ་དག་ལའང་དམ་ཚིག་ལྔ་ལྔར་དབྱེ་ན་ཉི་ཤུ་ཐམ་པ་ཡོད། ༈ གསང་བ་སེམས་ཉིད་རང་བྱུང་གི་དཀྱིལ་འཁོར་ནི་རིག་སྟོང་འདུས་མ་བྱས་པའི་ཡེ་ཤེས་འདི་ཡིན། ༈ རིག་སྟོང་ཟུང་འཇུག་གི་ཆ་གཙོ་བོའི་ཚུལ་དང་ཐུགས་རྗེའི་རིག་རྩལ་ལས་ཤར་བའི་རྟོག་ཚོགས་འཁོར་གྱི་ཚུལ་དུ་ཡོད་པ་ཡིན། ཡེ་ཤེས་ཀྱི་རང་མདངས་མ་འགགས་པ་གཙོ་བོ་དང་། དེ་ལས་ཤར་བའི་འོད་ལྔ་དབྱིངས་དང་ཐིག་ལེ་ནི་འཁོར་གྱི་ཚུལ་དུ་གནས་པ་ཡིན་གསུངས། ༈ སྔོན་སྣང་བ་དང་མུན་པའི་ཆ་འདི་ཡང་མེད་པ་ཡིན་གྱི། མི་རྣམས་ཀྱི་ཁམས་རགས་པའི་ཟས་ཟོས་ཚེ་དུབ་ནས་གཏི་མུག་གི་དབང་དུ་སོང་ཚེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་ཕྱི་རྟགས་ལ་མུན་པ་འཐིབས། དེ་ངོ་ཤེས་ན་ཆོས་དབྱིངས་ཡེ་ཤེས་ཀྱི་རང་མདངས་ཡིན། འདོད་ཆགས་ཀྱི་ཆ་ནས་རྟེན་ཅིང་འབྲེལ་འབྱུང་དུ་ཁམས་དམར་རཀྟས་བསྐྱེད་པའི་ཕྱི་རྟགས་ལ་ཉི་མ་ཤར་བ་དང་། ཞེ་སྡང་དང་ཁམས་དཀར་པོས་བསྐྱེད་པའི་རྟགས་ལ་ཟླ་བ་ཤར་བ་ཡིན་གསུངས། ༈ སེམས་གང་ཡིན་བརྗོད་དུ་མེད་པའི་རིག་པ་སྟོང་པའི་ཡེ་ཤེས་དེ་བྱིན་ཡེ་ཤེས་དབབ་པ་ཡིན་གསུངས། ༈ རུ་ཤན་ཞེས། རུ་ནི་གཉིས་ལ་འཇུག །འཁོར་འདས་ཤན་ཕྱེ་བ་ཡིན། མ་དག་རྒྱུད་ལྔའི་ས་བོན་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཀྱི་མེས་བསྲེག་ནས་ལུས་དང་སྣོད་སྤྲུལ་སྐུར་དག ། ངག་ཧཱུྃ་སྦྱང་དང་འཕྲོ་འདུ་རྣམ་པ་བཞི་ལ་བརྟེན་ནས་གསུང་ལོངས་སྤྱོད་རྫོགས་སྐུར་ཐོབ། ཡིད་གྲོལ་བ་བཞིའི་རང་བཞིན་དུ་རྟོགས་ནས་ཐུགས་ཆོས་སྐུ་ཐོབ་པ་ཡིན་གསུངས། ལམ་དུས་སུ་འཁྲུལ་བ་བཤིག་ཟིན་ཀྱང་སྟོང་པ་ཅང་མེད་མ་ཡིན་པར་འཁྲུལ་སྣང་ཡེ་ཤེས་སུ་འཆར་དགོས། གང་ལྟར་ཡིན་ན། ཁྲེགས་ཆོད་ཀྱིས་སྣོད་བཅུད་འདི་དག་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གཟིགས། ཐོད་རྒལ་བས་སྣོད་བཅུད་འདི་སྐུ་དང་ཞིང་ཁམས་ཡེ་ཤེས་ཀྱི་རང་བཞིན་དུ་གཟིགས་པ་ཡིན་གསུངས། ༈ རྩད་བཅད་པ། ཁམས་གསུམ་འཁོར་བར་འཁྱམས་མཁན་ལུས་ངག་ཡིད་གསུམ་ལ་རག་ལས་ཀྱང་། དེ་གསུམ་གཙོ་གང་ཆེ། སངས་རྒྱས་མཁན། འཁོར་བར་འཁྱམས་མཁན། བདེ་སྡུག དྲོ་གྲང་། བརྒྱག་ལྟོག ན་ཚ། སྐྱེ་འཆི་སོགས་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པར་ཐག་ཆོད་པ་རྐུན་པོ་ངོས་ཟིན་པ་ལྟ་བུ་དགག་བྱའི་སྣང་ཚུལ་ངེས་པ་ཡིན་གསུངས། ༈ མཚང་བཙལ་བ་ནི་དབྱིབས་དང་། ཁ་དོག་ཡོད་མེད། སྣང་སྟོང་། རྟག་ཆད། གཅིག་ཐ་དད་གང་ཡང་མ་ཡིན་པར་ཐག་ཆོད་ནས་ལུས་སྣང་སྟོང་མེ་ལོང་གི་གཟུགས་བརྙན་དང་ཆུ་ཟླ་ལྟ་བུ། ངག་གྲགས་སྟོང་བྲག་ཆ་ལྟ་བུ། ཡིད་དྲན་སྟོང་ནམ་མཁའི་བྱ་རྗེས་དང་ཆུ་ཡི་རི་མོ་ལྟ་བུ་ཡིན་པར་ཤེས་ནས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་སྟོང་ཉིད་དུ་ཤེས། སྟོང་པ་ཉིད་ཕྱང་ཆད་དུ་མ་སོང་བར་རྒྱུ་འབྲས་སུ་ཤར་བའོ། ༈ །འཁོར་ལོ་བར་བའི་བསྟན་དོན་དབྱིངས་སྤྲོས་པ་དང་བྲལ་བ་དེ་ཡིན། འཁོར་ལོ་ཐ་མའི་བསྟན་དོན་ནི་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དབྱིངས་རིག་ཟུང་འཇུག་ཡིན་གསུངས། ༈ ལམ་ལྔ་དང་འབྲེལ་ན། ཉམས་ལེན་བྱེད་པའི་ཚེ། ལུས་ངག་ཡིད་གསུམ་གྱི་ཚོགས་པ་ཚང་དགོས་པས་ཚོགས་ལམ། མ་རིག་པའི་དབང་དུ་སོང་ཚེ་དྲན་པ་དེ་ཡིས་རིག་སྟོང་ཟུང་འཇུག་གི་ལྟ་བ་དེ་ཉིད་ལ་སྦྱོར་བས་ན་སྦྱོར་ལམ། རིག་སྟོང་ཡེ་ཤེས་དེ་ཉིད་མངོན་སུམ་མཐོང་བས་མཐོང་ལམ་ཡིན་ནོ། །དེ་ཉིད་ཡང་ཡང་གོམས་པར་བྱེད་པས་སྒོམ་ལམ། མི་སློབ་པ་སངས་རྒྱས་ཡིན་གསུངས།

༈ སྔགས་བླ་མེད་ཀྱི་ལུགས་ལ། སྣོད་བཅུད་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་བདག་ཉིད་ཕྲིན་ལས་རྣམ་པ་བཞིའི་རང་བཞིན་ཡིན་ཏེ། ཁ་དོག་དཀར་པོ་ཐམས་ཅད་ཞི་བའི་ལས་དང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་མདངས། ཁ་དོག་སེར་པོ་ཐམས་ཅད་རྒྱས་པའི་ལས་དང་མཉམ་ཉིད་ཡེ་ཤེས་ཀྱི་རང་མདངས། དམར་པོ་ཐམས་ཅད་དབང་གི་ལས་དངསོར་རྟོག་ཡེ་ཤེས་ཀྱི་རང་མདངས། ནག་པོ་ཐམས་ཅད་དྲག་པོའི་ལས་དང་ཆོས་དབྱིངས་ཡེ་ཤེས་ཀྱི་རང་མདངས་ཡིན་གསུངས། མིག་གི་ཡུལ་དུ་གཟུགས་བཟང་ངན་བར་མ་གསུམ་ཡོད། གཟུགས་བཟང་པོ་དེ་ལ་ཆགས་པའི་ཚེ་རང་སྣང་དུ་ངོ་ཤེས་ནས་སྣང་ཆ་ནས་སྤྲོས་མཐའ་དང་བྲལ། སྟོང་ཆ་ནས་རང་བཞིན་མ་གྲུབ་པ་ཡིན་པས་དེ་གཉིས་ཟུང་འཇུག་གི་ཆ་ནས་གཟུགས་སྣང་སྟོང་རྒྱལ་བའི་སྐུ་ཡིན། འདོད་ཆགས་ཀྱི་རྟོག་པ་དེ་སོར་རྟོག་ཡེ་ཤེས་ཡིན། ཡུལ་དེ་ཡང་གསུང་པདྨའི་རིགས་ཡིན། ཞེ་སྡང་ལྟ་བུ་ལའང་ཞེ་སྡང་གི་རྟོག་པ་དེ་མེ་ལོང་ཡེ་ཤེས་ཡིན། ཡུལ་དེ་ཡང་ཐུགས་རྡོ་རྗེའི་རིགས་ཡིན་གསུངས། གཏི་མུག་གི་ཆ་དེ་ཆོས་དབྱིངས་ཡེ་ཤེས་དང་ཡུལ་དེའང་བུདྡྷའི་རིགས་ཡིན་གསུངས། རྒྱུད་སྡེ་རྒྱ་མཚོའི་དེ་ཉིད་བཅུ་ནི། དེ་ཁོ་ན་ཉིད་ལྟ་བམི་གཡོ་བ་ཏིང་ངེ་འཛིན། ལ་དོར་བ་སྤྱོད་པ་དང་གསུམ། བཀོད་པ་དཀྱིལ་འཁོར། རིམ་པ་བགྲོད་པ་དབང་། མི་འདའ་བ་དམ་ཚིག་དང་གསུམ། དོན་དུ་གཉེར་བ་བསྒྲུབ་པ། གནས་སུ་སྟོབས་པ་མཆོད་པ། རོལ་པ་ཕྲིན་ལས་ཏེ་གསུམ། འཆིང་བ་ཕྱག་རྒྱ། ཟློས་པ་སྔགས་སྟེ་བཅུ་གཅིག་གི་གྲངས་དང་། ཀུན་མཁྱེན་ཆེན་པོས་ངེས་འབྱེད་ཚད་མ་ནི། ཆོས་དབྱིངས་དོན་དམ་སྤྲོས་པ་ལས་གྲོལ་བར་ཐལ་དམིགས་བཅས་བློ་ཡི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། དེའང་ཡེ་ཤེས་ཀྱིས་དམིགས་པ་མེད་པའི་ཚུལ་གྱིས་རྟོགས་སོ། །ཆོས་ཅན་ཀུན་རྫོབ་རྣམས་ཆོས་ཅན་སྤྲོས་པ་དང་བཅས་པར་ཐལ། དམིགས་བཅས་བློ་ཡི་སྤྱོད་ཡུལ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དམིགས་བཅས་ཀྱི་བློ་དང་དེའི་ཡུལ་རྣམས་ནི་ཀུན་རྫོབ་ཡིན་པའི་ཕྱིར་རོ། །ཞེས་སོ། །མདོ་ལྟར་ན་ཡུལ་དྲུག་དབང་པོ་དྲུག་ཤེས་པ་དྲུག་དེ་ཁྱོན་བསྡོམ་པས་བཅོ་བརྒྱད་ཡོད་དེ་ལ་ཁམས་ཆེན་བཅོ་བརྒྱད་ཟེར། ཁམས་ནི་གདུག་པ་ཅན་སྦྲུལ་ལྟ་བུ་དང་། སྟག་གི་ཁ། འབྲོང་གི་རྭ། སེངྒེའི་སྦར་མོ་ལྟ་བུའི་གཡང་ས་ཡིན་གསུངས། དེའང་ཡང་ན་ཐ་མལ་པ་ལྟར་རང་ཁར་སྤྱོད་པ་དང་། ཡང་ན་ཉན་རང་ལྟར་སྤང་བ་དང་། ཡང་ན་བྱང་སེམས་ལྟར་སྦྱང་བ་དང་། ཡང་ན་ལམ་དུ་ཁྱེར་དགོས་པ་ཡིན། དེ་གང་རུང་ཞིག་མིན་པའི་འགྲོ་ས་མེད་གསུངས། ཉན་རང་ལྟར་སྤང་ན་ཡུལ་དེ་སྤང་ནི་རེད་དམ། དབང་པོ་དེ་སྤང་ནི་རེད། ཤེས་པ་སྤང་ནི་རེད་ད། དེ་གསུམ་ཀ་སྤང་བ་རེད། ཞིབ་དུ་རྟོགས་ན་དེ་སྤང་ན་སྤང་འབྲས་དེ་ཅི་ཡོད་རྟོགས། ལས་དང་པོ་བས་སེམས་གླང་ཆེན་སྨྱོན་པ་དེ་དྲན་ཤེས་ཀྱི་ལྕགས་ཀྱུས་ཆོས་ཀྱི་ཀ་ཆེན་ལ་བཏགས་པ་ཡིན་གསུངས།

༈ སྔགས་ལྟར་ན་ཚོགས་དྲུག་ལམ་དུ་འཁྱེར་བ་ཡིན་ཏེ། ལྟ་བའི་གདེངས་སྒོམ་པའི་ངང་ལས་མི་འདའ་བཞིན་ཏུ་སྲེད་ལེན་བྲལ་བའི་ཡུལ་དྲུག་འགག་མེད་དུ་སྣང་ནས་ཞེན་མེད་དུ་རོལ་བས་རྟེན་མེད་དུ་གྲོལ་ཚེ་རིག་པས་རྐྱེན་ཐུབ། ཤར་ཆ་རྣམས་གདོང་བཟློག་མི་བྱ་བར་ཤར་དུ་བཅུག་ནས་ཡུལ་རྐྱེན་གྲོགས་སུ་ཤར། ཡེ་ཤེས་ཆེས་ཆེར་རྒྱས། སྒྲིབ་པའི་དངོས་གཉེན་དུ་གྱུར་བ་ཡིན་པས། དཔེར་ན་ཉི་མ་ཤར་བ་དང་མུན་པ་སངས་བ་ལྟར་ཐུག་འཕྲད་རང་གྲོལ་དུ་སོང་བ་ཡིན། དེ་ལྟར་མིན་པར་ཡེ་ཤེས་དེ་ཉིད་རྟོགས་ནས་གཟོད་སྒྲིབ་པ་དག་པ་ཡིན་བསམ་ན། སྒྲིབ་པ་སྤང་བ་དགོས་མེད་དུ་གྱུར་བ་དང་། སྒྲིབ་པ་སྔོན་དུ་དག་ནས་ཡེ་ཤེས་རྗེས་སུ་རྟོགས་ན་སྒྲིབ་པའི་དངོས་གཉེན་དུ་མ་སོང་བར་ཡིན་པར་གསུངས་སོ། ༈ །སྔགས་ལྟར་ཚོགས་དྲུག་ལམ་དུ་ཁྱེར་ཚེ་དཔེར་ན་དངུལ་ཆུའི་ཐིག་པ་རྡུལ་རྫས་ཕལ་བའི་ཁྲོད་དུ་ལྷུང་ཀྱང་རྡུལ་དང་མ་འདྲེས་པ་ལྟ་བུ་དང་། མེ་ཏོག་པདྨ་འདམ་དང་ཆུ་ལས་སྐྱེ་ཡང་ཆུ་དང་འདམ་གྱིས་གོས་པ་མེད་པ་ལྟ་བུ་དང་། བྱ་ནམ་མཁར་འཕུར་ཚེ་ཆགས་ཐོགས་དང་ལྷུང་དོགས་མེད་པ་ལྟ་བུ་དང་། ཉ་ཆུ་ལ་གནས་ཀྱང་འཚུབ་པ་མེད་པར་ཁ་གཏིང་དུ་ཆགས་ཐོགས་མེད་པར་འགྲོ་བ་ལྟ་བུ། དེ་བཞིན་དུ་ཚོགས་དྲུག་གིས་བསྡུས་པའི་ཡུལ་དང་ཡུལ་ཅན་ཐམས་ཅད་ཡུལ་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས་དང་། ཡུལ་ཅན་ཐམས་ཅད་ཡོངས་སུ་དག་པ་རིག་པའི་ཡེ་ཤེས་ཡིན་པས། འགག་མེད་དུ་སྣང་། ཞེན་མེད་དུ་རོལ་ན་རྟེན་མེད་དུ་གྲོལ་བ་ཡིན། འོན་ཀྱང་ཡེ་ཤེས་དང་ལྡན་པའི་སྤྱོད་ཡུལ་ཡིན་གསུངས། ༈ཐབས༵་རྫས་དང་ཤེས༵་རྫས་གཉིས་བཟའ་རིགས་ཐམས་ཅད་ཐབས་རྫས་དང་། བཏུང་བའི་རིགས་ཤེས་རབ་ཀྱི་རྫས་ཡིན་ནོ། །ཆང་ལྟ་བུ་ལ་མཚོན་ན། ཡུལ་ཆང་དེ་སྔགས་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ནས་བདུད་རྩི་རུ་བསྒྱུར་ནས་ལྟ་བའི་ངང་ནས་རོལ་ཚེ་སྲེད་ལེན་མེད་པས། གཞི་བསམ་སྦྱོར་བ་མཐར་ཐུག་རྣམས་མི་ཚང་བ་ཡིན་པས་སྔགས་ལམ་དུ་ཐབས་ཤེས་ཀྱི་རྫས་མེད་དུ་མི་རུང་ལ་ལོག་ལྟ འང་མི་བྱེད་གསུངས། ༈ དེ་ལྟ་བུའི་མཉམ་བཞག་ལྟ་བའི་ངང་དེར་མདོ་ཧྲིལ་གྱིས་དྲིལ་ན། ངོ་བོས་ཤར་ཆའི་གོ་མི་བཀག་པ་དང་གཅིག །ཤར་ཆ་འཆར་ཡང་ངོ་བོ་ལ་ཕན་གནོད་དང་བྲལ་བ་གཉིས། དབྱིངས་ཀྱིས་ཤར་ཆ་མ་སྤངས་པ་དང་། ཤར་ཆས་དབྱིངས་མ་སྤངས་བ་ནི་གནད་དམ་པ་ཡིན་ནོ། ༈ །རིག་སྟོང་གི་ལྟ་བ་ངོ་འཕྲོད་པའི་གང་ཟག་ཞིག་ཡིན་ན། མཉམ་པར་བཞག་པའི་གནས་སྐབས་སྔོན་འགྲོའི་ཆོས་རྣམས་ལྟ་བའི་ཀློང་དུ་རྫོགས་པ་ཡིན་ཏེ། ཇི་ལྟར་ཞེ་ན། ཀུན་སློང་ལའང་སྔགས་ལྟར་ན་གནས་ཚུལ་སྣོད་བཅུད་འདི་ཞིང་དང་གཞལ་ཡས་ཁང་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དུ་གནས་པ་ཡིན་པས། དེ་ལྟར་མ་རྟོགས་པའི་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ཀྱི་རྒྱུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ནས། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་གྱུར་ནས་ཚེ་ལུས་གཅིག་གིས་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་ཆེད་དུ་སྟོང་ཉིད་ཟབ་མོ་མངོན་དུ་གྱུར་ནས་ཚེ་ལུས་གཅིག་གིས་བསྒོམ་པར་བྱའོ་སྙམ་དུ་སེམས་བསྐྱེད། ཆོས་དང་མཐུན་པའི་ལས་བྱེད་པ་ལ་ཀུན་སྤྱོད་ཟེར།

༈ བློ་ལྡོག་རྣམ་བཞིས་དལ་བའི་ལུས་རྟེན་ལ་སྙིང་པོ་ལེན་ཚུལ་ནི། ལུས་སྣང་སྟོང་རྒྱལ་བའི་སྐུ། ངག་གྲགས་སྟོང་རྒྱལ་བའི་གསུང་། ཡིད་དྲན་སྟོང་རྒྱལ་བའི་ཐུགས་ཀྱི་རང་བཞིན་སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཅན་དེས་སྙིང་པོ་དེ་ལྟར་དུ་ལེན་པ་ཡིན་པས་དེ་ལས་ལྷག་པའི་སྙིང་པོ་ལེན་ཚུལ་ནི་རྒྱལ་བ་རྡོ་རྗེ་འཆང་གིས་མདོ་རྒྱུད་བསྟན་བཅོས་གང་ནས་མ་གསུངས་སོ། །རིག་སྟོང་གི་ལྟ་བ་ལ་ནོར་འཁྲུལ་མེད་པ་ཞིག་ངོ་འཕྲོད་ནས། དེ་ཡི་ངང་ལ་མཉམ་པར་བཞག་པའི་ཚེ། འཇིག་རྟེན་ཚེ་འདིའི་བྱ་བ་སྒྲུབ་པ་རྣམས་ཆམས་སེ་བཞག་ནས་སྟོང་ཉིད་ཀྱི་དོན་སྒོམ་པ་ཡིན་པས་ཚེ་འདིར་སྣང་གི་བྱ་བ་བསྒྲུབ་པ་ལས་བློ་ལྡོག་ཡོད། དལ་འབྱོར་ཆུད་ཟོས་སུ་མ་སོང་བས་དལ་འབྱོར་གྱི་སྙིང་པོ་ལོན་པ་ཡིན་པས་རྙེད་པར་དཀའ་བའི་ཁྲིད་བསྒོམ་ཡོད། དེ་ལྟ་བུ་རིག་སྟོང་ཆོས་ཉིད་ཀྱི་ཀློང་ན་ཆོས་ཅན་གྱི་སྣང་ཆ་ཐམས་ཅད་རྩལ་གདངས་མ་འགགས་པར་བདེན་མེད་དུ་ཡངས་ཁྲོལ་ལེ་གཟིགས་པས་རྟག་འཛིན་ལས་བློ་ལྡོག་ཡོད། འཆི་བ་མི་རྟག་པའི་སྒོམ་ཁྲིད་ཀྱང་ཡིན་པས་འཆི་མེད་གཉུག་མའི་བཙན་ས་ཡིན། བྱང་ཆུབ་སེམས་ལ་སྐྱེ་འཆི་ཡེ་ནས་མེད་གསུངས། རང་བྱུང་ཡེ་ཤེས་ཀྱི་རྩལ་ལས་དམིགས་མེད་ལྟ་བའི་ཀློང་དུ་བཟང་ངན་གྱི་རྟོག་ཚོགས་ཐམས་ཅད་ཇི་ལྟར་ཤར་ཡང་བག་ཆགས་གསོག་ལོང་མེད་པར་ཤར་གྲོལ་དུ་འགྲོ་བས་སྡིག་པ་མི་དགེ་བའི་ཆ་ལས་བློ་ལྡོག་ཡོད། ལས་རྒྱུ་འབྲས་ཀྱི་ཚོགས་པ་མི་ཚང་བས་ལས་རྒྱུ་འབྲས་མིག་བཞིན་ཏུ་བསྲུང་བ་དེ་ལ་ཟེར་རོ། །ཕྱི་ནང་སྣོད་བཅུད་ཀྱི་གནས་ཚུལ་སྐུ་དང་ཞིང་ཁམས་ཀྱི་རང་བཞིན་དུ་ཤེས་པས་མཐོ་རིས་ཐོབ་འདོད་ལས་བློ་ལྡོག་པ་ཡིན་གསུངས། འཁོར་བའི་ཉེས་དམིགས་ནི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་དག་རྣམས། སྣོད་དག་པ་རྒྱལ་བའི་དཀྱིལ་འཁོར། བཅུད་དག་པ་རིག་འཛིན་གྱི་ལྷ་ཚོགས། རྒྱུད་དག་པ་ཡེ་ཤེས་ཀྱི་རོལ་བ། སྒྲ་དག་པ་ཆོས་ཉིད་ཀྱི་རང་སྒྲ། དེ་ལྟར་ཡིན་པས་སྤང་བླང་མེད་པར་འཁོར་འདས་དག་མཉམ་གྱི་ལྟ་བ་ཞེས་ཟེར་བ་ཡིན་ནོ། ༈ །ཆོས་ཉིད་བར་དོའི་སྣང་བ་ཤར་དུས་རྨི་ལམ་གྱི་སྣང་བ་དང་འདྲ། དེ་དུས་ཕན་བཏགས་པ་དང་འདྲེན་སྟོན་བྱེད་པ་ལྟ་བུར་སྣང་ཡང་རྨི་ལམ་གྱི་སྣང་ཆ་ལྟ་བུའོ། །དེ་ཚེ་རང་སྣང་དུ་ཤེས། རང་སྣང་རང་བཞིན་མེད་པར་ཐག་ཆོད། ཤེས་མཁན་གདོད་མའི་དབྱིངས་སུ་དེངས་བའི་ཚེ། ཕྱིའི་སྣང་ཆ་ཤར་བ་ཐམས་ཅད་ཤེལ་འོད་ནང་དུ་ལྡོག་པ་བཞིན་དུ་གཞི་ཐོག་ཏུ་དྭངས་བའོ། ༈ །ཁམས་བདེ་གཤེགས་སྙིང་པོ་མངོན་དུ་གྱུར་དུས་ཐར་པའི་ལམ་སྣ་ཟིན་པ་ཡིན། ༈ སྔགས་ཐུན་མོང་པས་རང་བཞིན་གཞིའི་རྒྱུད་ཟེར། ཐུན་མོང་མ་ཡིན་པའི་རྒྱུད་སྡེ་རྣམས་སུ་རང་བྱུང་ཡེ་ཤེས་ཟེར། རང་བྱུང་གདོད་མའི་ཡེ་གཞི་ལ་དབང་འབྱོར་བ་ནི་ཐར་བ་ཐོབ་པ་ཡིན་གསུངས། ༈ དགེ་བའི་བཤེས་གཉེན་ཡང་སྔར་གྱི་དགེ་འབྲས་ཞིག་གིས་ད་ལྟའི་རྩ་བའི་བླ་མ་འདི་སྣང་བ་ཡིན། རྨི་ལམ་དུ་བླ་མ་སྣང་བ་ལྟ་བུ་རང་སྣང་ཡིན་གསུངས། བླ་མ་དགེ་བའི་བཤེས་གཉེན་དེ་ཡང་བསམ་པའི་སྒོ་ནས་ཅི་མཛད་ཆོས་སུ་མཐོང་། སྦྱོར་བའི་སྒོ་ནས་ཅི་གསུང་གི་བཀའ་བསྒྲུབ་དགོས་པ་ཡིན། རབ་སྒྲུབ་པའི་མཆོད་པ། འབྲིང་ལུས་ངག་བྲན་དུ་བཀོལ་བ། ཐ་མ་འཁོར་གསུམ་ཡང་དག་གི་མཆོད་པ། རང་གི་ཡོ་བྱད་ལྷག་ལུས་མེད་པར་འབུལ་དགོས་གསུངས། བླ་མ་ཡང་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་ལས་ཤར་བ་ཡིན་པས་རིག་སྟོང་གི་ལྟ་བ་རྟོགས་དུས་དགེ་བའི་བཤེས་གཉེན་ཆེན་པོ་ཡིན་གསུངས་སོ། ༈ །མཉམ་བཞག་གི་སྐབས་སུ་དཔེར་ན་མཐའི་རྒྱ་མཚོའི་ཀློང་དེར་ཆུ་ཕྲན་ཐམས་ཅད་ཐིམ་པ་བཞིན་ཏུ། རིག་སྟོང་གི་ཀློང་དུ་ཆོས་ཅན་གྱི་སྣང་བ་ཐམས་ཅད་མ་སྤང་ཡེ་གྲོལ་དུ་གཟིགས་པ་ཡིན། གནད་དེ་ལྟར་རྟོགས་ན་ཆུ་བརྒྱ་ཟམ་འོག་ཏུ་འདུས་པ་ལྟ་བུ་ཡིན། མཉམ་བཞག་ལས་ལྡང་བའི་ཚེ། དཔེར་ན་མཐའ་ཡས་རྒྱ་མཚོའི་ངང་ནས་ཆུ་ཕྲན་ཐམས་ཅད་མཆེད་པ་བཞིན་དུ། རིག་སྟོང་ཟུང་འཇུག་གི་ངང་ནས་རིག་རྩལ་ལམ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཆོས་ཅན་དངོས་པོར་སྣང་བ་ཐམས་ཅད་ཀྱི་མཚང་མཚན་ཉིད་ཤེས་ནས་གནས་ལུགས་རྟོགས་པ་ཡིན། དཔེར་ན་རང་བྱུང་གི་ཡེ་ཤེས་དེ་ཉིད་ནམ་མཁའ་ལྟ་བུ་དང་། ཀུན་འབྱུང་ལས་ཉོན་གྱི་རྟོག་ཚོགས་ཐམས་ཅད་སྤྲིན་ལྟ་བུ། རང་བྱུང་གི་ཡེ་ཤེས་དེ་ཉིད་ཉི་མ་ལྟ་བུ་དང་། ཀུན་འབྱུང་ལས་ཉོན་རྟོག་ཚོགས་རྣམས་ཉི་མའི་ཟེར་ལྟ་བུ། རང་བྱུང་ཡེ་ཤེས་དེ་ཉིད་རི་བོ་ལྟ་བུ་དང་། ཀུན་འབྱུང་གི་རྟོག་ཚོགས་རྣམས་རྩི་ཤིང་ལྟ་བུ། རང་བྱུང་གི་ཡེ་ཤེས་རྒྱ་མཚོ་ཁ་གཏིང་དང་བྲལ་བ་ལྟ་བུ། ཀུན་འབྱུང་ལས་ཉོན་རྣམས་ཆུ་རླབས་ལྟ་བུ། རང་བྱུང་གི་ཡེ་ཤེས་དེ་ཉིད་མེ་ལོང་ལྟ་བུ་དང་། ཀུན་འབྱུང་ལས་ཉོན་ཐམས་ཅད་གཟུགས་བརྙན་ལྟ་བུའོ། ༈ །མཎྜལ་ནི། གཞི་ཀ་དག་སྤྲོས་བྲལ་ཆོས་སྐུའི་མཎྜལ། རང་གདངས་འགག་པ་མེད་པ་ལོངས་སྐུའི་མཎྜལ། ཐུགས་རྗེ་རིག་གདངས་ཀྱི་ཤར་ཆ་རྣམས་གྲོལ་བའི་རང་བཞིན་ཡིན་པ་སྤྲུལ་སྐུའི་མཎྜལ་ཡིན་གསུངས། དེ་མིན་ཡང་ན་སྟོང་གསུམ་རི་རབ་གླིང་བཞི་ལྷ་གནས་དང་བཅས་པ་རྣམས་བློས་བླངས་ནས། རང་གིས་འབུལ་ནུས་ན། བླ་མ་དཀོན་མཆོག་ལ་བཞེས་པའི་ནུས་པ་ཡོད་པས་དེ་ལྟར་དུ་འབུལ་དགོས་གསུངས། ༈ གཅོད་ནི་མདོར་ན་མ་རིག་བདེན་འཛིན་གྱིས་དྲངས་པའི་དུས་གསུམ་ཡིད་ཀྱི་འཁྲུལ་རྟོག་དབྱིངས་སུ་དྭངས་བའི་ཚེ་གཅོད་ཟེར་བ་ཡིན་གསུངས་སོ། །རྗེ་མི་ལས། ཡ་གི་དགའ་ལྡན་ལྷ་ཡུལ་ན། །འབྲས་ད་ལྟ་བཏབ་པ་ད་ལྟ་སྨིན། །ཁོང་སོ་ནམ་མཁས་པས་མ་ཡིན་ཏེ། །སྔོན་བསོད་ནམས་བསགས་པའི་འབྲས་བུ་ཡིན། །ཞེས་དང་། མ་གི་ངན་སོང་གནས་ཉིད་ན། །མཚོན་ད་ལྟ་བཏབ་པ་ད་ལྟ་སོས། །ཁོང་རྨ་ལས་མཁས་པས་མ་ཡིན་ཏེ། སྔོན་ལས་ངན་བསགས་པའི་འབྲས་བུ་ཡིན། །ཞེས་གསུངས་སོ། ༈ །འདོད་པ་མེད་ན་འཕགས་པ་དངོས། །འདོད་པ་ཆུང་ན་འཕགས་པའི་རིགས། །ཞེས་སོ། ༈ ས་པཎ་གྱིས། རྟོག་པ་མེད་པའི་གྲུབ་ཐོབ་ཀྱིས། །རྡོ་ལ་ཞབས་རྗེས་བཞག་ཀྱང་ངན་སོང་རྒྱུ། ༈ །སྙན་གྱི་གོང་རྒྱན་ལས། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་སྤྲུལ། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་གྱིས། །ཞེས་དང་། དེ་སྐད་དུ། མ་འོངས་ཐུབ་པའི་བསྟན་པ་ནུབ་པའི་ཚེ། །དམར་དང་སེར་པོའི་གོས་ཀྱི་རས་མ་ཀུན། །ལྷ་རྣམས་ཀྱིས་བསྡུས་དད་པའི་རྟེན་དུ་ཁྱེར། །རི་རབ་རྩེ་རུ་མཆོད་རྟེན་བྱེད་པར་གསུངས།།

༈ དཔལ་སྤྲུལ་པས། སངས་རྒྱས་བསྟན་པའི་རྒྱལ་མཚན་རིན་པོ་ཆེ། །དམར་སེར་ངུར་སྨྲིག་ཆོས་གོས་རྣམ་པ་གསུམ། །མཐོང་ན་དད་ལྡན་དངས་བ་འདྲེན་པའི་ཞིང་། །ཚུལ་ལྡན་ན་བཟས་ཉིན་གཅིག་དཀོར་སྒྲིབ་དག །ཚུལ་ལྡན་ང་རྒྱལ་ཆེ་བ་ལས། །ཚུལ་འཆལ་འགྱོད་པ་ཆེ་ན་དགའ། ༈ །ཆོས་ནི་སྐྱེས་བུའི་སྙིང་ལ་མདའ་ཕོག་པ་བཞིན། ཉོན་མོངས་པའི་གཉེན་པོར་འགྲོ་ན་ཆོས་ཡིན་གསུངས། ཕྱི་རོལ་དཔེ་ཡི་བླ་མ་ནི་སྔོན་དཀར་པོ་དགེ་བ་བསྒྲུབས་པ་ལས་བྱུང་བའི་བླ་མ་འདི་རྣམས་ཡིན་གསུངས། དེ་ཡང་ལས་ལས་བྱུང་བ་ཡིན་པས་རང་སྣང་ཡིན་གསུངས། དེ་ཡང་བདེན་མེད་རྨི་ལམ་ལྟ་བུའི་རང་བཞིན་ཡིན་ཚུལ་ལ་བློ་སྦྱང་དགོས། དེ་མིན་འཛིན་སྟངས་དམ་ཧྲང་ངེ་བར་བཟུང་ན་ཤེས་སྒྲིབ་ཡིན་གསུང་། གནས་ལུགས་གཞི་ཡི་བླ་མ་ནི་གནས་ལུགས་རང་ཞལ་མཐོང་བ་འདི་ཉིད་ཡིན་པས་དཔེ་ཡི་བླ་མ་དང་མི་འདྲ་གསུངས། བླ་མ་འོད་ཞུ་བྱས་ནས་ཐུགས་ཡིད་དབྱེར་མེད་བསྲེས་སྐབས་སྣང་བ་སྐུ་ཡི་བླ་མ། སྒྲ་གྲགས་གསུང་གི་བླ་མ། དྲན་རྟོག་ཐུགས་ཀྱི་བླ་མ་ཡིན་པས་དག་མ་དག་གཉིས་ཀྱི་ཟླས་ཕྱེ་བའི་དག་སྣང་ལྟ་བུ་མ་ཡིན་པས། དྲན་སྣང་བླ་མའི་གསང་གསུམ་དང་མ་བྲལ་བ་གལ་ཆེ་གསུངས་སོ། །མདོ་ལྟར་ན་ལྡན༵་གྲོ༷ལ་ཚུལ་ཁྲིམས་དང་ལྡན་པ། ཤེས་པས་རྒྱུད་གྲོལ་བ་སོགས། སྔགས་ལྟར་ན་བསྐྱེད་རྫོགས་སོགས༴ ༈ དབྱིག་གཉེན་གྱིས། ལྡན་དང་གྲོལ་ལ༴ མེད༴ རྟ་དང་བ་གླང་བོང་བུ་དག་ཏུ་སྐྱེ། །རྡོོ་དང་དབྱུག་པ་དག་གིས་བརྡེག་པར་འགྱུར། ༈ །མི་སློབ་པས་ནི་བདག་པོར་སྤྱོད། །སློབ་པས་སྦྱིན་པ་སྤྱོད་པ་སྟེ། །བསམ་གཏན་ཀློག་དང་ལྡན་པ་ལ། །རྗེས་གནང་སྤྱོད་པས་ཉེས་པ་མེད། །ཅེས་སོ། །ས་པཎ་གྱིས། བླུན་པོས་ཕྱག་རྒྱ་ཆེར་སོགས། ༈ འཇིགས་གླིང་གིས། སྐབས་ཤིག་བསྒོམ་རྒས་གཉིད་དུ་སོང་བའི་ཚེ། །འཆི་དུས་དུད་འགྲོར་སྐྱེ་བ་མཁྱེན་པར་མཛོད། །ཅེས་སོ། །བླུན་པོ་ཆུ་ཡི་རི་མོ་བཞིན། །གང་བྱས་དེ་ཉིད་མྱུར་དུ་འཇིག །མཁས་པ་རྡོ་ལ་རི་མོ་བཞིན། །ཤིན་ཏུ་ཕྲ་ཡང་བརྟན་པར་གནས། ༈ །བྱིང་བས་དྭངས་ཆ་སྒྲིབ། རྨུགས་པས་གསལ་ཆ་སྒྲིབ། གཉིད་ཀྱིས་ལུས་ངག་ཡིད་གསུམ་སྐྱོན་ཅན་བྱེད། ༈ འབྲུག་པ་ཀུན་ལེགས་ཀྱིས། བླ་མས་དབང་བསྐུར་ཆོས་བཤད་བྱེད། །ཐུགས་ལ་མེད་དོ་ས་མ་ཡ། །ཅི་གསུང་ཚད་མར་མ་བཟུང་ན། །ལེགས་སོ་མང་པོས་ཅི་ལ་ཕན། །སློབ་མས་མིག་བཙུམ་ཐལ་མོ་སྦྱར། །ཡིད་ལ་མེད་དོ་ས་མ་ཡ། །མཉམ་བཞག་ནམ་མཁའ་ལྟ་བུ་ནི། །དྲན་རིག་སོ་མའི་ངང་ན་ཡོད། ༈ །མི་ཞིག་ལ་ཁང་པ་བཟང་པོ་ཡོད་ན་ང་ཡི་ཁང་པ་བཟང་སྙམ་པའི་ཞེན་ཆགས་ཡོད་ལ། རེ་ཞིག་ཁང་པ་དེ་མེ་ཡིས་ཚིག་པར་གྱུར་ན་དེའི་ཚེ་ཁང་པ་བཟང་སྙམ་པའི་ཞེན་ཆགས་ག་ལ་ཡོད་དེ་མེད། དེ་བཞིན་དུ་སེམས་སེམས་བྱུང་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ཁང་པ་རྣམ་དཔྱོད་ཤེས་རབ་ཀྱིས་ཐལ་གྱིས་བཏང་བའི་ཚེ། ངར་འཛིན་རྣམ་པར་རྟོག་པའི་འཕྲེང་བ་བདེ་སྡུག་རེ་དོགས་ཐམས་ཅད་རང་ཞིག་ལ་མི་འགྲོ་བའི་ཐབས་མེད་གསུངས། ༈ ཧཱུྃ་མཚན་ཉིད་བཞི་ལྡན་ནི། རེག་བྱ་ཚ་བ་མེ་ལྟ་བུ། རྣོ་བ་སྤུ་གྲི་ལྟ་བུ། མྱུར་བ་གློག་ལྟ་བུ། ཤུགས་དང་ལྡན་པ་གནམ་ལྕགས་ཀྱི་ཐོག་ལྟ་བུ་སྟེ་བཞིའོ། །རླུང་དམིགས་སེམས་གསུམ་པོ་གཅིག་དུ་དྲིལ་པ་ལ། སེམས་རྩེ་གཅིག་ཏུ་གཏད་པ་གལ་ཆེ་བ་ཞིག་དགོས་གསུངས། ༈ ཕྱོགས་རིས་མེད་པའི་དད་པ། ཉེ་རིང་མེད་པའི་སྙིང་རྗེ་ཞིག་ཤུགས་འབྱུང་ལ་འཆར་ན། ལྟ་བ་ངོ་འཕྲོད་པའི་རྟགས་ཡིན་གསུངས། ལམ་ཞུགས་ཀྱི་སྐབས་སུ་རྣམ་རྟོག་འགག་སྟོབས་གཞན་ལས་ཆེ་བར་གསུངས་པས་སྐབས་སུ་དམིགས་ཡུལ་ལ་གཏད་ཚེ། དེ་ལས་གཞན་པའི་རྣམ་རྟོག་གི་བར་གཅོད་མི་འབྱུང་བས་ཞི་ལྷག་ཟུང་འབྲེལ་ལ་དབང་འབྱོར་བའི་ཡོན་ཏན་ཐོབ་པ་ལས། རྣམ་རྟོག་གཏན་འགགས་སུ་གྱུར་པ་ལ་གོ་མི་ཉན་གསུངས། ༈ རྣལ་དབབ་ནི། སྐྱིད་པོ་བྱས་པ་ལྟ་བུ་སེམས་བག་ཕེབ་པར་བཞག་པའོ་གསུངས། རུ་ཤན་གྱི་སྐབས་འགྲོ་བ་དྲུག་གི་བསམ་སྤྱོད་སོགས་ལ་བསླབས་པ་འདི། མཚན་མ་གཞིག་པའི་དོན་དུ་སྒོམ་ཚུལ་ཡིན་པ་གཞིར་བཞག་ཏུ་གོ་དགོས་གསུངས། རིག་པ་ཀ་དག་གི་རང་བཞིན་ཅན་གྱི་ལྟ་བ་ངོ་ལེགས་པར་འཕྲོད་པའི་གང་ཟག་གིས་ཡུན་ཅི་རིང་བར་བསྒོམས་ཀྱང་གེགས་གོལ་ས་ལ་མི་འགྲོ་གསུངས། ༈ ངོ་མ་འཕྲོད་པའི་གང་ཟག་གིས་ཡུན་ཐུང་གྲང་མང་ཁང་རྒན་ཐིགས་པ་ལྟར་མ་བསྒོམས་མི་འོང་གསུངས། ༈ བཟླས་པས་རླུང་འཕེལ། རིག་སྟོང་གི་ལྟ་བའི་ཐོག་ཏུ་མི་ཁེལ། རིག་གདེངས་སེམས་ཀྱི་རྣམ་རྟོག་ཁ་འབྱམས་སུ་འགྲོ་ཉེན་ཆེ་བས། དེ་བས་གལ་ཁེ་ཆེ་བ་མཉམ་བཞག་ལ་བརྩོན། ཁེ་ཆུང་བ་མཚན་མའི་བསམ་སྤྱོད་རྣམས་སྤོངས་གསུངས། གཞི་ཡི་བཞུགས་ཚུལ་ལ་ཕྱོགས་ཙམ་ལས་མངོན་སུམ་མ་མཐོང་བ་ལ་གཞི་ཡིན་དངོས་མ་ཡིན་གསུངས། ༈ རིག་པ་དབྱིངས་ཀྱི་ར་བར་བཙུད་ཟེར་ཡང་དོན་ལ་ཐིག་ལེའི་དབུས་སུ་གཏད་དགོས་གསུངས། ལམ་ཞུགས་ཀྱི་སྐབས་སུ་བླ་མ་འོད་ཞུ་བྱས་ནས་ལུས་ལ་ཐིམ་པས་ལུས་ཧཱུྃ་དུ་གྱུར་བར་གསུངས། ༈ རྫོགས་ཆེན་སྐབས་སྐུ་གསུམ་དབྱེ་ཚུལ། དཔེ་ནི། བུམ་པའི་ངོ་བོ་སྟོང་ཆ་ཆོས་སྐུ། མ་འགགས་པ་ལོངས་སྐུ། སྣང་ཆ་སྤྲུལ་སྐུ། དབྱེར་མེད་ངོ་བོ་ཉིད་སྐུའོ་ཞེས་ལྡོག་ཆས་ཕྱེ་གསུངས། ༈ ཆོས་ཟད་དུས་མི་སྡིག་ཅན་ལ་ཆོས་བསྟན་ཡང་དེ་ལྟར་མི་བསྒྲུབ་པར་ཐབས་མེད་གསུངས། ༈ རིག་པའི་ངར་མ་ཤོར་བའི་ངང་ནས་ཨ་ཡིག་ལ་གཏད་ནས་གཉིད་འོད་གསལ་དུ་སྦ་སོགས་བྱ་དགོས་གསུངས། ཉིན་མོ་མ་གོམས་པར་ནུབ་མོ་ཇི་ལྟར་དམིགས་པ་བཟུང་ཡང་གཉིད་འོད་གསལ་དུ་མི་འཆར་གསུངས། ༈ རྫོགས་ཆེན་ཤིན་ཏུ་ཟབ་ཀྱང་། གང་ཟག་རྫོགས་ཆེན་དུ་མ་སོང་ན་མི་ཕན་གསུངས། ༈ དབུ་མའི་ཡིད་དཔྱོད་ཀྱི་གོ་བ་རྗེས་དཔག་ལ་བརྟེན་ནས་གཞིའི་གནས་ཚུལ་གཏན་ལ་འབེབ་པ་ཙམ་ཡང་མེད་པར་ཐམས་ཅད་སྟོང་པའོ་སྙམ་པའི་དེང་སང་གི་སྒོམ་ཆེན་ཕལ་ཆེར་ལྟ་བུའོ། །གསུངས། ༈ འཁོར་འདས་དག་མཉམ་ལྟ་བའི་གོ་བ་ཙམ་ཐོན་ཀྱང་། །གོམས་པའི་མྱོང་ཐོག་མ་སླེབས་གོ་ཡུལ་ལ་ལྟོས་དང་། སྟོང་ལྟའི་འུར་སྒྲ་ལྡིར་ཡང་ཤེས་རྒྱུད་ནི་སྔར་བཞིན། །སྒོ་གསུམ་ཐ་མལ་ངང་དུ་ཉིན་མཚན་ཀུན་འདའ་འདུག །གསུངས། ༈ སྣང་བ་སེམས་སུ་ངོ་སྤྲོད་པ་ན་སྣང་བ་སྣང་ཡུལ་མ་ཕྱེད་པར་སེམས་སུ་འདོད་ན། དཔེར་ན་བུམ་པ་སེམས་ཡིན་ན་བུམ་པའི་ཡུལ་སེམས་པར་ཐལ་བ་སོགས་སྐྱོན་ཡོད་པས། དེ་ལྟར་མིན་པར་ཀུན་མཁྱེན་གྱིས་བཞེད་པའི་གནས་དོན་ལུས་ཀྱི་བག་ཆགས་དེའི་དབང་གིས་གྲུབ་པའི་སྣང་བ་འདི་གྲུབ་པས། དེ་ནི་བག་ཆགས་དེའི་དབང་གིས་གྲུབ་པའི་ལུས་ཡིན་སེམས་མིན། གནས་ཀྱི་བག་ཆགས་གི་དབང་གིས་གྲུབ་པ་གནས་ཡིན་སེམས་མིན་ཀྱང་། བག་ཆགས་གསོག་མཁན་དེ་སེམས་ཡིན་པས་སེམས་གཙོ་ཆེར་གྱུར་བས། མདོ་སྡེ་ལང་ཀར་གཤེགས་པ་ལས་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་གསུངས། ༈ ད་ནི་བདག་འཆི་བའི་དུས་ལ་བབ་པ་ཡིན་པས། ཆོས་ཀྱི་དབྱིངས་སྤྲོས་པ་མེད་པའི་ཀློང་དུ་མྱ་ངན་ལས་འདའ་བར་བྱའོ། །ཞེས་དང་། ངག་གིས་ན་ཞེས་བརྗོད་ལ་སེམས་ཉིད་རང་གི་རིག་པ་རླུང་དང་འགྲོགས་ནས་ཕྱིའི་དབྱིངས་ལ་ཐིམ་པ་དར་ཅིག་བསྒོམ་པའི་རྗེས་ལ་རིག་ཐོག་ཏུ་འཇོག་ཅེས་དཔལ་སྤྲུལ་ལྟ་བུའོ། ༈ །ཐུག་ཕྲད་ཅེས་པ་རྡོ་ཚན་ལ་ཁ་བ་འཕྲད་པ་བཞིན་ཕྲད་པའི་རིག་པ་ཙམ་གྱིས་གྲོལ་བ་ལ་གོ་དགོས་གསུངས། ཅེར་གྲོལ་ཞེས་པ་ནི་ཚོགས་དྲུག་གི་ཡུལ་གང་བློ་ལ་ཤར་ན་དེ་ཐོག་ཏུ་ལྟ་སྟངས་བྱས་པ་ཙམ་གྱིས་རང་ཡལ་ལ་འགྲོ་བ་དང་། རིག་པའི་ཀློང་ནས་རྣམ་རྟོག་གི་མགོ་འབུར་བའམ་ཅེར་བ་ཙམ་གྱིས་སླར་རིག་ཐོག་ཏུ་གྲོལ་བ། དཔེར་ན་ཆུ་ལས་ཉའི་མགོ་འབུར་བའམ་ཅེར་བ་ལྟ་བུ་ཡིན་ཞེས། བླ་མ་འབྲུག་པས་བཞེད་གསུངས། ལས་དང་པོ་པ་ལ་རྩལ་མེད་ཐབས་ཆག་ཡིན་པས་གོམས་དགོས་གསུངས། ༈ ཐོག་མའི་གཞི་སྐོར་ལ་འཁོར་འདས་གཉིས་ཀ་མ་གྲུབ་པས་གཞི་གཉིས་ཀ་འཆར་རུང་གི་གདངས་ཙམ་ཡོད་པ་ལ་གོ་དགོས་གསུངས། ༈ རིག་པའི་ཡེ་ཤེས་འདྲེན་པ་ལ་འགྲོ་འོང་ལས་ཀྱི་རླུང་རང་སར་བཞག་དགོས་གསུངས། རྟོག་ཚོགས་ཉོན་མོངས་པའི་རླུང་དྭངས་དགོས་གསུངས། ཡིད་ཀྱི་ཤེས་པ་ནི། ཡུལ་དང་པོ་སྤྱི་འཛིན་པས་གཟུང་བ་དང་། ཉོན་ཡིད་ནི། རྗེས་ལ་བྱེ་བྲག་འཛིན་པས་འཛིན་པའོ། །གསུངས། དེ་གཉིས་ལ་རྟོག་བཅས་རྟོག་མེད་ཅི་རིགས་དང་དགེ་མི་དགེ་ལུང་མ་བསྟན་རྣམས་ཡོད། སྒོ་ལྔ་དང་ཀུན་གཞིའི་རྣམ་ཤེས་ནི་རྟོག་མེད་ཁོ་ན་ཡིན་གསུངས། རྣམ་རྟོག་མི་བཀྲ་དགུ་བཀྲ་འདིས་འགྱུ་ཆ་རླུང་ཡིན་ལ། རིག་ཆ་རིག་གདངས་ཡིན་གསུངས། རིག་གདངས་རླུང་གིས་བསྐྱོད་རང་ངོ་མ་མཐོང་བའི་ཆ་རིག་པ་ལ་ལྟོས་ནས་མ་རིག་པའི་ཆ་ཙམ་ཞིག་ལ་རྒྱུ་བདག་ཉིད་གཅིག་པའོ་སོགས༴ ༈ གཞི་ལས་གཞི་སྣང་གཡོས་ཚེ་རང་སྣང་རང་ངོ་ཤེས་ཏེ་གྲོལ་བ་དེ་ལ་ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་ཟེར་ལ། དེ་ལས་སྔོན་ཞིག་ལ་སེམས་ཅན་མ་བྱུང་བའི་ཐོག་མ། སངས་རྒྱས་མ་བྱུང་བའི་ཐོག་མ་ཞིག་ལ་ཀུན་ཏུ་བཟང་པོ་ཟེར་བ་ཞིག་ཡོད་པ་ལ་གོ་མི་ཉན། དེ་ལ་ད་ཅང་མི་གོ་རྒྱུ་མེད་ཁི་ཨ། འདི་ཡིན་ན་མྱོང་ཐོག་གིས་བསླབས་ན་མི་གོ་རྒྱུ་མེད་པས། འདི་ལྟར་དག་མ་དག་གི་སྣང་བ་སྣ་ཚོགས་པ་འདི་དག་ཐམས་ཅད་གཞི་སྣང་ལས་ཤར་བ་རེད་ཏ། ཡིན་དགོས་ནི་རེད་ཨ། དེ་ཡིན་ན་གཞི་སྣང་རང་སྣང་ཡིན་པས་རང་སྣང་ཉག་གཅིག་ལས་མེད་པ་དེ་རང་ངོ་ཤེས་པས་ཤེས་མཁན་གཞི་ཐོག་ཏུ་གྲོལ་ནས་འགྲོ་བ་འདི་ལ། མ་དག་འཁོར་བའི་འཁྲུལ་ཚུལ་གྱི་རྒྱུ་གསུམ་རྐྱེན་བཞི་འབྱུང་ལུགས་མེད་པས་རང་ལོག་ལ་འགྲོ་ལུགས་ཤེས་དགོས་ཨ། ད་མདོར་བསྡུ་ན་རང་སྣང་རང་ངོ་ཤེས་པས་དེ་ཡང་ཤར་གཞི་ཤར་ཆོས་གཉིས་ཀ་རང་སྣང་དུ་ངོ་ཤེས་པས་འཁྲུལ་བའི་རྒྱུ་གསུམ་རྒྱུའི་རྐྱེན་དང་བཅས་པ་རང་ལོག་ཏུ་འགྲོ་ནི་རེད། ངོ་ཤེས་མཁན་གྱི་ཤེས་རབ་དེ་གཞི་ཐོག་ཏུ་རྩལ་རྫོགས་པས་བདག་པོའི་རྐྱེན་རང་ལོག་ཏུ་འགྲོ་ནི་རེད། དེ་ལྟར་གཞན་ལ་མ་ལྟོས་པར་རང་ངོ་རང་གིས་རིག་པས་རིག་པ་རང་གྲོལ་གྱི་ཆ་ལ་སྟོན་བྱེད་ཀྱི་སློབ་དཔོན་མེད་པར་རང་བྱུང་གི་སངས་རྒྱས་རང་སར་གནས་པས་བརྟན་པ་ཐོབ་པ་ལ་འཁྲུལ་བའི་དམིགས་རྐྱེན་དང་དེ་མ་ཐག་རྐྱེན་རང་ལོག་ཡིན་པས། འདི་ཡིན་ན་མཉམ་བཞག་ལ་འདུག་ནས་བལྟས་ན་ལེགས་པ་ཞིག་ཡིན་ནི་རེད་གསུངས། ༈

གཞི་སྣང་ངོ་ཤེས་ན་གྲོལ་བྱེད། ངོ་མ་ཤེས་ན་འཁྲུལ་བྱེད་ཅེས་ཟེར་ཡང་། མ་རྟོགས་ན་ཡིད་དཔྱོད་ལྡང་བས་ལོག་པར་འཁྲུལ་བའི་གཞིར་སོང་ན་འཁྲུལ་གཞིར་ཏེ་ལམ་གོམས་པ་ལ་ཆ་དེ་ལྟར་སྦྱར་རྒྱུ་ཡོད་ནི་རེད། འབྲས་བུ་དང་ཆ་འདྲ་བ་ཡིན་ནི་རེད། ཐུགས་རྗེའི་རིག་པ་ནི་རང་གི་རིག་པ་ལ་གོ་དགོས་ཏེ་ཐུགས་རྗེའི་རིག་པ་གསུངས་ཡོད་པས། དེ་གཞི་སྣང་ཤར་བ་ངོ་མ་ཤེས་ན་འཁྲུལ་པའི་ཡིད་དཔྱོད་ཀྱི་མགོ་འཛིན་པས། དེ་ཡང་མ་རིག་པ་དངོས་ཅི་ཡིན་ཏ། མ་རིག་པའི་རྒྱུར་གྲུབ་པའི་དཔེ་མ་རིག་པའི་ཆར་གྱུར་པའི་མགོ་ཡིན་ཏེ། རང་སྣང་ཡིན་པར་མ་ཤེས་སོ། །དེའི་མ་རིག་འཁྲུལ་བའི་གཞི་འཛིན་ལ། རང་སྣང་ཡིན་པར་ཤེས་ན་གྲོལ་གཞི་རུ་གྱུར་བས་ཆོས་སྐུ་དབྱེར་མེད་དུ་བཞུགས་པ་ཡིན་ནི་རེད། དེ་ལྟར་གཞི་ལྷུན་གྲུབ་དང་དེའི་གདངས་ཤེས་པར་ཤར་ཚུལ་འདི་ལ་གཞི་སྣང་ལྷུན་གྲུབ་ཀྱི་སྣང་བ་ལྷུན་གྲུབ་ཟེར་བ་རེད། དེའི་འཆར་གཞི་ལ་གཞི་ཟེར་བ་རེད། སྣང་བ་ཐམས་ཅད་རང་སྣང་ཡིན་ཏེ། གཞི་ལས་ཤར་བའི་གཞི་སྣང་རེད། དེ་ཤེས་མཁན་གཞི་ཐོག་ཏུ་གྲོལ་ནི་རེད། དེ་ལྟར་རང་གྲོལ་དུ་གྱུར་པ་དེ་ཡེ་ཤེས་ཡིན་ནི་རེད། རང་སྣང་ཡེ་ཤེས་སུ་ཤར་བ་ལ་གནད་འདི་གོ་དགོས། འདི་གོ་ན་རྩལ་ལས་ཤར་བའི་རོལ་བ་ཡེ་ཤེས་སམ་རིག་པ་རུ་ཤར་བ་ཡིན་ཞེས་ཡང་ཡང་གསུངས། ༈ འཁྲུལ་སྣང་ཡེ་ཤེས་སུ་འཆར་བའི་མན་ངག་ནི། ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་དབྱིངས་ཡེ་ཟུང་འཇུག་རྟོགས་པ་དང་། ལྷུན་གྲུབ་ཐོད་རྒལ་གྱིས་འཁྲུལ་ཡུལ་འཁྲུལ་མཁན་ཐམས་ཅད་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་ངོ་སྤྲད་ནས། སྣང་བཞི་སྒྲོན་དྲུག་གི་ལམ་མཆོག་ལ་བརྟེན་ནས་ཚེ་ལུས་གཅིག་གིས་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ཡིན་གསུངས། ༈ བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ན། སྣང་ཕྱོགས་ནས་ཆོས་ཐམས་ཅད་དག་པ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར། སྟོང་ཕྱོགས་ནས་དོན་དམ་དཀོར་བདུན་ལྷག་པའི་བདེན་གཉིས་དབྱེར་མེད་དུ་རྟོགས་དགོས་པ་ཡིན་གསུངས། ༈ ལུང་ཨ་ནུ་ཡོ་ག་ལྟར་ན། ཀུན་རྫོབ་ཀྱི་སྣང་བའི་ཆོས་ཐམས་ཅད་ཡབ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར། སྟོང་པ་ཡུམ་ཀུན་ཏུ་བཟང་མོའི་དཀྱིལ་འཁོར། དེ་གཉིས་ཟུང་དུ་འཇུག་པ་སྲས་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་རྟོགས་དགོས་གསུངས། ༈ འོད་གསལ་རྫོགས་པ་ཆེན་པོ་ལྟར་ན། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆོས་སྐུ་ཐིག་ལེ་ཉག་གཅིག་ངོ་སྤྲོད་པ་ཡིན་གསུངས། ༈ གཞི་ལ་མང་ཡང་མི་ཞིག་ཤི་ཚེ་གཞི་ཐོག་ཏུ་དར་གཅིག་གནས་པ་ཐོག་མའི་གཞི་ཟེར་གསུངས། ཅི་ཞིག་གི་ཐོག་མ་ཡིན་སྙམ་ན་སངས་རྒྱས་སེམས་ཅན་གཉིས་ཀ་མ་བྱུང་བའི་སྔ་རོལ་ཡིན་པས་ཐོག་མ་ཟེར་གསུངས། ༈ སྣང་བ་འགགས་ཀྱང་སྣང་ཡུལ་མ་འགགས་པ་ཟེར་བ་ཡིད་ཤེས་ཀྱི་ངོར་དཔེའི་འོད་གསལ་དོན་སྤྱིའི་ཚུལ་དུ་འཆར་ནི་རེད། དེ་ལ་སྣང་བ་ཟེར་ནི་རེད། ཚོགས་སྦྱོར་སྐབས་ན་དེ་ལྟར་ཡིན་ནི་རེད། མཐོང་ལམ་སྐབས་དོན་གྱི་འོད་གསལ་དངོས་ཡིན་པས་དེ་ཤར་ཚེ། སྣང་བ་ཡིད་ཤེས་ཀྱི་ངོར་ཤར་བའི་དོན་སྤྱི་དག་ནས་སྣང་ཡུལ་མངོན་སུམ་དུ་མྱོང་བ་ཡིན་ནི་རེད། དཔེར་ན་ནམ་མཁའི་ཟླ་བ་སྣང་ཡུལ། གཟུགས་བརྙན་རྫིང་བུར་ཤར་བ་སྣང་བ། གཟུགས་བརྙན་སྣང་བ་དེ་འགགས་ཀྱང་ནམ་མཁའི་ཟླ་བ་སྣང་ཡུལ་འགགས་མི་དགོས་གསུངས། རྫོགས་ཆེན་སྐབས་འདིར་སྣང་བ་སྣང་ཡུལ་དེ་ལྟར་ཤེས་དགོས། དེ་ལས་ཕྱི་ནང་གཉིས་སུ་བཞག་རྒྱུ་ཨི་རྙེད་མ་ལྟ་གསུངས། ཕྱི་ནང་ལྟར་བཞག་ན་ཁྱོད་ཀྱིས་གྲོགས་ཀྱི་དོན་སྤྱི་བློ་ཡུལ་ལ་ཤར་བ་སྣང་བ། གྲོགས་དངོས་སྣང་ཡུལ། དེ་བཞིན་ཏུ་ཀ་བ་སྣང་ཡུལ། དེའི་རྣམ་པ་ཡིད་ངོར་ཤར་བ་ལ་སྣང་བ་ཟེར་ཡང་དེ་ཡིས་དགོས་རྒྱུ་སྐབས་འདིར་མེད་ཁི་ཨ། ༈ ཐོག་མའི་གཞི་ཟེར་བ་དེ་འཁོར་འདས་གཉིས་ཀ་མ་གྲུབ་པའི་གཞི་དབྱིངས་ལོ་ལོ་བོའི་ཀློང་ན་ཡོད། འཆི་སྲིད་སོགས་མཚན་གཞིར་འཇོག་གསུངས། འཁོར་འདས་གཉིས་ཀ་འཆར་རུང་གི་གདངས་ཙམ་ཡོད་པ་ལ་གོ་དགོས་གསུངས། ཐོག་མའི་གཞི་ཀ་དག་གི་ངོ་ན་འཁོར་འདས་གང་ཡང་མ་གྲུབ་པའི་གཞི་ལོ་ལོ་བོ་དེ་ལ་གཞི་གཅིག་ཟེར། གཞི་ལས་གཞི་སྣང་མཆེད་དུས་རང་སྣང་ངོ་ཤེས་ན་སངས་རྒྱས་ཀྱི་ལམ། མ་རྟོགས་ན་འཁོར་བར་འཁྱམས་པའི་ལམ་གཉིས་བྱུང་བ་འདི་གཞི་སྣང་གི་སྟེང་ནས་ངོས་འཛིན་དགོས་གསུངས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཡིད་ལ་ལན་གཅིག་དྲན་ན་སངས་རྒྱས་རྣམས་ནི་ས་ཆེན་པོའི་རྡུལ་གྱི་གྲངས་དང་མཉམ་པ་ཡོད་པས་སངས་རྒྱས་དེའི་གྲངས་དང་མཉམ་པ་ལ་ཚོགས་བསགས་པའི་འབྲས་བུ་ཐོབ་པ་ཡིན་ལ། སེམས་ཅན་གྱི་ཁམས་ལ་ཡང་སྙིང་རྗེ་ལན་གཅིག་སྐྱེས་པས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་གྲངས་དང་མཉམ་པའི་བསོད་ནམས་ཐོབ་གསུངས། ཕྱོགས་བཅུ་དུས་བཞི་ཐམས་ཅད་དུ་སངས་རྒྱས་རྣམས་མི་བཞུགས་པའི་ཡུལ་དུས་སྐྲ་ཡི་རྩེ་མོ་ལན་བརྒྱར་བགོས་པའི་ཆ་ཙམ་ཡོད་པ་མ་ཡིན་ཀྱང་། སེམས་ཅན་གྱིས་རང་རང་གི་ལས་ངན་གྱིས་བསྒྲིབས་ཡོད་པས་མཐོང་བར་མི་ནུས་ཏེ། སྒྱུ་འཕྲུལ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཞེས་གསུངས། སྔོན་ཚངས་པ་རལ་པ་ཅན་ཞེས་བྱ་བ་སངས་རྒྱས་ཀྱི་མདུན་དུ་བྱོན་ཚེ་ཤ་རིའི་བུ་དང་མོའུ་འགལ་བུ་སོགས་རྩོད་པ་བྱས་པས་ཚངས་པ་རལ་པ་ཅན་གྱིས་ཞིང་འདི་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ངེས་པར་མཐོང་བ་སོགས་རྒྱུ་མཚན་བཤད་པས་མོའུ་འགལ་བུ་དང་ཤ་རིའི་བུ་སོགས་ཀྱིས་ཡིན་དོན་མེད། ཁྱིམ་བདག་དཔལ་སྐྱེས་ལྟ་བུ་ལོ་བརྒྱ་བ་དང་། སོར་ཕྲེང་ཅན་སོགས་སྡིག་ཅན་ཞིག་དང་། དགེ་སློང་མ་ཨུད་པ་ལ་ལྟ་བུ་སོགས་ཞིང་ཁམས་ན་ཡོད་དོན་མེད་ཟེར་ནས། མཐར་སྟོན་པ་ལ་ཞུས་ཚེ་ཚངས་པ་རལ་པ་ཅན་གྱིས་མཐོང་བ་ནི་ལེགས་སོ་གསུངས་ནས་སངས་རྒྱས་ཀྱིས་བྱིན་རླབས་ཀྱི་མཐུ་ལས་འཁོར་ཐམས་ཅད་རེ་ཞིག་ཙམ་ལ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་མངོན་སུམ་མཐོང་བ་ལྟ་བུའོ། །དངུལ་ཆུའི་ཐིག་པ་ས་ལ་ལྷུང་དུས་རྡུལ་དང་མ་འདྲེས་པ་བཞིན་ཤར་གཞི་ཤར་ཆོས་གཉིས་འབྱེད་དགོས། དེ་བྱེད་ན་ཤར་གཞི་ཤར་ཆོས་གཉིས་གཅིག་ཏུ་མི་འདོད་པའི་ལྡོག་ཆ་འདི་ཤེས་དགོས། ཆོས་ཐམས་ཅད་རིག་པ་རྗེན་པར་རྟོགས་དགོས་གསུངས། དེ་ལ་སེམས་དང་རིག་པ་གཅིག་ཏུ་མ་གསུངས། དེ་གསུངས་ན་སེམས་ལ་སྐྱེ་འགག་ཡོད་པ་བཞིན་རིག་པ་སྐྱེ་འགག་ཅན་དུ་ཐལ། ཡང་ན་ཡུལ་རིག་པ་གཉིས་གཅིག་དུ་བསམ་ན། ཕྱི་རོལ་དངོས་པོར་གྲུབ་པ་བཞིན་རིག་པ་དངོས་པོ་ཅན་དུ་ཐལ། ཡང་ན་རིག་པ་འདུས་མ་བྱས་པ་བཞིན། ཕྱི་རོལ་ཚོགས་དྲུག་གི་ཡུལ་འདི་འདུས་མ་བྱས་ཡིན་པར་ཐལ། རིག་པ་འདུས་མ་བྱས་དང་རྫས་གཅིག་ཏུ་འདོད་པའི་ཕྱིར་སོགས་སྐྱོན་དུ་མ་ཡོད་པས་ལྡོག་ཆས་ཕྱེ་མ་ཤེས་ན་ཆ་ག་རོ་ལོག་རྒྱབ་འགལ་ལ་འགྲོ་ནི་རེད། དེ་བས་ལྡོག་ཆས་ཕྱེ་ཤེས་དགོས། རིག་པ་རྗེན་པར་གསུངས་པ་དེ་ཡང་གོ་རྒྱུ་ཆེན་པོ་ཡོད་ལ། འཆར་གཞིའི་རིག་པ་རྗེན་ལ་ཕུད་ནས་བསྐྱངས་ན། དེ་ལ་ཡུལ་གྱི་སྣང་ཆ་མ་འགགས་ཀྱང་ཡུལ་ལ་རིག་པ་གཡོ་བ་མེད། ཡུལ་གྱིས་རིག་པ་ལ་གོས་པ་མེད། དེ་མེད་དངུལ་ཆུའི་ཐིག་པ་རྡུལ་དང་མི་འདྲེས་པ་བཞིན། ཡུལ་ལ་འདྲེས་པ་མེད་པས་རིག་པ་རྗེན་པ་ལ། གནམ་སྟོང་གི་ཟླ་བ་དང་དངུ ལ་ཆུའི་ཐིག་པའི་དཔེ་སོགས་ཀྱི་མཚོན་པ་ཡིན་ནི་རེད། དེ་འདྲའི་རིག་པ་ལེགས་པར་སྐྱོང་ཤེས་ན། འཛིན་པ་ཐམས་ཅད་རང་གྲོལ་ལ་འགྲོ་བའི་རང་གཤིས་ཀྱི་བབ་ལ་གནས་ནི་རེད། དེ་ལ་རིག་པ་རང་བབ་ཀྱི་བསམ་གཏན་ཟེར་ནི་རེད། སེམས་འཛིན་བསམ་གཏན་ཐབས་བཅས་རེད། ༈ སྤྱིར་རིག་པའི་ཡེ་ཤེས་ཀྱི་ལྡོག་ཆ་ཙམ་ལ་ལྟ་སྒོམ་སྤྱོད་གསུམ་མིང་དུ་བཏགས་པ་ལས་ལྟ་སྒོམ་སྤྱོད་གསུམ་ཐ་དད་དུ་མེད་པས། རང་ངོ་འཕྲོད་པའི་ཆ་ནས་ལྟ་བ། ངང་ལ་གནས་པའི་ཆ་ནས་སྒོམ་པ། གང་ཤར་རང་གྲོལ་དུ་གྱུར་པའི་ཆ་ནས་སྤྱོད་པ། སྐུ་གསུམ་ལྷུན་གྲུབ་འབྲས་བུ། དེ་ལས་མི་འདའ་བ་དམ་ཚིག་ཡིན་པས། རིག་སྟོང་ཆོས་སྐུའི་འོད་གསལ་གྱི་རང་ས་མ་ཤོར་ན་གང་ཤར་བག་ཆགས་གསོག་ལོང་མེད་པར་གྲོལ་བ་ལས་མི་གྲོལ་བ་ཤེས་བྱ་ལ་མི་སྲིད་པ་ཡིན་ཏེ། གྲོལ་བ་རང་གིས་རང་གྲོལ་ལ་གཞན་རྐྱེན་མེད་པར་བཟང་ངན་བར་མའི་རྟོག་ཚོགས་ཐམས་ཅད་སྦྲུལ་གྱི་མདུད་པ་བཞིན་དུ་གྲོལ་བས་སྐད་ཅིག་དེ་ཉིད་ལ་གང་ཟག་དེའི་ཤེས་རྒྱུད་དག་པ་ཡེ་ཤེས་ཀྱི་རང་བཞིན་དུ་སད་པ་ཡིན་པས། དེ་ལྟར་རིག་པའི་ཡེ་ཤེས་སྙིང་དབུས་སུ་སད་ན། དད་པ། སྙིང་རྗེ། ཤེས་རབ་གསུམ་བཅོས་མེད་དུ་འཆར་བ་ཆོས་ཉིད་ཡིན་པས། གོ་རྒྱུ་མྱོང་རྒྱུ་མེད་པ་ཞིག་ཨི་ཡོད་ཧ་བོ། ཇི་ལྟར་བསྒོམས་ཀྱང་ན་ནིང་གི་བེའུ་ལི། ད་ལོ་ཡང་བེའུ་ལི་འདྲ་འདྲ། ཡར་སྐྱེད་མེད་པ་འདི་མཉམ་བཞག་རྗེས་ཐོབ་ལ་བསྲེས་ནས་སྤྱོད་པ་ཤར་གྲོལ་གྱིས་རྩལ་སྦྱང་མ་ཤེས་པས་ཡིན་ནམ་གནད་ཀྱི་རིག་ངོ་མ་ཤེས་པས་ལན་པ་ཡིན་ནོ། །དེས་ན་རིག་སྟོང་ཆོས་སྐུའི་འོད་གསལ་གྱི་ལྟ་བའམ། ལྷག་མཐོང་གི་རྩལ་རྫོགས་ནས་བཟང་རྟོག་ངན་རྟོག་ལུང་མ་བསྟན་གསུམ་རིག་སྟོང་གི་ཀློང་དུ་རང་གྲོལ་དུ་འགྲོ་བ། དཔེར་ན་ཁྱུང་གི་ཕྲུ་གུ་གཤོག་རྩལ་རྫོགས་པ་ལྟ་བུ་དགོས་གསུངས། ཤེད་མེད་ཅིག་ཁུར་རྒྱས་ནོན་པ་ལྟ་བུའི་བསྒོམ་གོ་ཅི་ཡང་མ་ཆོད་པ་ཡིན་ཏེ། རྒྱུ་མཚན་དེའི་ཕྱིར་ན་ལྟ་སྒོམ་སྤྱོད་གསུམ་ཐ་དད་དུ་མི་འཛིན་ལ་རིག་སྟོང་གཉུག་མའི་རང་བབ་རང་གྲོལ་དུ་སྐྱོང་བ་ལས་གཞན་མེད་དེ། མི་ཕམ་པས། རྟེན་འབྱུང་སྣ་ཚོགས་བྱེད་པོ་སེམས་ཉིད་ཡིན། །སེམས་ཀྱི་རྒྱལ་པོ་རང་སར་རང་གྲོལ་ན། །བྱ་སྤྱོད་གཞན་ལ་རེ་ལྟོས་ཅི་ཞིག་དགོས། །གསུངས། ༈ རིག་སྟོང་ཟུང་འཇུག་འོད་གསལ་གྱི་ལྟ་བ་དེ་ངོས་བཟུང་བ། དེའི་ངང་གཏད་མེད་ཟང་ཐལ་དུ་སྐྱོང་བ། དེ་གཉིས་ཀྱི་གྲོགས་སྤྱོད་པ་རང་གྲོལ་གྱི་རྩལ་སྦྱང་བ་གསུམ་ཡེ་གདོད་མ་ནས་རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་རང་བྱུང་ལྷུན་གྲུབ་ཀྱི་རིག་པ་འོད་གསལ་བའི་ཡེ་ཤེས་འདིའི་སྟེང་ན། སྤང་བླང་གིས་བཅོས་བསྒྱུར་སྐྱོན་ཕར་བསལ་རྒྱུ། ཡོན་ཏན་ཚུར་བསྒྲུབ་རྒྱུ་མེད་ལ། མེད་དགག་དང་མ་ཡིན་དགག་ལ་སོགས་བློས་བྱས་ཀྱི་ལྟ་བ་ལས་འདས་པའི་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ལྟ་བ་ངོ་འཕྲོད་དགོས་གསུངས། ༈ དེ་ལྟ་བུའི་ལྟ་བ་དེའི་རྩལ་མ་རྫོགས་ན་རིག་ངོ་ཡི་དྭགས་གི་སེན་ཁ་ལྟ་བུའི་ངོ་སྤྲོད་ཞིག་ལ། གནས་ཆ་སྤྲིན་བར་གྱི་ཉི་འོད་ལྟ་བུའམ་རླུང་གསེབ་ཀྱི་མར་མེ་ལྟ་བུས་རྐྱེན་མི་ཐེག་སྟེ། ཀུན་མཁྱེན་ཆེན་པོས། རང་ངོ་འཕྲོད་ཀྱང་གོམས་འདྲིས་མ་བྱས་ན། །རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཞེས་སོ། །བཟང་རྟོག་དང་དགའ་བྲོད་ལྷ་བུའི་བདུད་གང་ཤར་ཐམས་ཅད་ཞེན་མེད་དུ་ངོས་ཟིན་དགོས་གསུངས། བླ་མ་དང་མཆེད་གྲོགས་སོགས་ལ་ལོག་ལྟ་སྐྱེས་ན་ཨ་ཁ་ཁ་སྙམ་པས་སྐྱོན་ཅན་དུ་དམ་བྲེང་ངེ་བཟུང་ནས་གཉེན་པོ་གཞན་ཞིག་བསྟེན་ནས་ཕར་སྤང་རྒྱུ་ཨི་རྙེད་ལྟ་བ་སོགས་ཆགས་སྡང་རྨོངས་གསུམ་གྱི་དབང་གིས་རྟོག་པ་གང་ཤར་ཡང་དེ་ལ་སྐྱོན་དུ་བཟུང་ནས་གཉེན་པོ་གཞན་རྐྱེན་ལ་བརྟེན་ནས་སྤང་རྒྱུ་ཨི་རྙེད་རེ་བ་གཉེན་པོར་ཤོར་བའོ། །གདོད་མའི་སྟོང་ཆེན་གྱི་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་མ་ཤེས་པར་ཕུང་སོགས་ཀྱི་སྟོང་ཉིད་ལ་འཇོག་པ་སྟོང་ཉིད་བློས་བྱས་སུ་རེ་བས་གཤིས་ཤོར་དུ་ཞབས་དྲུང་རིན་པོ་ཆེའི་བཞེད་པར་འབྲུག་པའི་ཞལ་རྒྱུན་ཡིན་གསུངས། མདོར་ན་མཉམ་བཞག་རྗེས་སྤྱོད་ལ་བསྲེས། རྗེས་སྤྱོད་རྨི་ལམ་ལ་བསྲེས། རྨི་ལམ་འོད་གསལ་དུ་སྦྱངས་པ་འདི་ཕྱག་རྫོགས་གཉིས་ཀས་ཐུན་མོང་དུ་བཞེད་པ་ཡིན་གསུངས། སྤྱོད་པ་རང་གྲོལ་གྱི་གནད་མེད་ན་ཆགས་སྡང་སོགས་ཀྱིས་ལྟ་རྐུབ་སྤྱོད་པས་ཕུད། སྒོམ་རྐུབ་གཡེང་བས་ཕུད་ནས། ཨ་ཁུས་རྟོགས་ཁུལ་བཟུང་ཡང་། ཉི་མ་རེ་ལ་རང་མཚང་སྦ་གསང་མེད་པར་མང་པོ་སྟོན་འོང་བ་རེད། དེས་ན་སྤྱོད་པ་རང་གྲོལ་གྱི་གནད་ཡོད་ན་ཡུལ་ཡུལ་ཅན་གཉིས་ཀ་རིག་པའི་ཡེ་ཤེས་སུ་འཆར། གལ་ཏེ་ཡུལ་རང་གྲོལ་ཡེ་ཤེས་སུ་འཆར་མ་ནུས་ཀྱང་། ཡུལ་ཅན་རྣམ་རྟོག་བཟང་ངན་བར་མ་གསུམ་པོ་ཡང་སྐྱེ་གྲོལ་དུས་མཉམ་དུ་འགྲོ་བ་ཞིག་ནི་ཅི་ནས་འོང་དགོས་ཏེ། དེ་མ་འོངས་ན་གཞན་ཞིག་ལ་ཁོ་བོ་ཇི་ལྟར་རེད་འདུག་ཟེར་བ་ནི་ཡི་མུག་བྱེད་དུ་འདུག་པས། དེས་ན་རང་རིག་ཟང་ཐལ་རྗེན་པར་ཤར་བའི་ཀློང་དུ་རང་སར་སྣང་བ་དག་པ་རབ་འབྱམས་སུ་རང་གྲོལ་གཉུག་མའི་རྩལ་འབྱོངས་བ་ཞིག་དགོས་པར་འདུག་གསུངས། མདོར་ན་རྩིས་ཟིན་གྱི་རྣམ་རྟོག་ཆུ་ལ་རི་མོ་འདྲ་ཚུལ་དང་། འོག་འགྱུའི་རྣམ་རྟོག་རྡོ་ལ་རི་མོ་འདྲ་ཚུལ་མང་པོ་གསུངས་འདུག །ཚེ་མཇུག་ལུག་གི་རྔ་མ་ལྟ་བུ་ཐུང་ཧད་དེ་བ་འདི་ལ་དཀོར་ལ་མི་འབྱམས་པར་བརྩོན་འགྲུས་གཞུ་འགེངས་བ་ལྟ་བུ་ཞིག་དགོས་གསུངས། མཉམ་བཞག་ལས་ཡེང་འཁྲུལ་ནམ་བྱུང་ན་དེ་ཚེ་དང་པོ་ཀུན་གཞིའི་ངང་ལ་མི་ལྷུང་བའི་ཐབས་མེད། ཐུན་གཅིག་བསྡད་ན་སྐད་ཅིག་གིས་འཁྲུལ་འགྲོ་རྒྱུ་འདི་ཀུན་གཞིའི་ཁམས་ལ་འདུག་པའི་སྐྱོན་རེད། ཅུང་ཟད་ཡུན་རིང་ན་ཀུན་གཞི་རུ་འདུག་ནི་རེད། དེ་ལྟར་མ་བྱེད་མ་གཏོགས་ཇེ་འཐིབ་འཐིབ་ཡིན་ནི་རེད། རང་རིག་གསེར་ཞུན་མ་ལྟ་བུ་དེ་ལེགས་པར་སྐྱོང་དགོས་ནི་རེད། དེ་ཡང་ཨི་ཙི་མ་ཞིག་གི་ཁ་ལ་བལྟ་མ་འདུག་ལ། དཔེ་ཆ་ལེགས་པར་བསླབས་ནས་ཐང་ཡངས་པོར་རྟ་བཟང་གི་སྒྲོག་གཏོར་ནི་འདྲ་འདྲ་ཞིག་དགོས་གསུངས། ༈ མཉམ་བཞག་ལ་སྐྱོང་སྒོམ་མེད་ཀྱང་རྗེས་ཐོབ་ལ་རིག་ཆ་ཡོད་པས་རི་སུལ་དུ་མི་ཚེ་བསྐྱལ་བ་ཡིན་ཞེས་སོ། །འཁྲུལ་རྟོག་ཐ་མལ་གྱི་ཤེས་པ་རྣམ་ཤེས་ཚོགས་བརྒྱད། ཉམས་ཞེན་ཐ་མལ་གྱི་ཤེས་པ་བདེ་གསལ་མི་རྟོག་གསུམ། གཞི་གནས་ཐ་མལ་གྱི་ཤེས་པ་ཤེས་རིག་གོ་མ་འགགས་པ་ཡིན་གསུངས། ༈ ཐོག་མར་ཀུན་སློང་བཅོས། སྐྱབས་སེམས་བཞག །དངོས་གཞི་ཐུགས་ཡིད་དབྱེར་མེད་ཀྱི་ངང་ལ་མཉམ་པར་བཞག་པའི་དུས་སུ་རྟོག་པ་གང་ཤར་ཐམས་ཅད་གྲོལ་ཁ་ཞོག་དང་ཁྲེགས་ཆོད་ལམ་ཤར་གྲོལ་ཡིན་གསུངས། རྣམ་རྟོག་མ་ཤར་ན་ཅང་གྲོལ་གྱི་ཡོད་ནི་མ་རེད་གསུངས། དཔེར་ན་རྒད་པོ་ཞིག་གིས་ཕྱི་བ་བསད་དགོས་ན་ཕྱི་བ་ཁོང་སྒོ་ལ་མ་བུད་ན་གསད་རྒྱུ་མེད། ཕྱིར་བུད་ཀ་བཞག་ནས་གཟོད་གསད་ནི་རེད། འཁྲུལ་བ་བཤིག་ལུགས་ལ་དད་པའི་སྒོ་ནས་ཐུགས་ཡིད་དབྱེར་མེད་དུ་བཞག་ན་འཁྲུལ་བ་དྭངས་འགྲོ་ནི་རེད། རྣམ་རྟོག་ཤར་ཀ་བཞག་ནས་འཁོར་བ་ཞེན་ལོག་གི་སྒོ་ནས་འཁྲུལ་བ་བཤིག་ན་ཆོག་གསུངས། གཉེན་པོ་བསྟེན་མ་དགོས་པར་འཁྲུལ་བ་རང་དྭངས་ལ་སོང་ན་འདྲ་འདྲ་ཡིན་གསུངས། ཉམས་ལེན་གྱི་དུས་ཐུགས་ཡིད་དབྱེར་མེད་བསྲེ་བའི་སྐབས་སུ་རྣམ་རྟོག་ཤར་ནི་དེ་ལ་འཁྲུལ་བ་ཟེར་ནི་མ་རེད། ཤར་གྲོལ་ཟེར་ནི་རེད་གསུངས། རྣམ་རྟོག་ཤར་ཀ་བཞག་ནས་གྲོལ་ཀ་འཇོག་ནི་རེད་གསུངས། དཔེར་ན་དབུལ་བོ་ཞིག་གི་ལག་ནས་གཏེར་རྡོལ་བ་བཞིན་རྣམ་རྟོག་སྤང་བླང་གཉིས་ཀ་མ་རེད་གྲོལ་ཀ་ཞོག་གསུངས། སྡེ་ཟིག་ཡིན་ན་ཉམས་ལེན་གྱི་དུས་སུ་ཆགས་སྡང་རྨོངས་གསུམ་འཆར་ག་བཞག་ནས་ཉམས་ལེན་གྱི་རང་ཚུགས་མ་ཤོར་བའི་ངང་ནས་ཤར་ཚད་ཐམས་ཅད་དཔེར་ན་སྤྲིན་ཆེན་ནམ་མཁའ་ལ་དྭངས་བ་བཞིན་ཏུ་གྲོལ་འགྲོ་ནི་རེད་གསུངས། རྣམ་རྟོག་ཤར་གྱི་མེད་ནས་སྲ་མོ་རྡོ་འདྲ་འདྲ་དེ་ནི་གོལ་ས་ངན་པ་རེད་གསུངས། རྣམ་རྟོག་ཤར་བཞིན་གྲོལ་ན་ཡག་ནི་རེད་གསུངས། བསྔོ་བ་ནི་འཁོར་གསུམ་དམིགས་མེད་ཀྱི་བསྔོ་བ༴ རྗེས་མཐུན་པ༴ གང་ཤེས༴ སོགས༴ བསྔོ་ཚུལ་གསུངས། ཡང་ན་དགེ་སྡིག་གཏོང་ལེན་གྱི་དམིགས་པ་བྱས་ན་ཆོག་གི་གསུངས།། །།


previousདབང་དོན་སོགས་ཀྱི་ཞལ་རྒྱུན།next