Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མ་ཎི་འདོན་ལུགས་སོགས་ཚིག་ཟིན་འགའ།
   
   
   
   
   
   
   
   
   
   
   
   
   
   
   


 
previousམ་ཎི་འདོན་ལུགས་སོགས་ཚིག་ཟིན་འགའ།next

མ་ཎི་འདོན་ལུགས་སོགས་ཚིག་ཟིན་འགའ།

རང་གི་མདུན་གྱི་ནམ་མཁར་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་སྤྱན་རས་གཟིགས་གསལ་བཏབ་ལ། མོས་པ་ཙམ་གྱིས་ཆོག་གསུངས། སྤྱན་རས་གཟིགས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་རྒྱུ་མི་དགེ་བ་དང་འབྲས་བུ་སྡུག་བསྔལ་ཐམས་ཅད་དག་ནས་སངས་རྒྱས་པར་བསམ། དེའི་ངང་ནས་མ་ཎི་བཟླས་ན་སྐྱབས་འགྲོ་སེམས་བསྐྱེད་བསྔོ་བ་སྨོན་ལམ་རྣམས་ཚང་གསུངས། དུས་རྟག་ཏུ་དགེ་བ་གང་ཡིན་ཀྱང་ཐ་ན་དགེ་སེམས་སྐད་ཅིག་མ་གཅིག་ཡན་ཆད་ཐལ་མོ་ཡ་གཅིག་སྦྱར་བ་ཐམས་ཅད་གང་ཡིན་ཡང་སྦྱོར་དངོས་རྗེས་གསུམ་གལ་ཆེ་གསུངས། སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པའི་དགེ་རྩ་ཁོང་ཁྲོས་མི་འཇོམས། ལོག་ལྟས་མི་གཅོད་གསུངས།

༈ ༀ་མ་ཎི་པདྨེ་ཧཱུྃ། ༀ་ཡིག་རྡོ་རྗེ་གསུམ་ཕྱེ་འདུས་པའི་དངོས། །སངས་རྒྱས་བསྐུལ་བའི་སྔགས་རྣམས་དེ་ཡིས་འདྲེན། མ་ཎི་རྣམ་པར་མི་རྟོག་འཇིག་རྟེན་དུ། །བསམ་ཡས་ཆོས་ཀྱི་ཆར་འབེབས་ཤེས་རབ་སྟེ། །པདྨེ་དམིགས་པའི་རྡུལ་བྲལ་སྙིང་རྗེ་ཆེ། །སྲིད་གསུམ་ཆུ་ཡི་རྒྱན་བྱེད་འབོད་པའི་བརྡ། །ཧཱུྃ་ཞེས་འཁོར་བའི་སྡུག་བསྔལ་འཇོམས་པའི་མཆོག ། རྩེ་གཅིག་ཡིད་ཀྱིས་རིགས་སྔགས་ལེགས་བཟླས་པས། །ཐུགས་དམ་རྒྱུད་བསྐུལ་སྐུ་ཡི་གནས་རྣམས་ལས། །འོད་འཕྲོས་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་གཡོས། །འགྲོ་ཀུན་སྒྲིབ་སྦྱངས་བདག་རྒྱུད་བྱིན་རླབས་སོ། །དོན་གཉིས་ཕུན་ཚོགས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བརྗོད་ལ་བཟླས།

༈ འཁོར་ལོ་བསྐོར་བའི་དུས་སུ་དམིགས་པ་ནི། འཁོར་ལོའི་ཡིག་འབྲུ་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་བཅས་ལ་མཆོད་པར་བསམ། ཚུར་འདུས་པས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་དང་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་འཁོར་ལོར་ཐིམ་པར་བསམ། ཕར་འཕྲོས་པས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་རྒྱུ་མི་དགེ་བ་དང་འབྲས་བུ་སྡུག་བསྔལ་ཐམས་ཅད་སངས་སངས་དག་ནས་སངས་རྒྱས་པར་བསམ། དེའི་ངང་ནས་འཁོར་ལོ་བསྐོར་ན་ཕན་ཡོན་དཔག་ཏུ་མེད་པ་ཡོད་གསུངས། དེ་ལྟ་བུའི་དམིགས་རྣམ་གྱིས་ཟིན་དགོས་གསུངས། ༈ ཤི་གསོན་གང་ཡིན་ཀྱང་འདྲ། གསོན་པོའམ་ནད་པའི་རིམ་གྲོ་ཡིན་ན་ནད་བདག་གི་གཙོར་བྱས་སེམས་བསྐྱེད་དགོས། ཁྱད་པར་ཚེ་འདས་ཀྱི་སྔས་མགོར་འགྲོ་བའི་གནས་སྐབས་ཆགས་སྡང་རྨོངས་གསུམ་བསམ་ན། དེས་ཡར་འཕེན་ནི་མ་རེད་མར་འཕེན་ནི་རེད། དེས་ན་ཚེ་འདས་ཀྱི་མངོན་ཤེས་ཀྱིས་གོ་ནས་ལོག་ལྟ་སྐྱེས་ནས་མར་ངན་སོང་དུ་འགྲོ་ནི་རེད། ཉམས་ལེན་པ་ཞིག་ཡིན་ན་ཉམས་ལེན་གྱི་ངང་ནས་སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་ཁྱད་པར་བ་བརྗོད་ནས་མི་འཁྲུལ་བར་འཕོ་བ་བཏབ་ན་ཕན་ཐོག་གསུངས། ༈ རང་མན་ན་ཡོད་པ་གང་ཡིན་ན་རང་གི་ལུས་ནས་སྐྱེས་པའི་བུ་ཕྲུག་ལྟ་བུ་གང་ཡིན་ན་ཤིག་ཡིན། ཤིག་གཅིག་གི་སྲོག་བཅད་ན་སོ་བྱང་སྔགས་གསུམ་ལ་འགལ་ཚུལ་དང་ཤ་ཉེ་ཕ་མ་སོགས་ཆགས་ཞེན་གྱིས་དབང་གིས་སྐྱེས་པ་ཡིན་གསུངས། ཤིག་གཅིག་གྲང་འཁྱག་ལ་གསོད་ན་གྲང་དམྱལ་བརྒྱད་ཀྱི་རྒྱུ་མ་ནོར་བ་ཡིན་གསུངས། སེན་མོའི་སྟེང་ནས་བཅུར་ན་དམྱལ་བ་བསྡུས་འཇོམས་ཀྱི་རྒྱུ་མ་ནོར་བ་ཡིན་གསུངས། ཁྱད་པར་དུ་བན་སེར་མོ་བ་རྣམས་ཀྱིས་འདི་ལ་འཛེམ་བག་བྱེད་པ་གལ་ཆེ་གསུངས། ༈ རིག་པ་ཡིན་པའི་རྟགས་སུ་རྟོག་པ་རང་རྒྱུད་པ་གཅིག་འཆར་ནི་མ་རེད་གསུངས། གོལ་ས་ཐམས་ཅད་དང་སེམས་ཀྱི་དྲི་མ་ཙམ་ཡོད་རུང་ནི་མ་རེད་གསུངས། རྣམ་རྟོག་ཐམས་ཅད་རིག་པའི་རྣམ་ལྡན་དུ་འཆར་དགོས་གསུངས། དཔེར་ན་ཉི་མ་ཤར་ན་མུན་པ་འདུག་ལོང་མེད་པ་བཞིན་ཏུ་རིག་པ་ཁོ་རང་ཤར་དུས་རྣམ་རྟོག་ཐམས་ཅད་རིག་པའི་རྣམ་ལྡན་དུ་ཤར་འགྲོ་ནི་རེད་གསུངས། ༈ དྲན་ཤེས་བསྟེན་ཚུལ་ནི། དྲན་པ་རྙེད་ན་སྒོམ་རྙེད། དྲན་པ་སྟོར་ན་སྒོམ་སྟོར། དྲན་ཤེས་ཞེས་པ་ཤེས་བཞིན་གོ་བཞིན་པ་དེའི་ངང་དུ་དྲན་པ་བསྟེན་གྱི་རེད་གསུངས། མཉམ་བཞག་ལ་ལྷོད་ཡོད་དགོས། དེའི་ངང་ནས་རྩལ་གང་ཤར་ཐམས་ཅད་བག་ཆགས་གསོག་ལོང་མེད་པར་གྲོལ་བས་རྗེས་ཐོབ་ཟེར། སྤྱོད་ལམ་གྱི་སྐབས་རིག་པ་བསྒྲིམ་དགོས་གསུངས། མི་ཕམ་པས། མན་ངག་བྱིས་པའི་རྩེད་མོ་འདྲ། །དགོས་པ་རི་རབ་རྒྱ་མཚོ་འདྲ། །གསུངས། ༈ མཉམ་བཞག་མཚན་ཉིད་པའི་སྐབས་སུ་ཡུལ་ཅན་རླུང་སེམས་དག་སྟོབས་ཀྱིས་དེས་བསྐྱེད་འཁྲུལ་བའི་ཆ་འདི་དག་ཀྱང་དག་འགྲོ་ནི་རེད་གསུངས། དེ་འདྲའི་འཁྲུལ་བའི་ཆ་འདི་དག་གསར་བྱུང་གློ་བུར་བ་ཡིན་ཏེ། འདི་ཐོག་མའི་གཞི་དུས་ན་མེད། མཐར་ཐུག་འབྲས་དུས་ན་མེད། རྣལ་འབྱོར་ལམ་དུས་ན་མེད། རིག་པ་གཤིས་སུ་ཕེབས་སྐབས་འཁྲུལ་སྣང་འདི་དག་ཁྲལ་མ་ཁྲོལ། ཡ་མ་ཡེངས། བན་མ་བུན། མེད་སྣང་གློ་བུར་ཙམ་མ་གཏོགས་མེད་པར་ཤེས་ནས། འཁྲུལ་སྣང་གློ་བུར་བ་འདི་དག་མེད་གསུངས། དཔེར་ན་མཁྲིས་ནད་ཅན་གྱིས་དུང་སེར་པོར་སྣང་བ་དང། མིག་ལ་རབ་རིབ་ནད་ཅན་གྱིས་མིག་ལམ་དུ་སྐྲ་ཤད་སྣང་བ་ལྟར་དང་། ཡི་དྭགས་ཀྱིས་ཆུ་ལ་རྣག་ཁྲག་ཏུ་མཐོང་བ་བཞིན། དེ་ཡང་འཁྲུལ་སྣང་བག་ཆགས་དག་སྐབས་གནས་ཚུལ་ཆུ་གཙང་མ་མཐོང་བ་བཞིན། གནས་ཚུལ་གཟིགས་སྐབས་འཁྲུལ་སྣང་རང་ལོག་ཏུ་དག་འགྲོ་ནི་རེད་གསུངས། མི་དཔའ་བོ་གཡུལ་དུ་ཞུགས་ནས་ཞེ་སྡང་གིས་རལ་གྲི་ཕྱར་ནས་གཡུག་བཞིན་པའི་གནས་སྐབས་ནའང་གནས་ཚུལ་རིག་སྟོང་ཆོས་སྐུའི་བཞུགས་ཚུལ་མངོན་དུ་གྱུར་ནས་ཤར་ཡོད་གསུངས། ལམ་དུས་སྐད་ཅིག་ཙམ་ཡང་འབྲལ་བ་མེད་གསུངས། རིག་སྟོང་ཆོས་སྐུའི་ཡེ་ཤེས་ཀྱི་ཉི་མ་ནམ་ཤར་ཀྱང་མ་རིག་གཟུང་འཛིན་གྱིས་བསྐྱེད་པའི་སེམས་སེམས་བྱུང་དང་བཅས་པ་རིག་པ་ཡེ་ཤེས་ཀྱི་རྣམ་ལྡན་དུ་སད་འགྲོ་བ་ཡིན་པས་དེ་གོ་དགོས་གསུངས། དེ་མིན་སེམས་དང་རིག་པ་གཉིས་གནས་སྐབས་མ་གཏོགས་མཐར་ཐུག་ཐ་དད་དུ་གོ་མི་ཉན་གསུངས། དཔེར་ན་ཉི་མ་ཤར་ཚེ་མུན་པ་རང་ཡལ་དུ་འགྲོ་བ་བཞིན་རྣམ་རྟོག་གང་ཤར་ཀྱང་རིག་སྟོང་ཆོས་སྐུའི་རྒྱལ་ཁབ་ཏུ་གྲོལ་དགོས་གསུངས། རྣམ་རྟོག་གི་རྗེས་དེད་ནས་གྲོལ་བར་འདོད་པ་ནི་ཁྱི་ལ་རྡོ་འཕེན་སྐབས་མི་ལ་མི་འཇུ་བར་རྡོ་རྗེས་དེད་པ་བཞིན་ནོ། །རྣམ་རྟོག་ཤར་ཀྱང་དྲན་པས་ཟིན་ཙམ་གྱིས་རིག་པའི་རྣམ་ལྡན་དུ་གྲོལ་བ་ནི་གཅན་གཟན་གྱི་རྒྱལ་པོ་སེང་གེ་ལ་རྡོ་འཕངས་ན་རྡོ་ལ་མི་འཇུ་བར་འཕེན་མི་ལ་འཇུ་བ་བཞིན་ནོ། ༈ །ཡང་རིག་པའི་སྣང་ཆ་ནི་ཡབ་ཚེ་ད པག་མེད། ཡེ་སྟོང་གི་ཆ་ནི་ཡུམ་ཆོས་ཉིད་དོན་གྱི་གཟུང་མ། ཟུང་འཇུག་གི་ཆ་ཡབ་ཡུམ་འཁྲིལ་སྦྱོར་དུ་གོ་དགོས་གསུངས། དེ་སྐབས་གཟུགས་སྣང་སྐུ། སྒྲ་གྲགས་གསུང་། དྲན་རྟོག་ཐུགས་ཀྱི་འཁྱེར་སོ་གསུམ་དང་མ་བྲལ་བ་དགོས་གསུངས། དེ་ཡང་མཐར་ཐུག་དབྱིངས་ཡེ་ཟུང་འཇུག་དེ་ཉིད་ལྷ་ཡབ་ཡུམ་གང་ཡིན་ཀྱང་དེའི་སྐུར་བཞེངས་པ་གོ་དགོས་གསུངས། ༈ མན་ངག་ཟབ་མོ་ལ་བརྟེན་ནས་ཟང་ཐལ་གྱི་རིག་པ་མངོན་སུམ་རྟོགས་ཤིང་ཚད་དུ་ཕྱིན་པས་སྔོན་གྱི་བླ་མ་དམ་པ་འོད་གསལ་སྙིང་པོའི་བརྒྱུད་པ་འཛིན་པ་རྣམས་ནི་འདི་ལྟར་ཡིན་པར་གསུངས་ཏེ། ཡུལ་སྣང་རིག་ངོ་ལ་མི་འགག་ཀྱང་རིག་པ་ཡུལ་ཐོག་ཏུ་མ་འདྲེས་པ་གཟུང་འཛིན་འཁོར་བའི་ཆོས་ཐམས་ཅད་ཆུ་ལ་རི་མོ་བྲིས་པ་བཞིན་རང་གྲོལ་དུ་སོང་བས་སྤང་བྱའི་མཐའ་ཟད། ཡུལ་ཐོག་ཏུ་མ་ཤོར་བའི་རིག་ངོ་ལ་ཆགས་ཞེན་དང་དགག་སྒྲུབ་མི་མངོན་པས་གཉེན་པོའི་འཛིན་པ་ལས་གྲོལ། རིག་པ་ཆོས་སྐུར་གྲུབ་པ་ལ་ཆོས་ཅན་གྱིས་གཏན་ཚིགས་མེད་པས་མཐའ་བྲལ་ཆེན་པོའི་ཡེ་ཤེས་སུ་ཟང་ཐལ། རྣམ་རྟོག་རིག་པར་གྲོལ་བས་ལྟ་སྒོམ་སྤྱོད་འབྲས་ཀྱི་རྫུན་ཕུག་རྡིབ་ནས་ཆོ་ག་དང་ཆོས་སྤྱོད་ཀྱིས་མི་གདུང་ཡང་སྤྲོས་པ་མེད་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དང་མི་འབྲལ། ཆོས་བརྒྱད་ཀྱི་རྟོག་པ་མེད་ཀྱང་དཀོན་མཆོག་དང་ལས་འབྲས་ལ་གུས་པ་མི་ལྷོད་པས་བྱ་བྱེད་ཐམས་ཅད་སེམས་ཅན་གྱི་དོན་དུ་སོང་། རེ་དོགས་ཡུལ་མེད་དུ་སངས། ཁྲེལ་ཡོད་དང་ངོ་ཚ་ཤེས་པས་ཆགས་སྡང་དང་ཐོ་ཅོའི་སྤྱོད་པས་གཞན་སུན་མི་འབྱིན། ཐ་སྙད་དང་གྲུབ་མཐའ་ལ་མ་སྦྱངས་ཀྱང་རང་བཞིན་རིག་པའི་རྩལ་ཡེ་ཤེས་སུ་རྒྱས་པས་ཐ་སྙད་ཀྱི་རྣམ་བཞག་ཀུན་ལ་མ་རྨོངས་ཀྱང་། ང་རྒྱལ་དང་འགྲན་སེམས་མེད། མཉམ་བཞག་ལ་སྐྱོང་སྒོམ་མེད་ཀྱང་རྗེས་ཐོབ་རིག་ཆ་ཡོད་པས་མི་ཚེ་རི་ལ་སྐྱེལ་བ་ཡིན་གསུངས། ད་ལྟ་རང་རེའི་བླ་མ་རྣམས་ཀྱང་དེ་འདྲ་བ་ཤ་སྟག་ཏུ་བཞུགས་པ་མངོན་སུམ་ཡིན་ན་རང་ཅག་རྣམས་ཆོས་རྒྱུད་འདི་ལྟ་བུ་ལ་འཇུག་ཏུ་ཡོད་པ་སྐལ་བ་རེ་བཟང་། ཕ་རྗེས་བུ་ཡིས་ཟིན་པ་ཞིག་ངེས་པར་དགོས་གསུངས། དབྱིངས་སྤྲོས་པ་དང་བྲལ་བ་ལ་མཉམ་པར་བཞག་ན་ལར་ཡིན་ཀྱང་ལུང་མ་བསྟན་ཀུན་གཞི་རུ་འཆོར་ཉེ་བས་རིག་པ་གསལ་ངར་དང་ལྡན་པ་ངོས་འཛིན་དགོས་གསུངས། འདི་འབྲུག་པའི་ཞལ་རྒྱུན་ཡིན་གསུངས། མི་ཕམ་རིན་པོ་ཆེས་རྟོགས་ལྡན་ལ་དབྱིངས་སྨྲས་ཀྱང་རིག་པ། རིག་པ་བརྗོད་ཀྱང་དབྱིངས་སུ་གོ་བས་རྟོགས་ན་དོན་གཅིག་མིང་གི་བྱེ་བྲག་ལས་ཁྱད་པར་མེད་ཅེས་གསུངས། ཡང་མཉམ་བཞག་ལེགས་པར་བྱས་ནས་རང་རེ་ནང་ནས་ཡེ་ཤེས་སད་ནས་སྣང་ཡུལ་ཡེ་ཤེས་སུ་མ་ཤར་ན། རང་ང་ཐམས་ཅད་ཡེ་ཤེས་སོ་སྙམ་ན་རྒྱས་འདེབས་སུ་ཤོར་འགྲོ་ནི་རེད། དེ་ལྟར་མ་བྱེད་ཞིབ་ཆ་གྱིས་གསུངས། ཡང་ཐོག་མའི་གཞི་ཤེས་དགོས། གཞི་དེ་ལ་འཁོར་འདས་འབྱུང་རུང་གི་གདངས་ཙམ་ཡོད་པ་ཤེས་དགོས། དེ་འདྲའི་གཞི་སྣང་ཡེ་ནས་ལྷུན་གྲུབ་ཤེས་དགོས། དེ་ལ་གྲོལ་འཁྲུལ་འབྱུང་བའི་རྒྱུ་རྐྱེན་ཚང་བ་ཤེས་དགོས། དེ་འདྲའི་ལྷུན་གྲུབ་ཀྱི་སྦུབས་གསུམ་འདི་གཅིག་མ་ཤེས་ན་རྫོགས་ཆེན་གྱི་དགོངས་པ་ལེགས་པར་ཤེས་རྒྱུ་མ་རེད་གསུངས། སེམས་ཅན་ཕལ་བ་རྣམས་ནི་ང་དང་ང་ཡིར་འཛིན་པས། ཡོད་མ་མྱོང་བས་འཁྲུལ་སྣང་གློ་བུར་བ་ལ་ཞེན་ནས་བསླུས་པ་ཡིན་པས། རྣལ་འབྱོར་བ་རྣམས་ཀྱིས་ངོ་བོ་ཡེ་སྟོང་རྩ་བྲལ། ལྟོས་གཞི་ལས་འདས་པ། སྒྱུ་ལུས་རྗེས་མེད་ནམ་མཁའ་ལྟ་བུ་དེའི་ངང་ལས་རྩལ་སྣང་ཇི་ལྟར་མཆེད་ཀྱང་། མེད་སྣང་སྟོང་པའི་རང་གཟུགས་ཤར་གྲོལ་རིས་མེད་དུ་དྭངས་སུ་བཅུག་པ་ཙམ་ལས་རྣམ་འགྱུར་གཞན་དུ་སོང་མ་མྱོང་བར་ཐག་ཆོད་པར་བྱའོ། །དེ་ཡང་དཔེར་ན་སྨིག་རྒྱུ་ཆུ་ཉིད་དུ་སྣང་བའི་དུས་ཆུར་ཡེ་ནས་མེད་པས་ཆུ་མ་ཡིན་པར་གྲོལ་ཟིན་པ་ལ་དེ་ལྟར་ཤེས་ནས་ཐག་ཆོད་པ་ཙམ་ལས་གཟོད་གྲོལ་མི་དགོས་པ་བཞིན་ནོ། །ཆོས་དབྱིངས་མཛོད་ལས། མི་འགྱུར་སྤྲོས་དང་བྲལ་བའི་རིག་པ་ལ། །ཤར་བ་ཡེ་ཤར་གནས་པ་ཡེ་གནས་ལ། །གྲོལ་བ་ཡེ་གྲོལ་ནམ་མཁའི་རང་བཞིན་ནོ། །ཞེས་སོ། །རང་གྲོལ་ནི། སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་ཤར་རང་གྲོལ་རང་ཡལ་ལམ་རིག་པ་ཟང་ཀ་ཆོས་སྐུའི་ནང་དབྱིངས་སུ་ཀ་དག་རྗེན་པར་གནས་པ་དེར་ངོ་ཤེས་ནས་རང་ས་ཟིན་ན་རྩལ་ལས་ཤར་བའི་རྣམ་རྟོག་ཐམས་ཅད་སྦྲུལ་གྱི་མདུད་པ་བཞིན་རང་ཡལ་རྗེས་མེད་དུ་དག་པ་སྟེ། སྔ་མ་ལས། ཤར་བའི་དུས་ན་རང་ཤར་རང་ས་ཟིན། །གནས་པའི་དུས་ན་རང་གནས་རང་ས་ཟིན། །གྲོལ་བའི་དུས་ན་རང་གྲོལ་རང་ས་ཟིན། །ཞེས་སོ། །ཅེར་གྲོལ་ནི། རྟག་ཏུ་རིག་པ་རྒྱུན་ཆད་མེད་པ་ཆུ་བོའི་རྒྱུན་བཞིན་ཡོད་པ་དེའི་རྩལ་མ་འགགས་པ་ལས་ཆགས་ཡུལ་ལམ་སྡང་ཡུལ་སོགས་གང་ཡང་རུང་བ་ཞིག་མིག་ལམ་དུ་མཐོང་བའི་ཚེ་ཆགས་སྡང་གི་རྣམ་རྟོག་འཕྲོ་བར་རྩོམ་པ་ན། དེ་ལ་མ་ཞེན་པར་ཅེར་གྱིས་རིག་ཐོག་ཏུ་རྗེན་པར་བཞག་པས་གཟུང་འཛིན་དུ་འབྲེལ་ནས་འཁོར་བའི་བག་ཆགས་སོགས་པའི་སྒྱུ་ལུས་ཀྱི་གཞི་ཀུན་དང་བྲལ་ཏེ་ཤར་གྲོལ་རྒྱུན་ཆད་མེད་པར་ཤུགས་ཀྱིས་འབྱུང་སྟེ། ཀློང་དྲུག་པ་ལས། ཐོག་བབ་ཆེན་པོའི་སེམས་ཉིད་ལ། །སྣང་བ་ཐད་ཀར་རང་སར་དག །ཅེས་དང་། སྔ་མ་ལས། ཤར་གནས་གྲོལ་གསུམ་ཤར་གྲོལ་རྒྱུན་ཆད་མེད། །རྒྱུན་ཆད་མེད་པས་སྒྱུ་ལུས་བར་མ་ཆོད། །སོགས་སོ། །ཆོས་སྐུ་ཐིག་ལེ་ཉག་གཅིག་ཡེ་ཤེས་ཟང་ཐལ་གཅིག་པོ་འོག་མའི་ལམ་གྱི་ཐབས་ཤེས་རབ་ལྟ་བུའི་རྐྱེན་ལ་མ་ལྟོས་པར་རྗེན་པར་རིག་པའི་ངང་དེར་མ་གྲོལ་བའི་རྟོག་པ་གང་ཡང་མེད་པས་དེའི་ངང་མ་ཤོར་ན་ལུས་ཀྱི་འགྲོ་འདུག་དང་། ངག་གི་སྨྲ་བརྗོད་ཡིད་ཀྱི་བསམ་རྟོག་ཐམས་ཅད་མེད་པ་གསལ་སྣང་ཙམ་ལས་རིག་པའི་ངོ་བོར་མ་གྲུབ་པས་མཚན་ཉིད་མེད་པ་ནི། རྒྱལ་བའི་སྐུ་གསུང་ཐུགས་སུ་རང་ཤར་བ་སྟེ། སྔ་མ་ལས། ཇི་ལྟར་འདུག་ཀྱང་རང་གི་ངང་ལ་འདུག །ཇི་ལྟར་གནས་ཀྱང་རང་གི་ངང་ལ་གནས། །ཇི་ལྟར་འགྲོ་ཡང་སོགས༴ བསམ་རྟོག་བྲལ་བ་དུས་གསུམ་རྒྱལ་བའི་ཐུགས། །ཞེས་གསུངས། དོན་ལ་རིག་པའི་ངང་ལས་མ་གཡོས་པས་རིག་པ་འགྲོ་འོང་སྨྲ་བརྗོད་དྲན་རྟོག་ཐམས་ཅད་ཀྱི་ཡུལ་ལས་འདས་པར་བཞུགས་པའོ། །དེ་ལྟར་རིག་པ་གཅིག་པུའི་ངང་ལས་མ་གཡོས་ན་སྐུ་གསུམ་གྱི་དགོངས་པ་ཡང་དེ་ལས་གཞན་ན་མེད་དེ། དེ་ཉིད་ལས། མེད་ལ་ཅིར་ཡང་འབྱུང་བ་སྤྲུལ་བའི་སྐུ། །སོགས་ནས་འབྲས་བུའི་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང་། །ཞེས་སོ། །ལ་བཟླ་ཞེས་པ་ནི། ཤེས་ཤིང་ཐག་ཆོད་པའི་དོན་ཏེ་འདི་ལྟར་མེ་གཅིག་གི་མཚན་ཉིད་ཤེས་པ་དང་བུ་རམ་གཅིག་གི་རོ་ཤེས་པས་བུ་རམ་ཐམས་ཅད་མངར་བ་དང་མེ་ཐམས་ཅད་ཚ་བ་སྟེ། བྱང་ཆུབ་སེམས་འགྲེལ་ལས། །མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་གཅིག །ཅེས་སོ། །གནས་ལུགས་རང་ངོ་ཤེས་པ་ཙམ་ཉིད་ལ། །སངས་རྒྱས་ཞེས་སུ་མིང་དུ་བཏགས་པར་ཟད། །ཅེས་སོ། ༈ །དང་པོ་འཆར་གཞི་ཁྲེགས་ཆོད་ཀྱི་གླེང་གཞི་ནི། སྙིང་ཙིཏྟ་རིན་པོ་ཆེ་མཆོང་གུར་ཕུབ་པ་ལྟ་བུ་གནས་ཕུན་སུམ་ཚོགས་པ། རིག་སྟོང་ཆོས་སྐུ་ཐིག་ལེ་ཉག་གཅིག་སྟོན་པ་ཕུན་སུམ་ཚོགས་པ། རང་སྣང་ཡེ་ཤེས་ཀྱི་ཚོམ་བུ་འཁོར་ཕུན་སུམ་ཚོགས་པ། རིག་སྟོང་ཆོས་སྐུ་ཐིག་ལེ་ཉག་གཅིག་མངོན་སུམ་རྟོགས་ནས་ཉམས་སུ་མྱོང་བའི་ཆ་ནས་ཆོས་ཕུན་སུམ་ཚོགས་པ། ལུས་ཀྱི་རྟེན་འབྲེལ་ཚང་བའི་ཆ་དུས་ཕུན་སུམ་ཚོགས་པའོ། །གཉིས་པ་འཆར་བ་ཡུལ་གྱི་གླེང་གཞི་ནི། ཕྱི་འདུས་བྱས་རྡུལ་བྲལ་ནམ་མཁའི་དབྱིངས་སུ་དབྱིངས་རྣམ་དག་གི་སྒྲོན་མ་གནས་ཕུན་སུམ་ཚོགས་པ། རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་སྟོན་པ་ཕུན་སུམ་ཚོགས་པ། སྐུ་དང་ཡེ་ཤེས་འཁོར༴ རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་རྟོགས་ནས་ཉམས་སུ་མྱོང་བའི་ཆ་ནས་ཆོས༴ བཞུགས་སྟངས་དང་གཟིགས་སྟངས་འཛོམས་པ་དུས་ཕུན་ཚོགས་པའོ།།


previousམ་ཎི་འདོན་ལུགས་སོགས་ཚིག་ཟིན་འགའ།next