Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གོལ་ས་གསུམ་སོགས་བཤད་པ།
   
   
   
   
   
   
   
   
   
   
   
   
   
   


 
previousགོལ་ས་གསུམ་སོགས་བཤད་པ།next

གོལ་ས་གསུམ་སོགས་བཤད་པ།

གོལ་ས་གསུམ་ནི་ཀུན་གཞི་ནི་ཤེས་པ་ལུང་མ་བསྟན་ཁ་ཕྱི་བལྟས་ཀྱི་ཤེས་པ་ངོ་བོ་རྟོག་མེད། རྣམ་པ་དྭངས་གསལ། སྣོད་བཅུད་ཆེན་པོ་ལ་དམིགས་པ། ཨི་སྣང་ན་སྣང་། ཨི་འཛིན་ན་མི་འཛིན། ཕྱིའི་ཡུལ་ལ་གཏད། ནང་དུ་མ་བསྒོམ་བར་མ་བཞག །འཁྲུལ་ནི་མ་ཡིན་དུབ་ཆ་དང་འཐིབ་ཆ་སོགས་གང་ཡང་མེད་པ་ངོ་བོ་ཀུན་གཞི་ཤིན་ཏུ་རྟོག་མེད། རྣམ་པ་ཀུན་གཞིའི་རྣམ་ཤེས་གསལ་རིག་རིག་པ་དཔེར་ན་བཙས་མ་ཐག་པའི་བྱིས་པའི་སྣང་བ་བཞིན་ཏུ་ཡུལ་སྣང་སྒོ་ལྔའི་རྣམ་ཤེས་ཡུལ་ལ་མ་མཆེད་པས་བུམ་སོགས་ཡུལ་ལ་འཛིན་པའི་སྤུ་རིས་ཀྱི་བྱེ་བྲག་མི་ཕྱེད་པས་འདི་ཡིན་འདི་མིན་གྱི་སྟངས་མ་ཕྱེད་པ་ཡིན། ཀློང་ཆེན་པས། མི་ཞིག་དཀའ་བའི་ཤུགས་ཀྱིས་རྟོག་པ་རྒྱུན་འགགས་པ་ཀུན་གཞི་ཡིན་གསུངས། ཐ་མལ་བ་རྣམས་དཀའ་བའི་ཤུགས་དང་། འཇིགས་སྣང་དང་། དྲན་བརྗོད་ཀྱི་དུས་སུ་ཀུན་གཞི་དེ་ཉིད་རྐྱེན་གྱིས་བསྐྱེད་ནི་རེད། རྣལ་འབྱོར་པས་སྒོམ་སྟོབས་ཀྱིས་བསྐྱེད་ནི་རེད། ལྷག་མཐོང་དང་འོད་གསལ་རིག་པའི་རྒྱལ་པོ་སྙིང་དབུས་སུ་སད་པའི་ཚེ་དེ་མིན། གཞན་དུ་ཆོས་ཐམས་ཅད་བདེན་སྟོང་གི་ཤེས་རབ་དང་འགྱུ་ཆ་ལ་གྲོལ་ཆ་ཡོད་པ་སོགས་ལྷག་མཐོང་ལ་རྣམ་གྲངས་མང་གསུངས། ཅི་ལ་གནས་དང་ཏིང་ངེ་འཛིན་སྐྱོན་མེད་པ་བདག་མེད་གཉིས་རྟོགས་ཀྱི་སྟོང་ཉིད་དང་། རྫོགས་ཆེན་པས། འོད་གསལ་གྱི་ངང་ལ་གནས་པ་སོགས་ཅི་ཡང་མེད་པས་སོ།། དབང་ཤེས་ནང་ནས་མིག་ཤེས་ལ་ཡིད་ཤེས་ཀྱི་གྲོགས་བྱས་ནས་ནམ་མཁའ་ལ་གཏད་པས་ཕྱིའི་ནམ་མཁའ་དང་འདྲེས་པའི་ཉམས་འཆར་གསུངས། དེ་ཡང་རིག་པའི་ངང་བསྐྱངས་ཀྱང་སྒོམ་ཐུན་རིང་ན་རིག་པའི་ས་ཕུད་ནས་མིག་ཤེས་ལ་ཞེན་ཏེ་ནམ་མཁའ་དང་འདྲེས་པའི་ཉམས་འཆར་རྟགས་ནི། རི་མཐོན་པོའི་རྩེ་དང་ནམ་མཁའ་དྭངས་པ་དང་ཁང་པའི་སྒོ་དང་སྐར་ཁུང་ཕྱེ་བའི་དུས་སུ་སྔར་བས་ཀྱང་དྭངས་གསལ་གྱི་རྣམ་པ་འཆར་ནི་རེད་གསུངས། མིག་བཙུམ་པ་དང་། གནམ་ངོ་འཁྲུགས་པ་དང་། མུན་རུབ་ཀྱི་དུས་དང་། སྒོ་དང་སྐར་ཁུང་བཅད་དུས་འཐིབ་ཆ་བྱུང་བ་ནི་མིག་ཤེས་ལ་གོལ་བའི་འབྲས་རྟགས་ཡིན། སྟོང་གསུམ་མུན་པར་འཁྲུགས་ཀྱང་ང་མི་འཐིབ། །སྟོང་གསུམ་མེ་ལྟར་འབར་ཀྱང་ང་མི་འཚིག །ཅེས་གསུངས་པའི་དོན་ནི། རྨི་ལམ་དང་བར་དོའི་འོད་གསལ་སོགས་གང་དུ་ཟང་ཐལ་དུ་ཤར་བ་ཡིན་ཏེ། དེ་འདྲའི་ཡུལ་རྐྱེན་འཇིགས་སྐྲག་སོགས་ཀྱིས་གོས་པའི་གཡོ་བ་མེད་གསུངས། གེགས་སེལ་ནི། རི་མཐོན་པོའི་རྩེ་དང་། མིག་བཙུམ་པ་དང་། སྔོན་དུ་གྱང་ལོག་གིས་བཅད་ནས་བསྒོམ་དགོས་གསུངས། །ཡིད་ཤེས་ནི། དབང་ཤེས་མངོན་སུམ་ལ་མ་བརྟེན་པར། །ཡིད་ཤེས་རྗེས་དཔག་འབྱུང་བ་མི་སྲིད་དོ། །ཞེས་གསུངས། དབང་ཡུལ་ཤེས་གསུམ་འཕྲད་དུས་དབང་ཤེས་ཀྱིས་མངོན་སུམ་རེད། ཡིད་ཤེས་ཀྱི་ཡུལ་རྗེས་དཔག་ཡིན་པས་ཡིད་ཤེས་ཀྱི་ཡུལ་རྣམས་རང་གི་མངོན་སུམ་ཡིན་སྣང་ཤར་ཀྱང་མངོན་སུམ་མ་རེད། རྗེས་དཔག་རེད། རྗེས་དཔག་གི་ཡུལ་ཤེས་ནི་དེ་ཤེས་རྒྱུད་གཅིག་ཡིན་ནི་གི་ཡིན་གསུངས། ཡིད་ཤེས་ཀྱི་ཉམས་བདེ་གསལ་མི་རྟོག་གསུམ་དང་། དེ་གསུམ་གང་ཡང་ཤན་མ་ཕྱེད་པས་སྟོང་ཧད་ཧད་པོ་དང་བཞི་པོ་འདི་ཡིད་ཀྱི་ཡུལ་དུ་མྱོང་བྱ་ཡིན། མྱོང་བྱེད་དེ་རྣམས་འཛིན་མཁན་གྱི་ཡུལ་ཅན་ཡིད་ཤེས་ཡིན་གསུངས། ཉོན་ཡིད་ནི། ཉམས་རྣམས་གང་རུང་ལ་ཆགས་ཤིང་ཞེན་པས་འབྲལ་མི་ཕོད་པ་ལྟ་བུ་འདོད་ཆགས། རྩུབ་ཉམས་དང་ཡིད་མི་བདེ་བ་སོགས་བྱུང་ན་དེ་འདོར་བའི་རྣམ་པས་མནར་སེམས་ཅན་ཞེ་སྡང་། འདོར་ལེན་གྱི་རྣམ་པ་མིན་པའི་བར་མའི་རྣམ་པར་རྟོག་པ་གཏི་མུག །དེ་ལྟ་བུའི་ཀུན་གཞི་ལུང་མ་བསྟན་དང་། སྒོ་ལྔའི་རྣམ་ཤེས། མིག་ཤེས་ཤས་ཆེ་བའི་མིག་ཤེས་དང་། ཡིད་བདེ་གསལ་མི་རྟོག་གསུམ་དང་། དེ་གསུམ་ཤན་མ་ཕྱེད་པས་སྟོང་ཧད་ཧད་པོ་དང་བཞི་པོ་འདི་གོལ་ས་ཆེན་པོ་གསུམ་ཡིན་ཏེ། རང་གི་ཉམས་ལེན་དང་གོལ་ས་དེ་རྣམས་ནོར་མི་ནོར་བརྟགས་དཔྱད་ལེགས་པར་ཤིན་ཏུ་བྱེད་པ་གལ་ཆེ། རེས་འོད་གསལ་ལ་མཉམ་པར་བཞག་རེས་གོང་གི་གསུམ་པོ་སེམས་ཐོག་ཏུ་བླངས་ཏེ་བསྒོམས་ནས་རེས་མོས་བྱས་ཏེ་བསྒོམས་པས་གོང་གི་གོལ་ས་དེ་རྣམས་དང་འདྲེས་མ་འདྲེས་ཤན་ལེགས་པར་འབྱེད་པ་ཡིན་ནོ་གསུངས། ༈ སེམས་ཅན་གསར་སྐྱེ་ཡོད་མེད་ཅེས། ཐེག་པ་འོག་མ་སྤྱིའི་ཆོས་སྐད་དང་། སྔ་རབས་ཀྱི་བླ་མ་འགའ་ཞིག་རྣམས་ཀྱིས་གསར་སྐྱེས་མེད་པར་བཞེད། རང་ལུགས་ལ་ཡོད་དེ་སྤྱི་གཞི་ཐོག་མའི་ཀློང་དང་འཆར་ལུགས་དྲུག་ཡན་ཆོད་ལ་སེམས་ཀྱི་མིང་མ་གྲུབ་པས་སོ། །རང་ངོ་ལ་རིག་མ་རིག་གི་ཐ་སྙད་ལས་འདས་པའི་ཕྱིར་རོ། །འཛིན་ལུགས་ལ་རིག་གདངས་ཤར་བ་དེ་ཉིད་ངོ་མ་ཤེས་པས་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་སོགས་སེམས་ལ་གཉིས་འཛིན་སྐྱེས་པས་སེམས་ཅན་རེད། ཡུལ་ཡུལ་ཅན་གཉིས་པོ་གློ་བུར་བྱུང་། གོང་གི་འཆར་གཞི་ལས་མ་བྱུང་། ཕྱིས་འཛིན་པ་ལས་བྱུང་བས་གསར་སྐྱེས་སོ། །དགེའོ།། བཀྲ་ཤིས།། །།


previousགོལ་ས་གསུམ་སོགས་བཤད་པ།next